དེ་སྔའི་ཨ་མདོ་སྟོད་མའི་མི་དྲག་མགར་བའི་དབང་རྣམ་(དམག་སྤྱི་དབང་རྣམ་ཡང་ཟེར་)བའི་ལོ་རྒྱུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» མགར་གྱི་མི་སྣ། »དེ་སྔའི་ཨ་མདོ་སྟོད་མའི་མི་དྲག་མགར་བའི་དབང་རྣམ་(དམག་སྤྱི་དབང་
དེ་སྔའི་ཨ་མདོ་སྟོད་མའི་མི་དྲག་མགར་བའི་དབང་རྣམ་(དམག་སྤྱི་དབང་རྣམ་ཡང་ཟེར་)བའི་ལོ་རྒྱུས།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/8ལྟ་ཀློག (108383)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

             བགྲེས་པོ་རང་གིས་བཤད་ནས་གཞན་ལ་ཡི་གེ་འབྲི་རོགས་ཞུས་པ།
     ང་ནི་༡༩༡༦ལོར་སྤྱིར་བཏང་གི་འབྲོག་དུད་གཅིག་ནང་སྐྱེས་པ་དང་ཕ་མ་གཉིས་ནི་འབྲོག་ལས་ཁོ་ན་བྱེད་མཁན་ཞིག་རེད། ང་ལོ་ཆུང་དུས་ནས་རྟ་དང་མེ་མདའ་ལ་ཧ་ཅང་དགའ་པོ་ཡོད། དེ་སྔོན་སྤྱི་ཚོགས་རྙིང་པའི་ནང་ན་ཚོད་ལོན་རྗེས། ངས་མི་ཚེའི་སྟོད་ཆར། དགྲ་ཇག་དང་འཐབ་འཁྲུག་མི་ཉུང་པ་ཞིག་བྱས་མྱོང་། ངས་རྒྱུན་དུ་རང་ལ་མཐོང་ཆུང་དང་། གཉའ་གནོན་བྱེད་མཁན་ཞིག་ཡིན་ཕྱིན་མི་དྲག་གཞན་སུ་འདྲ་ཞིག་ཡིན་རུང་ཁ་གཏད་འཇལ་ཏེ་དེ་ལན་དེ་འཇལ་བྱེད་དགོས་པ་ལས་ཕམ་ཁུར་དང་།མགོ་སྒུར་རྩ་བ་ནས་མི་བྱེད་དགོས་སྙམ་གྱི་ཡོད། ང་ལོ་བཅུ་གསུམ་ཙམ་ལ་སླེབས་སྐབས་ལུག་འཚོ་བར་འགྲོ་ཡི་ཡོད། ཉིན་གཅིག་ངས་ལུག་འཚོ་བཞིན་ཨ་ཅག་འཚེར་མ་ཟེར་པ་བརྐོས་ནས་ཆུ་ལ་བཀྲུ་བཞིན་བསྡད་ཡོད་པའི་ཚེ་དགའ་ཟེར་པའི་དུད་ཅིག་ཡོད་པ་དེ་ཚང་གི་ནོར་ངའི་ཐག་ཉེ་ནས་ས་ཆ་གཞན་ལ་ཤར་སོང་དེ་རྗེས་ཚེ་དགའ་ཁོ་རང་ནོར་རྗེས་ལ་ཡོང་ནས་ང་ལ་ང་ཚོའི་ནོར་འདི་ནས་ཕྱིན་སོང་ངམ་ཞེས་དྲིས་བྱུང་པས་ནོར་མཐོང་བྱུང་ལབ་པས་ཁོ་པས་ང་ཚོས་ནོར་འདི་ནས་འགྲོ་བ་ཁྱོད་ཀྱིས་མཐོང་བཞིན་འགོག་ཐབས་མི་བྱེད་པ་མི་འདི་ལ་ཡོད་ཟེར་ནས་ངས་མགོ་ནས་མནན་ཙམ་མནན་ཙམ་བྱས་བྱུང་། ངས་ཁོ་པར་འཛིང་དགོས་བསམ་སྟེ་ཁོ་པ་ནོར་རྗེ་ལ་འགྲོ་རྩིས་ཀྱི་ཁ་ཕྱིར་སྐོར་ནས་ཕྱིན་པ་དང་བསྟུན་སྟེ་འུར་རྡོ་རྒྱབ་པ་ཡིན་ཁོ་པས་དེ་མ་ཐག་ང་ལ་རྡོ་ཞུས་པའི་མ་ཚད་གྲི་ཁྱེར་ཏེ་རྒྱུག་བྱུང་པས་ངས་ཡང་འུར་རྡོ་ཅིག་རྒྱབ་པ་ཁོ་ཡི་རྐང་པ་ཐེབས་ནས་འགྱེལ་སོང་བས་ངས་ལམ་སང་ཁོ་བསད་ནས་ཆུ་ལ་དབྱུགས་དགོས་བསམ་བྱུང་ཡང་དེར་ཆུ་གཏིང་ཟབ་པ་མེད་པའི་ཁོ་པ་བསད་ན་མིས་མཐོང་ཡོང་བསམ་ནས་རང་སར་བཞག་པ་ཡིན།
      ཉིན་ཞག་ང་ལུག་འཚོ་བཞིན་ཡོད་པའི་ཨ་དར་ཟེར་བའི་མི་ཞིག་ཡོད་པ་དེའི་བུ་ཡང་ཕྱུག་འཚོ་བར་ཡོང་བ་ཕྲད་བྱུང་ཨ་དར་ཟེར་བ་དེ་དང་ང་ཚོའི་དབར་སྔོན་མ་རྩོད་འཛིང་བྱུང་མྱོང་པས་ཕན་ཚུན་འཁོན་འཛིན་ཡོད་པར་བརྟེན་ངའི་བསམ་པར་ང་ལོ་ན་ཆུང་པས་ཕ་རྒན་བསོད་མི་ཐུབ་རུང་ཕྲུ་གུ་འདི་གསོད་དགོས་སྙམ་ང་གཉིས་འུར་རྡོ་རྒྱག་རེས་བྱས་པ་ཡིན་ཨ་དར་ཕྲུ་གུས་ང་ལ་འུར་རྡོ་རྒྱབ་པ་ངའི་ལུས་པོར་ཕོག་ནས་ང་ཉིན་ཤས་རིང་ན་གཟེར་ཆེ་ཙམ་བྱུང་།  ཡང་ཉིན་ཞག་ཨ་དར་གྱི་བུ་དེའི་ལུག་རྣམས་རི་ལ་འཚོ་བར་འགྲོ་གི་ཡོད་པ་ངས་མཐོང་བྱུང་པས་ངས་དེ་རིང་ཁོ་པའི་རྗེས་སུ་ཕྱིན་ནས་ལན་ཞིག་སློག་དགོས་སྙམ་སྟེ་འཇབ་ནས་སོང་པ་ཡིན་ག་ལེར་ལྟ་ད་ཁོ་པས་རི་དུམ་ཞིག་ལ་གུར་གཅིག་བཟོས་པ་དང་ས་ལས་བཟོས་པའི་ནོར་ཁ་ཤས་དང་འདམ་གྱི་བུད་མེད་གཅིག་བཟོས་ནས་དེ་ཁོ་པའི་བག་མ་ཡིན་ཁུལ་གྱི་རྩེ་མོ་རྩེ་བཞིན་འདུག ངས་རྡོ་གཉིས་ལག་ཏུ་བཟུང་ནས་ཁོ་རེ་ད་ཁྱོད་གསོད་ཀྱི་ཡིན་བཤད་དེ་རྡོ་གཅིག་འཕང་བ་ཁོ་ཡི་འགྲམ་རུས་ཕོག་ནས་ལམ་སང་ཁོ་པ་ས་ལ་འགྱེལ་ནས་དྲན་མེད་དུ་བརྒྱལ་སོང་པས་ངས་ལམ་སང་ཁོ་ཡི་གྲི་དང་གཙོད་རུ་ཚུར་བླངས་ནས་ཁོ་པའི་སྐེད་རག་དེས་ལག་གཉིས་བསྡམས་ནས་གྲི་ས་ལ་བཙུགས་ཏེ་དེར་བཏགས། འུར་ཐག་གིས་རྐང་པ་གཉིས་བསྡམས་ནས་གཙོད་རུ་སར་བཙུགས་ནས་དེར་བཏག་སྟེ་བྲང་ཁ་ཕྱེ་དགོས་སྙམ་ནས་གྲིས་བཅད་ཀྱང་གྲང་ཁ་ཕྱེ་མ་ཤེས་པར་བྲང་སྟོད་ལ་ཁེལ་འདུག་ད་ལྟོ་བར་གྲི་རྒྱག་དགོས་སྙམ་ནས་ཕར་ལྟ་སྐབས་ཁོ་ཡི་ཕ་ཨ་དེར་ཡོང་གི་འདུག་པས་ལམ་སང་ཨ་དར་ལ་ཁྱོད་ཀྱི་བུ་ངས་བསད་ཡོད་ཁྱོ་རང་དེའི་ཤ་ཟོ་ཟེར་བཤད་ཏེ་བྲོས་པ་ཡིན་ཨ་དར་གྱི་ང་རྗེས་འདེད་བཏང་བར་བྲག་གསེབ་ཅིག་ལ་སླེབས་ནས་རྡོ་ཆེན་པོ་ཞིག་འཕང་བ་ཡི་སོག་པར་ཐེབས་ཏེ་ཁོ་པ་ཕྱིར་བྲོས་བྱས་སོང་། 

    ང་ལོ་བཅུ་དྲུག་ལ་སླེབས་སྐབས་ང་ཚོས་སར་ནག་ཤོད་སྟག་ཕྲུག་དཔོན་ཚང་གི་ཚྭ་བ་འབྲང་ཞིག་སླེབས་སོང་དེའི་ཁལ་གཡག་ལ་འཇམ་བུ་(ཁ་ཚ་ཡང་ཟེར་)ཟེར་པའི་ན་ཚ་ཕོག་ཡོད་རྐྱེན་ཀླུ་ཟོག་ཚོ་སྐྱབས་ནས་ཁྱོད་ཚོས་ཁལ་གཡག་ལ་ན་ཚ་ཕོགས་ཡོད་པས་ང་ཚོས་ལྟས་ཀྱི་ཉེ་འདབས་སུ་མི་སྡོད་རོགས་བྱེད་ལབ་པར་ཁོ་པ་ཚོས་ཁོང་ཁྲོ་བཟོས་ནས་ཀླུ་ཟོག་ཚོ་སྐྱབས་ཀྱི་འགོ་ལ་རྡོ་ཞུས་ནས་ཁྲག་དོན་པ་བཟོས་འདུག་པས་དེར་དགྲ་ལན་སྤྲོད་ཆེད། ང་དང་བསྟན་འགོ།  ཨ་བན་སྤུག་རྡིལ་བཅས་མི་གསུམ་མཚན་མོར་འཇབ་རྒྱུ་བྱས་ཀྱང་རྟ་མ་ཐོབ་པས་ཕྱིར་ཉིན་ཁོ་ཚོ་ཉིན་མོར་ཚུག་འབབ་ལོང་མེད་པར་རྒྱུག་ནས་རྟ་བཅུ་སྐོར་ཞིག་དེད་པ་ཡིན། ཁོ་ཚོར་ཡོང་ནས་རྟ་བཟུང་རྩིས་བྱས་ཀྱང་འཛིན་མ་ཐུབ་པར་ང་ཚོས་རྟ་དེད་ནས་འགྲོ་སྐབས།མི་ཞིག་གིས་གྲོང་ཁྱེར་ནས་རྗེས་འདེད་བཏང་བྱུང་།ང་ཚོས་མེ་མདའ་རྒྱབ་རྩིས་བྱས་རུང་མེ་མདའ་འབར་མ་སོང་།འོན་ཀྱང་ཁོ་ཚོ་ཡོང་མ་ནུས་པར་ཕྱིར་ལོག་སོང་།ཉིན་ཤས་སོང་རྗེས་ནག་ཤོད་ཀྱི་སྐྱ་མི་མང་པོ་ཡོང་ནས་རྟ་རྣམས་ཕྱིར་སློག་དགོས་པའི་མ་ཚད་ཆེད་ཡུལ་བཤག་གསུམ་དགོས་ལུགས་ཤོད་ཀྱི་འདུག ངའི་ཕ་རྒན་དང་ཨ་ཉེ་རེ་ཤིས་བཅས་མི་རྒན་པ་ཚོས་ཕྲུ་གུ་འདི་གསུམ་གྱིས་ང་ཚོས་ཁ་ལ་ཉན་པོ་མེད་ལུགས་བཤད་ནས་ང་ཚོར་གཤེ་གཤེ་གཏོང་ཁུལ་བྱས་པ་དང་ང་ཚོས་དགྲ་ལ་གསོད་རེས་བྱེད་པ་ལས་འོས་མེད་ཚུལ་པ་བཤད་པ་ཡིན་ཁོ་ཚོས་རྟ་དེ་ཚོས་སྟག་ཕུ་བླ་བྲང་དང་།སྟག་ཕྲུག་དཔོན་ཚང་གི་ཡིན་ལུགས་ཤད་ཀྱི་འདུག་མཐར་རྟ་རྣམས་ཕྱིར་སློག་དང་སྟག་ཕུ་བླ་བྲང་ལ་ཆེ་མདོན་སྤྱང་ལྤགས་དང་།ཝ་ལྤགས་ཁ་ཤས་སྤྲད་པ་དང་ཚུར་ཀླུ་ཟོག་ཚེ་སྐྱབས་རྡུང་པ་དེར་གཡག་གཅིག་དང་ཕྱུ་བ་གཅིག་སྤྲད། ཡང་ལོ་དེའི་ནང་ང་ཚོའི་རྟ་ནོར་ཚང་མ་དགེ་རྒྱལ་ཇག་པས་དེད་པ་རེད།ང་ཚོས་གུར་འབུམ་པདྨ་གཡུ་རྒྱལ་ལ་དགྲ་ལན་འཕྲོད་ཐབས་ཀྱི་རོགས་ལབ་པའི་གུར་འབུམ་ནས་དགྲ་ལན་ལེན་པར་དེང་སྐབས་འགྲོ་རྒྱུ་མེད་ལུགས་དང་།དབང་རྣམ་ཁྱོད་རང་ལོ་ན་ཉི་ཤུར་སླེབས་སྐབས་འགྲོ་ཆོག་ཟེར་བ་དང་། ཁྱོད་ཚོས་དགྲ་ཡང་དགེ་རྒྱལ་གྱི་བེ་གུ་དབང་ཆེན་མགོན་པོ་ཡོད་པ་ཡིན། རྗེས་སུ་དགྲ་ལན་ལེན་པར་འགྲོ་སྐབས་འདི་ལྟར་བྱེད་དགོས་ཞེས་དམིགས་བསལ་གྱི་བསླབ་བྱ་ཁ་ཤས་བྱས་བྱུང་། ཡང་ལོ་དེར་དགེ་རྒྱལ་ཇག་པས་ང་ཚོའི་ཤོག་ཁའི་མགར་པ་རྒྱན་འཁོར་ཚང་གི་རྟ་ཡང་དེད་འདུག་དེར་རྟེན་ང་ཚོ་མི་བརྒྱད་མེ་མདའ་རང་དབང་བཞི་དང་བོད་མདའ་བཞི་ཁུར་ནས་དགེ་རྒྱལ་གྱི་རྗེས་སུ་ཕྱིན་པ་ཡིན། ཉིན་ཞག་འགའ་ཤས་སོང་རྗེས་ང་ཚོ་དགེ་རྒྱལ་གྱི་ས་ཆ་རྫ་ནག་རེས་སྒང་ཟེར་སར་སླེབས་ཏེ་སོ་ལྟ་བྱེད་སྐབས་དགེ་རྒྱལ་གྱི་སྡེ་དུད་རྣམས་དགྲ་དོགས་བྱས་ཏེ་རུ་བ་བརྒྱ་སྐོར་ཙམ་མཉམ་དུ་བསྡད་འདུག་པ་དེའི་ནུབ་ངོས་ནས་རྟ་ནོར་མང་པོ་དེད་པ་ཞིག་ཀྱང་ཁོ་ཚོའི་སར་སླེབས་སོང་། ང་ཚོས་ཞིབ་ཕྲ་བལྟས་རྗེས་དུད་ཚང་བཅུ་གཅིིག་ཅུང་ཟད་དུ་སྡད་ཡོ་བཟོ་འདུག་པས་ཁོ་ཚོའི་རྟ་རྣམས་དེད་གཏོང་ཟེར་ཤོད་བཞིན་མི་གཅིག་སྡེ་དུད་ཚོའི་ནང་དུ་བྲེལ་འཚབ་བྱས་ཏེ་ཕར་འགྲོ་ཚུར་ཡོང་བྱེད་ཀྱི་འདུག་པ་དེས་ང་ཚོ་མཐོང་ཐོས་བྱུང་ནས་ལན་སྐྱེལ་བ་འདྲ་ཞིག་བྱས་སོང་བ་ང་ཚོས་གསལ་པོར་མ་ཤེས་པར་དེ་ཕྱོགས་ལ་ཤར་རྒྱག་ཕྱིན་པ་ཡིན།ཁོ་པ་ཚོས་ང་ཚོ་ཡོང་བ་ཧ་གོ་ནས་ལམ་དགུག་སྤྲེལ་འདུག་པ་མ་ཚད་མེ་མདའ་ཡང་བརྒྱབ་བྱུང་བས་ངའི་སློག་པར་ཨི་ཁུང་ཕིག་འདུག  ང་ཚོས་ཀྱང་ཕར་མེ་མདའ་བརྒྱབས་ནས་ཁོ་ཚོའི་མི་གཉིས་ཤི་རྨས་བཟོས་རྗེས་ཁོ་ཚོ་ཕྱིར་བྲོས་བྱས་སོང་། ང་ཚོས་(དེ་མུར་ཐེ་ཚོམ་མེད་པར་ཁོ་ཚོའི་རུ་ཐོག་ལ་བབས་ནས་མཚན་གང་རིང་ཕན་ཚུན་གྲི་དང་། མེ་མདའ་ཁྱེར་ནས་འཐབ་རེས་བྱས་མཐར་ང་ཚོའི་ཁོ་ཚོས་ཕྱོགས་ཀྱི་མི་བདུན་བསད་པ་དང་།  ང་ཚོའི་རྟ་གཅིག་ཁོ་ཚོས་བསད་འདུག  དེ་ནས་ང་ཚོས་ཁོ་ཚོའི་ས་ནས་རྟ་ནོར་ལེན་དགོས་བསམ་ཡང་གཅིག་ཀྱང་ཐོབ་མ་བྱུང་པས་ང་ཚོ་ཕྱིར་ལོགས་བྱས་པ་ཡིན། ང་ཚོ་ཕྱིར་ལོག་འགྲོ་བའི་ཕྱི་ཉིན་ལམ་བར་དུ་རྟ་པ་དུམ་ཞིག་ཕྲད་བྱུང་བ་དེ་ནི་དགེ་རྒྱལ་གྱི་རི་དྭགས་རྒྱག་མཁན་རེད་འདུག ཁོ་ཚོར་རྟ་དྲུག་དང་།མེ་མདའ་གཉིས་ཡོད་པ་ཚང་མ་ང་ཚོས་འཕྲོག་ནས་མི་ལ་ཉེས་རྡུང་ཆེར་མ་བྱས་པ་བཏང་བ་ཡིན།  ང་ཚོ་ཤར་རེ་ནང་ལ་ལོག་ནས་ནང་དུ་སླེབས་སྐབས་ཡང་ང་ཚོས་ཁྱིམ་གྱི་རྟ་ནོར་ཡོངས་རྫོགས་དགེ་རྒྱལ་ཇག་པས་འདེད་ཚར་འདུག་པས་ངས་ངེས་པར་དུ་ཡང་དགེ་རྒྱལ་ལ་དགྲ་ལན་ཐེངས་གཅིག་སློག་རྒྱུའི་སེམས་ཐག་བཅད་པ་ཡིན།  དེ་མུར་ལོ་གཉིས་ཙམ་འགྲོ་སྐབས་ངས་ད་དགྲ་ལན་སྤྲོད་བྱེད་ཀྱི་མེ་མདའ་དྲག་པ་ཞིག་ཉོ་དགོས་འདུག་སྙམ། ཚ་སྤྲུལ་ཕྱག་མཛོད་ཟེར་པའི་ཚོང་པ་ཞིག་ཡོད་པ་དེའི་ས་ནས་ནོར་སུམ་བཅུ་སྤྲད་དེ་མེ་མདའ་རི་སྤིན་མདེའུ་བརྒྱ་ཐམ་པ་ཡོད་པ་ཞིག་ཉོས། དེ་རྗེས་ངས་ད་རང་ཉིད་ལ་རྟ་དང་མེ་མདའ་ནི་ཡོད་ཕྲལ་དུ་དགྲ་ལན་ལེན་པར་འགྲོ་དགོས་བསམས་ནས་རུ་བ་བྱང་སྐྱོད་བྱས་ཏེ་ཉེ་འབྲེལ་ཚོ་ལ་ཡང་ང་རྟ་ཇག་ཅིག་འགྲོ་རྩིས་ཡོད་ལབ། ཉེ་འབྲེལ་ཚོས་རྟ་ཇག་ལ་འགྲོ་རྒྱུ་མེས་ལུགས་མང་པོ་ཤོད་ཀྱི་འདུག་ངས་འོ་ན་རི་དྭགས་རྔོན་པར་འགྲོ་རྒྱུ་ཡིན་བཤད་ནས་བསྟན་འགོ་དམང་རས་དང་ཨ་བན་སྤུག་སྡིས་སོགས་ལ་ལྐོག་གྲོས་བཤམ་ནས་རི་དྭགས་རྔོན་པར་འགྲོ་གི་ཡིན་ཟེར་ཁལ་གཡག་ཉི་ཤུ་དེད་ནས་ཐོན་རྩིས་བྱེད་སྐབས།   ཡང་ཉེ་འབྲེལ་ཚོས་ས་ཐག་རིང་སར་མ་འགྲོ་དགྲ་དགོས་ཡོང་ཉེས་དེ་ལས་ཐག་ཉེ་རི་དྭགས་རྔོན་ན་ཡག་ཟེར་ང་ཚོས་དེ་རང་བྱེད་ཟེར་ཕྱིན་སྟེ། ཐག་ཉེ་རིང་ནས་རྐྱང་བརྒྱ་བསད་མི་གཅིག་ཕྱིར་སློག་པ་དེའི་གདོང་ལ་རྐྱང་ཤ་དང་། ཁལ་གཡག་ཕྱིར་སློག་བྱས་ཏེ་ང་ཚོ་མི་གསུམ་དགེ་རྒྱལ་རྟ་ཇག་སོང་ཡིན།   

    ང་ཚོས་སྔོན་མ་གུར་འབུམ་པདྨ་གཡུ་རྒྱལ་གྱིི་བསླབ་བྱ་ལྟར་ཁོ་རང་བྱེས་ལ་འགྲོ་དུས་རང་ཡུལ་ལ་སྟག་འདྲ་བ་ཡོད་རུང་།   མི་ཡུལ་ལ་ཝ་འདྲ་བ་བྱས་ནས་འགྲོ་དགོས་བཞིན་མཚན་མོ་གཉིད་མི་ཉལ་པར་སོ་རེས་སྐོར་ང་དང་ཉིན་མོར་ག་ལེར་ཕྱིན་ནས་རྟ་རྣམས་ངལ་གསོ་ཡོང་བ་བྱེད་པ་དགྲ་ཟོག་བྱ་ར་ལྟ་བ།  ས་དཔྱད་ལ་ལྟ་བ། རི་དྭགས་ཀྱི་དལ་བྲེལ་ལ་ལྟ་བ་བཅས་བྱས་པ་དང་།  ང་ཚོས་དགྲ་རྒྱན་སྐབས་མི་ཆེ་གསོད་ཆུང་གསོད་མ་ཡིན་པ་རྟ་ནོར་འདེད་གང་ཐུབ་བྱེད་དགོས་པ་དང་གལ་ཏེ་ང་ཚོར་ཇག་ཐོབ་པ་ཡིན་ན་རྗེས་འཛོལ་ཡོང་ཆེད་དེ་བས་དོགས་ཟོན་བྱེད་དགོས་པ་བཅས་བྱེད་དགོས་རྒྱུའི་གྲོས་བྱས་པ་ཡིན་དེ་ནུབ་ང་ཚོས་དགེ་རྒྱལ་གྱི་ས་ལ་སླེབས་སོང་བས་ང་ཚོའི་རི་མགོ་ནས་སོ་སྟ་བྱས་པ་ཡིན།  དགེ་རྒྱལ་གྱི་སྡེ་དུད་ཚོ་ནི་རུ་སྤོམས་བྱས་ནས་དགྲ་ཟོག་བྱེད་བཞིན་འདུག་དེའི་མཚན་མོར་ང་ཚོས་རྟ་ཁ་ཤས་ཐོབ་ན་སྙམ་ནས་འགྲོ་སྐབས་རྟ་ཚང་མ་རྭ་པའི་ནང་དུ་བཅུགས་ཡོད་པ་དང་། ཕྱི་རྒྱུག་པའི་རྟ་གཅིག་ཀྱང་མ་ཐོབ་པར་ཕྱིར་འཐོན་བྱས་པ་ཡིན་དེ་ནས་ང་ཚོས་བྲོ་ཆས་མང་པོ་མེད་པས་ཐག་རིང་ཙམ་ཕྱིར་འཐེན་བྱས་ནས་རི་དྭགས་འདྲ་གསོད་དགོས་པ་དང་། རྟ་རྣམས་ཡང་ངལ་གསོ་རྒྱག་དགོས་པ་འདུག་བཤད་ནས་དེ་ལྟར་ཉིན་ཤས་བསྡད་པ་ཡིན། 

    དེ་ནས་ང་ཚོས་ནོར་ཏོག་ཙམ་ཐོབ་པ་བྱེད་ཟེར་ནས་འགྲོ་སྐབས་རྒྱང་རིང་ནས་ནོར་ཉིས་བརྒྱ་ཙམ་ཞིག་མཐོང་རྒྱུ་འདུག་པ་དེའི་ཕྱེད་ཙམ་འདེད་འགྲོ་ལབ་ནས་སྐྱོད་སྐབས་ཐག་ཉེ་སར་སླེབས་སོང་པས་ངས་ད་བསྟན་རྒོད་དམར་རས་ཁྱོད་རང་རྟ་བཟུང་ནས་སྡོད་ང་གཉིས་ཀྱིས་ནོར་འདེད་ཡོང་ཟེར་ནས་སྐྱོད་སྐབས་དེར་མི་ཚང་ལྔ་ཙམ་སྐྱ་སྤོས་བྱས་ཡོང་པ་སླེབས་ཚར་ཙམ་རེད་འདུག་ང་གཉིས་ཀྱི་དེར་དགྲ་རྒྱག་སྐབས་རྟ་བཅུ་གཅིག་མེ་མདའ་རྒྱབ་རྐྱེན་ནུབ་ངོས་ལ་འདྲོགས་སོང་པའི་ང་གཉིས་དེར་རྒྱུག་ནས་དེ་རྣམས་དེད་པ་ཡིན་འོན་ཀྱང་ཁོ་ཚོས་སྔོན་ནས་དགྲ་ཟོག་བྱེད་བཞིན་ཡོད་གཤིས་ནོར་ཡོད་པའི་ཕྱོགས་ནས་རྟ་དམག་མང་པོ་རྒྱུག་ཡོང་བ་དང་རུ་ཐོག་ནས་ཀྱང་རྟ་པ་གཉིས་རྒྱུག་ཡོང་གི་འདུག་ང་གཉིས་སྒང་གཉིས་ཙམ་བརྒལ་ཡང་ད་དུང་ཁོ་ཚོས་རྗེས་འདེད་གཏོང་གི་འདུག་པས་ངས་ཕྱིར་སྒུག་བྱས་ཏེ་མེ་མདའ་ཁ་ཤས་རྒྱབ་པས་ད་གིན་རུ་ཐོག་ནས་ཡོང་མཁན་རྟ་པ་གཉིས་སྔོན་ལ་ཡོང་གི་ཡོད་པ་དེའི་རྟ་འགྲོ་རྒྱུ་མེད་པ་བྱས་པ་དང་མི་གཅིག་ཀྱང་བསད་བཟོ་ཡོད།   ཡང་ས་མ་རུབ་ཙམ་ལ་རྟ་པ་གསུམ་གྱི་ང་ཚོ་གསུམ་གྱི་རྗེས་ཟིན་གྲབས་འདུག་པ་དེར་ང་ཚོས་མེ་མདའ་ཁ་ཤས་རྒྱབ་རྗེས་ས་རུབ་སོང་བའི་ང་ཚོ་མུ་མཐུད་ཕྱིན་པ་དང་། རྗེས་ལ་ཡོང་མཁན་ཚོ་ཡང་མཐོང་རྒྱུ་མི་འདུག་ང་ཚོ་མཚན་གང་ཕྱིན་པ་དང་། རྗེས་ལ་ཡོང་མཁན་ཚོ་ཡང་མཐོང་རྒྱུ་མི་འདུག་ང་ཚོ་མཚན་གང་ཕྱིན་ཏེ་ནམ་ལང་སྐབས་གཙང་རྒྱུད་ཀྱི་འབྲོག་སྡེ་མང་པོ་ཡོད་ས་ཞིག་ཏུ་སླེབས་འདུག་པས་རྟ་རྣམ་བཟུང་ནས་མཐོན་རྒྱུ་མེད་པ་བྱས་ཏེ་ཉིན་གང་སྡད།  ས་རུབ་འཚམས་མཚན་གང་ཕྱིན།  ) ནམ་ལངས་ཡོང་དུས་འགྲུལ་པ་ཁ་ཤས་ཡར་མར་འགྲོ་བ་ལས་གཞན་གང་ཡང་མི་འདུག་པས་དེའི་ཉིན་དེར་སྡད་ནས་ཡང་མཚན་གང་ཕྱིན་ནས་ནམ་ལངས་སྐབས་ས་སྟོང་ཞིག་ཏུ་སླེབས་འདུག་པའི་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག་སྐབས་དེར་ང་ཚོ་ཟ་མ་རྫོགས་པ་དང་།ངལ་པ་ཆེ་ཙམ་བྱུང་ཡོད་པས་མ་ཤི་ཙམ་ལ་སླེབས་འདུག་པས་རྒོ་བ་ཞིག་བསད་ནས་དེར་བསྡད། དེ་ནས་ཨ་མདོའི་ས་མཚམས་མ་སླེབས་ནས་ཤར་ནུབ་ཚང་མ་མཐོང་ས་ཞིག་ལ་ཉིན་བདུན་བསྡད་ནས་འབྲོང་བསད་པ་དང་།  མི་རྟ་རྣམས་ངལ་གསོ་བྱས་དེ་ནས་ང་ཚོ་ནང་ལ་སླེབས་སྐབས་ནང་མི་ཉེ་འབྲེལ་ཚོས་ཁྱོད་ཚོ་སླེབས་འདུག་ཟེར་ཤི་གསོན་ཕྲད་པ་ལྟར་གྱི་དགའ་བོ་བྱེད་ཀྱི་འདུག   དེ་ནས་ཟླ་བ་གཅིག་ཙམ་སོང་རྗེས་ངའི་བསམ་པར་ད་ཡང་དགེ་རྒྱལ་གྱི་སར་རྟ་ཇག་ཅིག་རྒྱག་པར་ཕྱིན་ན་ས་རྒྱུས་ལོན་ཡོད་པས་ཡག་པོ་ཡོང་གི་རེད་སྙམ་ནས་ཡང་བསྟན་འགོ་དམར་རས་དང་། ཨ་བན་སྤུག་སྡིས་གཉིས་ལ་གྲོས་བྱས་ཏེ་ང་ཚོ་གསུམ་ཕྱིན་པ་ཡིན་ང་ཚོ་ཞག་བཅུ་གཅིག་གི་མཚམས་ལ་དགེ་རྒྱལ་གྱི་ས་རི་སྒོ་བ་གཡུ་མདུང་ཟེར་སར་སླེབས་སྐབས་རི་རྩེ་ནས་སོ་ལྟ་བྱས་བས་འབྲོག་སྡེ་མང་པོ་བསྡད་ཡོད་པ་རྣམས་ཁ་བཀྲམ་སྟེ་བསྡད་འདུག་པས་ང་ཚོས་ད་ལས་སླ་མོ་རེད་སྡེ་རྣམས་ཁ་བཀྲམས་བསྡད་འདུག་བཤད་མུས་ལ་ནུབ་ཕྱོགས་ནས་སྤྲིན་ནག་ཅིག་ལང་སྟེ་སེར་བ་དང་གངས་ཤུགས་ཆེ་བབས་སོང་ང་ཚོས་སྐབས་དེ་དང་བསྟུན་ནས་སྡེ་དཀྱིལ་ལ་རྒྱུག་པ་དང་རྟ་དུམ་ཚོ་གཅིག་ང་ཚོས་ཕྱོགས་ལ་ཡོང་གི་འདུག་པ་དེ་དེད་ནས་མགྱོགས་པོར་བྲོས་ཕྱིན་པ་ཡིན།  དེ་ཉིན་གངས་སེར་ཡུན་རིང་བབས་པའི་རྐྱེན་གྱིས་ཁོ་ཚོས་ང་ཚོ་མཐོང་མ་སོང་བས་ང་ཚོ་ཉིན་མཚན་མགོ་སྒྲིལ་བྱས་ནས་ལོག་ཡོང་བའི་ཡར་ལམ་ཞག་པོ་བདུན་ཐོག་ནང་ལ་སླེབས་བྱུང་སྐབས་དེར་ང་ཚོ་ལ་རྟ་དགུ་ཐོབ་བྱུང་།  

    ང་ལོ་བཅུ་བདུན་ལ་སླེབས་སྐབས་དེར་ལོ་དེའི་དབྱར་ཁར་དེ་སྔོན་ཨ་མདོ་སྟོད་མར་མགོ་བཏགས་བྱས་ནས་ཨམ་སྟོད་ཤོག་ཁོངས་སུ་བསྡད་ཡོད་པའི་དགེ་རྒྱས་ཤོག་ཁའི་ཇག་པ་ས་འགོ་རུང་ཚང་ཟེར་བའི་མི་ཚང་ཞིག་ཡོད་པ་དེ་ཁོ་པ་ཕ་ཡུལ་དུ་ནང་འཁྲུག་བྱས་ནས་མ་འཆམ་པར་ཨ་མདོར་སླེབས་རྗེས་ལོ་ཤས་རིང་ཁོ་པས་ཚུལ་མཐུན་ཡིན་བཟོ་བྱས་ཏེ་བསྡད་པ་དང་།  དེ་ནས་ཡང་ཁོ་བྲོས་རྩིས་ཀྱི་ཨ་མདོའི་ནང་ཚ་སྤྲུལ་ཚང་ཟེར་པའི་ཚོང་པ་ཞིག་ཡོད་པ་དེའི་སར་ནས་རྗེས་སུ་རིན་འབབ་སྤྲད་ཡོད་ཟེར་ཅ་དངོས་གང་འཚམ་ཁྱེར་ནས་རང་འཚམ་གྱིས་ནག་ཆུར་ཚོང་རྒྱག་པར་འགྲོ་རྒྱུར་ཁ་གཡར་ཏེ་ཕྱིན་པ་ཨམ་སྟོད་དཔོན་སྐལ་བཟང་དགྲ་འདུལ་ནས་ཧ་གོ་རྗེས་འགོ་རུང་ཁོ་པས་ཚ་སྤྲུལ་ཚོང་པའི་སར་ནས་ཅ་དངོས་ཁ་བསླུ་ཁྱེར་པ་དང་།   ཁོ་པ་ཨམ་སྟོད་ཀྱི་སྡེ་ཁོངས་སུ་གཏོགས་པ་ཞིག་ཡིན་པས་རང་གར་གཏོང་རྒྱུ་ཡོད་པ་མ་རེད་བཤད་ནས་སེར་ཤུལ་ཉི་མ་དང་།   ལྷ་པ་ཕྲ་རིལ་གཙོ་རྟ་པ་བཞི་འགུག་པར་བཏང་པའི་ཁོ་པ་རྗེས་ཟིན་མཚམས་ཁོ་པས་ཁྱོད་ཚོ་སླེབས་པ་ཡག་པོ་རེད་ང་བྲོས་རྩིས་མེད་ཟེར་བ་སོགས་སྐད་ཆ་འདྲ་ཆགས་མང་པོ་བཤད་པ་དང་།  ཁོ་ཚོར་སྣེ་ལེན་གང་ཡག་བྱས་ཏེ་ང་ལམ་སང་ཁྱོད་ཚོ་མཉམ་དུ་ལོག་རྒྱུ་ཡིན་ལུགས་བཤད་ནས་ཁོ་ཚོ་མཉམ་དུ་ཕྱིར་ལོག་བྱས་པའི་ཉིན་གཉིས་པའི་མཚན་མོར་ནམ་སྟོད་ཁོ་པས་ལྷ་བ་ཕྲ་རིས་ལ་ལྷ་འབེབ་དགོས་ཟེར་བསྡད་པ་དང་།  མཚན་དཀྱིལ་ཁོ་ཚོ་བཞི་པོ་སྣང་མེད་ལ་གཉིད་ཉལ་པའི་སྐབས་དང་སྟུན་ནས་ས་འགོ་རུང་ཕ་བུ་མི་ལྔའི་མཉམ་རུབ་ཀྱི་ཁོ་ཚོ་བཞི་དམར་གསོད་བཏང་ནས་དེ་ཚོས་མེ་མདའ་དང་ཅ་དངོས་གང་ཡོད་ཁྱེར་ནས་ཁོ་པ་ནུབ་ཕྱོགས་སུ་བྲོས་པ་རེད་གནས་ཚུལ་དེ་ས་གནས་དེ་གའི་མང་ཚོགས་ཀྱི་ཧ་གོ་རྗེས་ཕྲལ་དུ་ནག་ཆུ་རྫོང་དང་།  སྐབས་དེར་ནག་ཆུར་བསྡད་ཡོད་པའི་ཨམ་སྟོད་དཔོན་པོ་སུག་བཅས་ལ་སྙན་སེང་ཞུས་རྗེས་ནག་ཆུ་རྫོང་གིས་ཕྲལ་དུ་ཨམ་སྟོད་དཔོན་པོ་སུག་གཙོས་མི་བརྒྱད་དང་རྫོང་གི་སྐུ་ཚབ་གཉིས་བཅས་རྟ་པ་བཅུ་ས་འགོ་རུང་གི་རྗེས་ཟིན་སྟེ་ཕན་ཚུན་མེ་མདའ་ཁ་ཤས་རྒྱབ་རྗེས་ས་འགོ་རུང་མི་རྟ་ཚང་མ་བྲོས་ཤོར་པའི་བྱ་ཐབས་མ་བྱུང་པར་ཕྱིར་ལོག་རྗེས་ནག་ཆུ་རྫོང་གི་ས་འགོས་རུང་བྱས་ཏེ་ཚབ་ཆེན་ཡིན་པས་དེ་མུར་འཇོག་རྒྱུ་མེད་པ་དང་། ཁོ་པར་རྗེས་འདེད་བཏང་ནས་གསོད་བཟུང་གང་བདེ་བྱེད་རྒྱུའི་ལས་འགན་ཨམ་སྟོད་ནས་འཁུར་དགོས་རྒྱུའི་བཀའ་ཕབས་གསལ་ལྟར་དཔོན་པོ་སུག་ནག་ཆུ་ནས་ཕྱིར་ལོག་བྱས་རྗེས་དཔོན་སྐལ་རྒྱམ་ཁོ་གཉིས་བྲོས་བྱས་ཏེ་ཨམ་སྟོད་ཤར་གླིང་ནས་གུར་འབུམ་འཁོར་མོ་དང་། བར་གླིང་ནས་མགར་པ་འབྲུག་སྐྱབས་གཉིས་དམིགས་འཛུགས་བྱས་པ་དང་།ཁོ་གཉིས་ཀྱི་རོགས་པར་བར་གླིང་ནས་ང་དང་།  ཕུན་ཚོགས་རྡོ་རྗེ།  རྫ་ཉག་གསོད་གཡུ།  སྦོད་རུ་ནོར་མོ་བཅས་མི་བདུན་དང་ཤར་གླིང་ནས།  དོན་རྣམ་དང་བེ་རི་སྐར་མ། སེར་ཤུལ་འགོ་གཡག་བཅས་མི་བདུན་དང་།  གོང་གསལ་ཁོང་གཉིས་ཚུར་རྒྱབ་པའི་ཁྱོན་ང་ཚོ་མི་བཅུ་དྲུག་རྟ་སྦོད་རང་འགྲིག་ཨ་མདོ་ནས་རྡོག་ཐོན་གྱིས་ཞག་ཚུག་ཁ་ཤས་ཕྱིན་པའི་ལམ་བར་དུ་སེ་བ་རུ་བའི་ཚོང་རྒྱག་མཁན་ཡིན་ཟེར་པའི་འགྲུལ་པ་ཞིག་འཕྲད་པ་དེས་ཁ་སང་འདི་ནས་མེ་མདའ་རང་འབར་མང་པོ་ཡོད་པའི་འགྲུལ་པ་ཞིག་གྲོ་རྩོང་( སློང་མོ་)་རྒྱག་བཞིན་རྒྱག་བཞིན་ཕྱིན་སོང་པའི་ཁྱོ་ཚོས་ཉིན་གཉིས་ཚུན་རྗེས་ཟིན་ས་ཡོད་ཟེར་ཡང་དེའི་ཕྱིར་ཉིན་རྟ་པ་གཅིག་ཐུག་བྱུང་པ་དེར་སྐད་ཆ་འདྲི་སྐབས་ཁྱོད་ཚོའི་དྲི་ཡིས་དེ་ད་ནང་ལམ་བར་འཕྲོག་བཅོམ་བྱེད་བཞིན་ཕྱིན་སོང་ད་ལྟ་ཕལ་ཆེར་ཁ་ཇོ་ལུང་རིང་ཟེར་སར་བསྡད་ཡོད་བཟོ་མེད་ཟེར་བྱུང་པས་ང་ཚོས་དེ་མུར་ཁ་ཇོ་ལུང་རིང་ཟེར་སར་བསྡད་ཡོད་བཟོ་མེད་ཟེར་བྱུང་པའི་ང་ཚོས་དེ་མུར་ཁ་ཇོའི་རི་འགོ་ལ་ཕྱིན་ནས་སོ་ལྟ་བྱེད་བཞིན་ཕྱིན་ནས་སོ་ལྟ་བྱེད་སྐབས་ཁོ་ཚོ་ཁ་ཇོའི་ཉིན་འདབ་འཚམ་ཀ་དོང་གསུམ་གྱི་ཐག་ཉེར་དགྲ་ཟོན་བྱས་ཏེ་བསྡད་འདུག  ང་ཚོས་ག་འདྲ་བྱེད་ཟེར་གྲོས་བྱས་མཐར་གུར་འབུམ་འཁོར་མོ་ནས་དོ་དགོང་མཚན་མོར་ང་ཚོས་དགྲ་ས་འཛིན་ཐུབ་པ་བྱེད་དགོས་ང་ཚོ་ཡོད་ས་མི་དྲུག་ལྷོ་ངོས་ཐང་འབབ་ཆུ་འགྲམ་ལ་འགྲ་རྒྱུ་དང་། འབྲུག་སྐྱབས་གཙོས་ཁྱོད་ཚོ་མི་དྲུག་ཁོ་ཚོའི་ནུབ་ངོས་ས་རོང་ཡོད་སར་འགྲོ་དགོས་པ་དང་། དེ་མིན་ཚོས་བེན་རྟ་བཟུང་ནས་སྡོད་དགོས་ཟེར་སོང་པས་ང་ཚོས་དེ་ལྟར་བྱ་རྒྱུ་གཏན་འཁེལ་བྱས་ནས་དེ་ནུབ་ནམ་ཕྱེད་ཡོལ་ཙམ་ལ་ཁག་སོ་སོ་གཏན་འཁེལ་བྱས་པའི་ས་ཆར་ཕྱིན་ནས་གང་མཚམས་སོང་རྗེས་ནམ་གསལ་ཡོང་གི་འདུག་པར་ང་ཚོས་ས་དཔྱད་ལ་ཞིབ་ལྟས་བྱས་ནས་གད་ཉག་ཅིག་འདུག་པ་དེའི་ཕར་ཕྱོགས་ལ་ཨ་ཁུ་འབྲུག་སྐྱབས་ང་གཉིས་བསྡད་པ་དང་། གད་སྟག་གི་ཚུར་ཕྱོགས་སུ་ཁོ་གཉིས་ཀྱི་སྒུག་ནས་སྡད་ཡོད་པའི་དེ་ཕྲལ་ཁོ་ཚོ་ཡང་རུ་བ་བཤར་བྱུང་ང་ཚོའི་ཐག་ཉེར་སླེབས་སྐབས་ཁལ་གཡག་འདྲོག་ཙམ་བྱས་སོང་པས་ཁོ་ཚོའི་མ་རྒན་ནས་ཀི་བཏབ་སྟེ་དགྲ་སླེབས་འདུག་ཟེར་སོང་བས་ས་འགོ་རུང་ཕ་བུ་ཚོ་དེ་འཕྲལ་ཁྲིས་ཀྱི་ཀོང་ཀོང་ནང་ལ་རྒྱུག་སོང་། 

    ང་ཚོས་མེ་མདའ་ཁ་ཤས་བརྒྱབ་པ་དང་། ཕར་ཕྱོགས་འཁོར་མོ་ཡོད་ས་ནས་ཀྱང་མེ་མདའ་ཁ་ཤས་བརྒྱབ་སོང་ཁོ་ཚོས་ཀྱང་ང་ཚོར་མེ་མདའ་ཐེངས་མང་རྒྱག་གི་འདུག ཨ་ཁུ་འབྲུག་སྐྱབས་ཀྱིས་ད་ཁོ་ཚོ་ཀོང་ཀོང་ནང་དུ་ཡོད་པས་བྱ་ཐབས་ཁག་པོ་རེད་དེ་ལས་ཁར་གཏུག་ཁོ་ཚོའི་སར་རྒྱུག་ན་ལེགས་ཟེར་པར་ངས་དེ་འདྲ་བྱས་ན་ས་དཔྱད་ཡག་པོ་མེད་པས་ཉེན་ཁ་ཡོང་རྒྱུ་རེད་དེ་ལས་ཕར་ཕྱོགས་ཀྱི་རི་མགོར་རྒྱུག་ན་ཁོ་ཚོ་ཀོང་ཀོང་ནང་དུ་ཡོད་པ་གསལ་ཙམ་མཐོང་རྒྱུ་རེད་ལབ་པར་ཨ་ཁུ་ནས་དེ་རང་ཡིན་ཟེར་ང་གཉིས་དེར་སླེབས་རྗེས་ཁོ་ཚོ་གསལ་ཙམ་མཐོང་གི་འདུག་པས་ང་གཉིས་ཀྱིས་མེ་མདའ་ཁ་ཤས་བརྒྱབ་རུང་ཧ་གོ་འདི་གོ་མི་འདུག་པས་ང་གཉིས་ཀྱིས་ད་ང་གཉིས་ཀྱི་མེ་མདར་ཤུགས་ཆེན་པོ་མེད་པས་མདེའུ་འཁྱོལ་གྱི་མེད་པ་འདྲ་ཚེ་བརྟན་གྱི་མེ་མདའ་ཡག་པོ་ཡོད་པས་ཁོ་པ་འདིར་ཤོག་ལབ་ན་ཡག་ས་རེད་ལབ་སྟེ་ཁོ་པ་ཚུར་ཤོག་ཟེར་བོས་ནས་ཚེ་བརྟན་གྱིས་མེ་མདའ་གསུམ་ཙམ་བརྒྱབ་སོང་པས་ཁོ་ཚོ་མ་བདེ་བ་འདྲ་པོ་ཞིག་བྱས་ནས་ཀོང་ཏོང་གི་ཚུར་ཕྱོགས་སུ་ཚང་མ་མཉམ་དུ་འགྲིལ་ནས་ང་ཚོར་མེ་མདའ་ཁ་ཤས་རྒྱག་གི་འདུག   ལྷོ་ངོས་ལ་ཡོད་པའི་འཁོར་མོ་སྐོར་བཅས་ནི་ས་དཔྱད་ཡག་པོ་མེད་རྐྱེན་ཆུ་ཞིག་ཡོད་སར་གབ་ནས་སྡོད་པ་ལས་བྱ་ཐབས་མེད་པ་དང་།  ཁོ་ཚོའི་རྟ་ཡང་མཐོང་རྒྱུ་མི་འདུག་དེ་ནས་ཨ་ཁུ་ང་གཉིས་དང་།  སྦོས་རུ་ནོར་མོ་ཤར་ངོས་སུ་ས་གཤོང་ཞིག་འདུག་པ་དེར་ཕྱིན་ནས་ལྟ་སྐབས་ཁོ་ཚོ་འགོ་མཐོང་རྒྱུ་ཡོད་ཙམ་འདུག་པས་མེ་མདའ་ཁ་ཤས་བརྒྱབ དེ་ནས་ང་དེར་བསྡད།ཨ་ཁུ་འབྲུག་སྐྱབས་ང་ཚོའི་ནུབ་ངོས་སུ་འགྲོས་རྩིས་ཀྱི་ག་ལེར་ཕྱི་བསྣུར་གྱི་འགྲོ་བ་ཁོ་ཚོས་མཐོང་ནས་མི་གཅིག་མགོ་མཐོ་ཙམ་བཏོན་ནས་མེ་མདའ་རྒྱག་གི་འདུག་པས་པས་མེ་མདའ་གཅིག་བརྒྱབ་པས་ཁོ་པ་མགོ་བོ་མཐོང་ཙམ་བྱས་ཏེ་འགུལ་སྐྱོད་མེད་པ་འདྲ་པོ་བྱས་སོང་དེ་ནས་ཨ་ཁུ་འབྲུག་སྐྱབས་ད་གིན་འགྲོ་གི་ཡིན་ཟེར་ས་དེར་བསྡད།  ནོར་མོ་ང་གཉིས་མཚན་མོར་སྡོད་སར་ཕྱིན་ནས་མེ་མདའ་རྒྱག་རྩིས་སྐབས་ལྷོ་ནུབ་ངོས་ནས་རྒྱས་ཚང་སྦྱིན་པ་ཟེར་བ་དེ་ལག་ཏུ་མདུང་ཁྱེར་ནས་ཀི་ཤར་ཁ་ཤས་བརྒྱབ་སྟེ་ངས་ཉི་མ་དེ་རིང་ཁོ་ཚོ་མདུང་རྩེར་འཛེར་གྱི་ཡིན་ཟེར་ཐེ་ཚོམ་མེད་པར་ཁོ་ཚོའི་སར་རྒྱུག་སོང་དེ་མ་ཐག་ཨ་ཁུ་འབྲུག་སྐྱབས་ནས་ད་ཁྱོད་ཚོ་སོས་རན་པ་རེད་འགོ་སྒུར་ཟེར་སྐད་བརྒྱབ་སོང་བས་ང་ཚོས་གསལ་པོ་མ་ཤེས་རུང་ས་འགོ་རུང་དང་། ཁོ་པའི་བུ་ཆེ་བ་གཉིས་ནི་འགོ་དང་། སྐེ་ལ་མེ་མདའ་ཐེབས་ནས་བསད་ཚར་ཡོད་གཤིས་ཁོ་པའི་བུ་ཆུང་བ་དང་།  མག་པ། སྒྲོལ་མ་དང་།  ཡང་ལེན་ཚེ་རིང་བཅས་ཀྱིས་དེ་མ་ཐག་འགོ་སྒུར་གྱི་ཡིན་ཟེར་ནས་མེ་མདའ་ཚང་མ་ང་ཚོས་སར་འཕང་བྱུང་བས་སྐབས་དེར་འཁོར་མོ་ཁོ་ཚོ་ཡང་དེར་སླེབས་ནས་སེར་ཤུས་འགོ་གཡག་སོགས་ཀྱི་དེ་ཚོ་རང་སར་དམར་གསོད་གཏོང་གི་ཡིན་ཟེར་ཉེས་རྡུང་གཏོང་རྩིས་བྱེད་ཀྱི་འདུག་ཨ་ཁུ་འབྲུག་སྐྱབས་ང་གཉིས་ཀྱིས་ཁོ་ཚོའི་ནང་གི་མི་དྲག་པ་གཉིས་པོ་ནི་ང་ཚོའི་བསད་ཚར་འདུག་ད་འགོ་སྒུར་པའི་མི་ལ་ཉེས་རྡུང་གཏོང་རྒྱུ་མེད་ལབ་ནས་བཀག་པ་ཡིན། འོན་ཀྱང་འགོ་གཡག་གིས་མི་འདི་ཚོས་ངའི་ཨ་ཁུ་བསད་པ་རེད་ངས་ཁོ་པ་བསོད་ཀྱི་ཡིན་ཟེར་པར་ངས་ཁྱོད་ཀྱི་འགོ་སྒུར་པའི་མི་ལ་དེ་འདྲ་བྱས་ན་ངས་ཁྱོད་བསོད་ཀྱི་ཡིན་ལབ་པའི་ཁོ་པ་ངུ་ཙམ་བྱས་ནས་སྡད་སོང་། ས་འགོ་རུང་གི་ནག་མོ་དང་གནའ་མ་ཕྲུ་གུ་བཅས་ནི་ཆུ་དཀྱིལ་ལ་འབྱོར་ནས་བསྡད་འདུག  དེ་ནས་ང་ཚོས་ཁོ་པ་ཚོའི་རྟ་དང་།མེ་མདའ་ཚང་མ་རྩིས་ལེན་བྱས་རྗེས་ཨ་ཁུ་འབྲུག་སྐྱབས་ནས་ད་ང་ཚོས་ག་རེ་བྱེད་དགོས་མིན་གསལ་པོ་ཤེས་ཀྱི་མི་འདུག་དབང་འདུས་རྡོ་རྗེ་ཁྱོད་རང་དེ་སྔོན་དཔོན་དབང་ཆེན་དང་མཉམ་དུ་འགྲོ་མྱོང་བའི་འགྲོ་ལུགས་གང་དགོས་ཀྱི་ཡོད་དམ་ཞེས་དྲིས་སོང་བར་ཁོ་པས་གཏེ་པོའི་མགོ་ལག་ལེན་དགོས་པ་རེད་ཟེར་སོང་པས་ས་འགོ་རུང་ཕ་བུ་གཉིས་ཀྱི་འགོ་ལག་བཅད་པ་དེ་ཁྱེར་པ་དང་། ཁོ་ཚོ་མི་གཉིས་དེ་ནུབ་འཁོར་མོའི་འབྲང་ལ་ཉར་པ་དང་།གཅིག་ང་ཚོས་ཉར་པ་ཡིན་དེ་ནས་ང་ཚོ་ལོག་ཡོང་པའི་ལམ་བར་དུ་ས་འགོ་རུང་གི་བུ་གསུམ་པོ་ནག་ཆུ་རྫོང་ལ་རྩིས་སྤྲོད་དགོས་པས་ཉིན་མཚན་ཚང་མར་ང་ཚོ་འབྲང་ཁ་གཉིས་ཀྱིས་ལྟ་སྲུང་བྱེད་ཀྱི་ཡོད་ང་ཚོ་གོ་རེའི་བྲག་དམར་ལ་སླེབས་སྐབས་དེ་ཉིན་ཁོ་ཚོ་ལྟ་སྲུང་བྱེད་རེས་ང་ཚོ་ཡིན་པའི་སྐབས་དང་སྟུན་ནས་བུ་ཆེ་བ་གཉིས་མི་གཞན་གྱི་ཧ་མི་གོ་པ་བྱས་ཏེ་ལྐོག་དུ་བྲོས་དགོས་པའི་བསླབ་བྱ་རྒྱག་དགོས་དེ་ལྟར་མ་བྱས་ནས་ཁོ་ཚོ་ནག་ཆུ་རྫོང་ལ་རྩིས་སྤྲོད་ཀྱང་བྱས་ན་རྟ་ལྕག་ཞུས་ཏེ་ཤ་ཟད་རུས་ལ་ཐུག་པ་བཟོ་ཀྱི་རེད། ཁོ་ཚོས་མི་དྲག་པ་གཉིས་ནི་ང་ཚོའི་བསད་ཚར་བ་རེད་ད་ཁོ་གཉིས་བསད་ན་སྙིང་རྗེ་ཟེར་གྱི་འདུག་པའི་ངས་དེ་ལྟར་ཁོ་གཉིས་ལ་བཤད་པ་ཡིན་འོན་ཀྱང་ཁོ་གཉིས་ཀྱིས་ད་བྲོས་ནུས་པ་མི་འདུག་ཟེར་ནས་བྲོས་རྩིས་བྱེད་ཀྱི་མི་འདུག་དེ་ནས་ང་ཚོ་ཕྱིར་སླེབས་རྗེས་དེ་སྔོན་སེ་ཤུ་ཉི་མ་སོགས་བསད་པའི་རྟ་དང་མེ་མདའ་ཁོངས་སོ་སོར་ཕྱིར་སྤྲོད་བྱས་པ་དང་དེ་མིན་མེ་མདའ་རང་འབར་ལྔ་དང་རས་ཆ་དོ་པོ་དྲུག་ཡོད་པ་ནག་ཆུ་རྫོང་གི་རྒྱུ་ཚབ་ལ་རྩིས་སྤྲད།  བུ་སྒྲོལ་མ་དང་ཡང་ལེན་གཉིས་ཀྱང་ནག་ཆུ་རྫོང་གི་སྐུ་ཚབ་ཀྱི་ཁྲིད་སོང་།  ང་ཚོ་སྡེ་དཔོན་ཚོས་ཁོ་གཉིས་གང་དྲག་བྱེད་རོགས་ཟེར་ཞུ་བ་མང་པོ་བྱས་སྟབས་ཁོ་གཉིས་ནག་ཆུར་འབྱོར་རྗེས་འབྱོར་ལྕག་ཁ་ཤས་བརྒྱབ་པ་ལས་དེ་མིན་སྐྱོན་ཆེར་བྱུང་མི་འདུག    རྗེས་སུ་ནག་ཆུ་རྫོང་གི་ང་ཚོར་གཟིགས་གསོས་དཔའ་དར་ཡིན་ཟེར་ཇ་སྒམ་གཉིས་དང་། མི་རེར་དར་ཁ་རེ་སྤྲད་བྱུང་། 

   ང་ལོ་བཅོ་བརྒྱད་ལ་སླེབས་སྐབས་ལོ་ཤས་སྔོན་ལ་ངའི་ཨ་ཁུ་མགར་པའི་མི་གསར་དང་། ཚ་ཆེས་ཟེར་པ་གཉིས་རི་དྭགས་རྔོན་པར་འགྲོ་སྐབས་སྨད་ཕྱོགས་ཀྱི་ཇག་པས་ཁོ་གཉིས་བསད་དེ་རྟ་ཁལ་དང་། མེ་མདའ་འབྲང་ཆས་བཅས་ཚང་མར་འཕྲོག་པ་དང་། དེ་རྗེས་དྲག་དུས་སྒོ་བ་ནག་ཧྲུག་ཟེར་བ་ནས་གུར་འབུམ་གཡུང་རྣམ་ཟེར་པ་ཡང་ཇག་པས་བསད་པ་བཅས་ལོ་ངོ་གསུམ་ཙམ་ཕྱིན་རུང་ཇག་པ་སུ་ཡིན་གསལ་པོ་མ་རྟོགས་ཀྱང་དགྲ་ལན་ཞིག་འཕྲོད་པ་བྱེད་དགོས་སྙམ་གྱི་ཡོད། ཉིན་གཅིག་ང་ཞང་པོ་རྡོ་རྗེ་ཚེ་དབང་གི་ནང་ལ་འགྲོ་སྐབས་ཡག་རའི་མི་གནས་སྐྱབས་ཟེར་བ་ཞིག་སླེབས་འདུག་པ་ཁོ་དང་ང་གཉིས་ངོ་ཤེས་མཐར་ཤག་པོ་བྱས་ཏེ། ངས་ཁོ་པར་ལོ་གཉིས་གསུམ་གོང་ལ་ངའི་ཨ་ཁུ་མི་གསར་དང་། ཚ་ཆེན་གཉིས་བསད་པའི་སྐོར་ཞིབ་ཕྲ་བཤད་ནས་དེ་ཐད་ཁྱེད་ཀྱི་མཐོང་ཐོས་བྱུང་རིག་ཡོད་ན་ཇག་པ་དེ་སུ་ཡིན་ང་ལ་བཤད་རོགས་ལབ་པ་ཡིན་ཁོ་པས་ང་ནི་ཉེ་ཆར་ང་ཚོ་ཡག་ར་ཤོག་གི་དགའ་རྣམས་ཟེར་པ་དང་མ་འཆམ་ནས་འདིར་ཡོང་བ་ཡིན།
    ངས་ཤེས་གསལ་ལྟར་ན་དེ་སྔོན་གཙང་རྒྱུད་འབས་དཔལ་ལྡན་སྐོར་བཅས་རྟ་པ་ཉི་ཤུ་ཙམ་ཞིག་སྟོད་ལ་ཇག་པ་རྒྱག་པར་ཕྱིན་སྟེ་ལོག་ཡོང་བའི་ལམ་བར་དུ་རྫ་ནག་སོག་འགོ་ཟེར་ས་ནས་འགྲུལ་པ་མི་གཉིས་དང་ཕྲད་ནས་ཕན་ཚུན་མེ་མདའ་རྒྱག་རེས་བྱས་མཐར་གཙང་རྒྱུད་ཀྱི་མི་ཁ་ཤས་ཁོ་གཉིས་ཀྱི་བསད་པ་དང་མི་དེ་གཉིས་ཡང་ཁོ་ཚོས་བསད་པའི་མ་ཚད།འབྲོང་ཤ་དང་།རྟ་གཉིས་ཁལ་ཡག་བཅུ་གཉིས་བཅས་དེད་ཡོང་བ་སོགས་ཧ་བྱུང་ཟེར་པའི་མ་ཚད་ཨ་ཁུ་མི་གསར་འདས་པོའི་རྟ་ཁམ་པ་ཞིག་ཡོད་པ་དེའི་སྤུ་མདོག་དང་གཟུག་གཞིའི་ཆགས་ཚུལ་གསལ་པོ་བཤད་པ་དང་། ཡང་ཁོ་པས་ལོ་དེ་རིང་ལ་གཙང་རྒྱུད་ཤོག་ཁའི་མི་དགྲ་ལྷ་ཟེར་པ་དེ་ཁོ་ཚོའི་རྟ་ཇག་པར་ཤོར་པའི་ར་མདའ་འགྲོ་སྐབས་ཁོ་པས་སྒོ་བ་ནག་ཧྲུག་ཟེར་ས་ནས་ཨ་མདོའི་སྡེ་གཅིག་ལ་འཕྲོག་བཅོམ་བྱས་པ་དང་མི་གཅིག་བསད་པ་ཡིན་ཟེར་གྱི་འདུག་བཅས་བཤད་བྱུང་བས་ངས་དེང་སྐབས་ཁོ་ཚོའི་གང་དུ་བསྡད་ཡོད་དམ་འདྲི་སྐབས་ཁོ་པས་དེང་སྐབས་ཁོ་ཚོའི་རུ་བ་གོ་བོའི་རི་རྒྱུད་ལ་ཡོང་གི་ཡོད་པ་རེད་ཟེར། དེ་ནས་ངས་ཨ་ཁུ་འབྲུག་སྐྱབས་སར་ཕྱིན་ནས་གོང་གསལ་ལོ་རྒྱུས་རྣམས་ཞིབ་པར་བཤད་རྗེས་ཨ་ཁུ་འབྲུག་སྐྱབས་དང་གཉིས་ཀྱིས་གནས་ཚུལ་གསལ་ཙམ་འདུག་དགྲ་ལན་འཕྲོད་པ་བྱེད་དགོས་དམག་བསྡུ་རུབ་བྱས་ཏེ་ཕྲལ་དུ་འགྲོ་རྩིས་བྱས་ན་ཡག་ཤོས་རེད་བཤད་ནས་ང་ཚོའི་ཐག་ཉེར་ཡོད་པའི་འབྲོག་དུད་ཚོར་གཙང་རྒྱུད་ནང་དུ་དགྲ་རྒྱག་པ་འགྲོ་དགོས་པའི་དམག་རྟ་སྐྱེལ་པའི་མ་ཟད་ང་ཚོས་མཉམ་དུ་དམག་ལ་འགྲོ་མཁན་ཚང་མ་ཉིན་བཅུ་གསུམ་གྱི་འདམ་ཆུའི་རང་ཁར་འཆིས་རི་སྐྱ་ཕྲེག་མར་སླེབས་རྒྱུ་བྱས་པ་དང་། ཉིན་བཅུ་གསུམ་སོང་པའི་ཉིན་དེར་འདམ་ཆུ་རང་ཁར་འཕྱིག་རི་སྐྱ་ཁྲིག་མར་དམག་མི་རྟ་པ་བཞི་བཅུ་འཛོམས་འདུག་དེ་ནས་ང་ཚོ་ཞག་ཚུག་ལྔ་ཙམ་ཕྱིན་མཚམས་ང་ཚོས་ད་གཙང་རྒྱུད་སར་སླེབས་ཉེར་ཡོད་པས་དེ་རྩིས་ཀྱི་འགྲོ་སྟངས་བྱེད་དགོས་བཤད་ནས་ཨ་ཁུ་འབྲུག་སྐྱབས་ཡོད་སའི་རྟ་པ་བརྒྱད་ལྷོ་ངོས་ནས་སྐྱོད་པ་དང་། ང་རང་ཡོད་ས་རྟ་པ་བརྒྱད་བྱང་ཕྱོགས་ནས་སྐྱོད་དེ་རི་ཞིག་གི་རྩེ་ནས་ལྟ་སྐབས་མི་གཉིས་ཁལ་གཡག་གཉིས་དེད་པ་ཞིག་འགྲོ་གི་འདུག་པས་ང་ཚོ་ཡིབ་ནས་བསྡད་ཡོད་རུང་ཁོ་གཉིས་ཀྱིས་ང་ཚོ་ཡོད་པ་ཧ་གོ་ནས་མ་མཐོང་ཁུལ་གྱི་ལ་བརྒྱབ་པ་དང་། ཤར་རེ་རྟ་སྐྱེལ་པར་ཕྱིན་འདུག་པའི་གསང་བརྡ་ཤོར་ཚར་བསམ་ནས།ང་ཚོའི་རྟ་པ་རྣམས་ཕན་ཚུན་བརྡ་གཏོང་རེས་ཀྱི་གཙང་རྒྱུད་ཀྱི་སྡེ་ཡོད་སར་རྒྱུག་པའི་གཙང་རྒྱུད་ཀྱི་རྟ་པ་ཁ་ཤས་ཐོན་བྱུང་པ་དེ་ཚོས་ང་ཚོའི་སར་རྒྱུག་རྩིས་བྱས་ཀྱང་མ་རྒྱབ་པར་ཕྱིར་བྲོསས་བྱས་སོང་དེ་ནས་ང་ཚོས་མེ་མདའ་གསུམ་བརྒྱབ་མཚམས་གཙང་རྒྱུད་ཀྱི་ནོར་ཕོན་ཆེ་ཞིག་འབྲོང་ཚ་པོ་ཞིག་གི་སྣེ་ཁྲིད་ནས་ང་ཚོའི་ཕྱོགས་སུ་འདྲོགས་བྱུང་པ་དང་།ལུག་མང་པོ་ཞིག་ཀྱང་འདྲོགས་སོང་ང་ཚོས་ནོར་ཆིག་སྟོང་ཉིས་བརྒྱ་ཙམ་དང་། ལུག་ཉིས་སྟོང་ཙམ་རྔ་བཅུ་གཉིས་བཅས་དེད་པ་དང་། ཕྱུགས་རྫི་བ་ཕོ་མོ་ཉི་ཤུ་ཙམ་མཉམ་དུ་བཙན་འཁྲིད་བྱས་ནས་ཕྱིན་པ་དང་། དེ་ནུབ་ང་ཚོ་ཚུགས་བབས་རྗེས་ང་ཚོའི་འབྲང་སར་ང་ཚོས་བཙན་ཁྲིད་བྱས་པའི་ཕྱུགས་རྫི་པ་མང་པོ་ཞིག་ཡོང་ནས་ང་ཚོ་ལ་ངོ་སྐལ་ནོར་ལུག་གང་འཚམ་སྤྲོད་རོགས་ཟེར་ཞུ་བ་འཐེན་པ་དང་། ལྷག་པར་དུ་མི་རྒན་ཞིག་འདུག་པ་དེས་ང་ནི་འབས་དཔལ་ལྡན་ཚང་གི་བྲན་གཡོག་ཁྱེད་ཨ་མདོ་སྟོད་མར་ལེ་ཁག་རྩ་བ་ནས་མེད། ང་ཚོའི་དཔོན་དཔའ་ལྡན་རྒས་པོ་ཁོ་རང་མིན་ཡང་ཁོ་པའི་བུ་དེ་ཚོས་ཡག་ར་ཤོག་གི་ཁྲམ་པའི་ཁ་ལ་ལྟས་ནས་སྟོད་ཇག་འགྲོ་ཞོར་ལ་མི་བསོད་པའི་གནས་ཚུལ་བྱུང་པ་རེད་ཤོད་ཀྱི་འདུག་ངས་ཨ་ཁུ་འདས་པོའི་རྟ་ཁམ་པ་གང་དུ་ཡོད་མེད་འདྲི་སྐབས་ཁོ་པས་རྟ་དེ་ནི་ཡག་རའི་རྒྱལ་གྲགས་ཀྱི་ལག་ཏུ་ཡོད་རེད་ཟེར་བ་དང་ང་ལ་ནོར་ལུག་གང་དྲག་སྤྲོད་རོགས་ཟེར་ཕྱག་འཚལ་གྱི་འདུག་ང་ཚོས་ལུག་བརྒྱ་ཉར་ནས་དེ་བྱིང་ར་ལུག་ཚང་མ་དང་། ནོར་སུམ་བརྒྱ་བཅས་ཕྱིར་སྤྲོད་ནས་ཁོ་པ་ཚོ་ཕྱིར་སློག་བཏང་བ་ཡིན། དེ་ནས་ང་ཚོ་ནོར་བདུན་བརྒྱ་བཞི་བཅུ་ཞེ་དྲུག་དང་།ལུག་བརྒྱ། རྟ་བཅུ་གཉིས་བཅས་ཐོབ་པ་དེ་རྣམས་དེ་ནས་ནང་ལ་སླེབས། རྗེས་སུ་ཁོ་ཚོས་ང་ཚོར་དགྲ་བརྒྱབ་མ་བྱུང་། གོ་ཐོས་ལ་ང་ཚོར་ཞུ་ང་འཐེན་པ་དང་ཕྱག་འཚལ་བྱེད་མཁན་མི་རྒན་དེ་འབས་དཔལ་ལྡན་ཁོ་རང་རེད་ཟེར་རོ། ང་ལོ་ཉི་ཤུ་རྩ་གསུམ་ལ་སླེབས་སྐབས་ཤུལ་མ་དང་། ང་ཚོ་དགྲ་རྒྱག་རེས་བྱས་པའི་སྐོར། 
     དང་ཐོག་ཤུལ་མའི་ཇོ་ཀོ་དབང་རྒྱལ་ཚང་གི་ནོར་བརྒྱ་ཙམ་ཞིག་གུར་འབུམ་འཁོར་མོས་དེད་ཡོང་རྗེས་ཇོ་ཀོ་དབང་རྒྱལ་དང་།  ཁུ་ལུ་ཀྱང་ཁུག་གཙོས་མི་ཁག་གཅིག་དེའི་ར་མདར་ཡོང་དུས་ཀླུ་ཟོག་རྡོ་རྗེས་ཚེ་དབང་གི་རྟ་བརྒྱད་དང་ལུག་ལྔ་བརྒྱ་དེད་རྗེས་ཇོ་ཀོ་དབང་རྒྱལ་གྱིས་ང་རང་སར་སྡོད་བཞིན་དུ་གུར་འབུམ་འཁོར་མོ་ནས་ངའི་ནོར་ཇག་པ་བརྒྱབ་པ་རེད།   ཁྱོད་ཚོར་སྐྱིན་ཚབ་དགོས་ན་གུར་འབུམ་འཁོར་མོ་ནས་ལེན་དགོས་ཟེར་ཕྱིར་ལེན་འཇོག་བཞིན་ཕྱིན་འདུག ཡང་དེ་ནས་ཟླ་བ་གཅིག་ཕྱིན་རྗེས་ཞུ་ལུ་ཀྱང་ཁུག་གཙོས་ཤུལ་མའི་མི་ཁ་ཤས་ཀྱི་ལི་བའི་བུ་དགའ་ཚང་གི་རྟ་བཅོ་བརྒྱད་དེད་པ་དང་སྐབས་དེར་ཞུ་ལུ་ཀྱང་ཁུག་གི་དེ་སྔོན་ཁོ་པ་ཚོས་འཕྲོག་འདེད་བྱས་པའི་རྡོ་རྗེ་ཚེ་དབང་གི་རྟ་པ་སྐྱིད་ཟེར་བ་ཞུ་ལུར་གྱི་བཞོན་རྟ་རེད་འདུག་ཟེར།     དེ་རྗེས་ལི་པའི་བུ་དགའ་དང་།  ཨ་ཁུ་འབྲུག་སྐྱབས། འཁོར་མོ་བཅས་ཀྱིས་ང་ཚོས་སར་ཤོག་ཟེར་ལེན་སླེབས་འདུག་པར་ང་ཁོ་ཚོའི་སར་ཕྱིན་པ་ཡིན་ཁོ་ཚོས་ད་ང་ཚོས་ཤུལ་མར་དགྲ་ལན་ཞིག་སྤྲོད་པར་འགྲོ་དགོས་འདུག་ཟེར་ངས་ཤུལ་མ་རང་གར་སྡད་པ་དང་ཐོག་དགྲ་རྒྱག་བྱེད་མཁན་འཁོར་མ་ཁྱོད་རང་ཡིན་པའི་ཁར། ཤུལ་མ་དང་ང་ཚོ་ཕན་ཚུན་ས་ཐག་ཉེ་པོ་སོང་ཙང་དགྲ་ཇག་བརྒྱབ་རེས་བྱས་ན་ཕན་ཚུན་སུ་ཐད་ལ་གནས་བཟོད་བདེ་པོ་ཡོང་གི་མ་རེད།   སྙམས་ཀྱི་འདུག་བཤད་པ་ཡིན།   འོན་ཀྱང་ཁོ་ཚོས་གལ་ཏེ་ཤུལ་མར་དགྲ་ལེན་མ་སློག་པ་ཡིན་ན་རྗེས་སུ་ཨ་མདོ་ཧོར་མར་དགྲ་ཤུགས་མི་འདུག་ཟེར་མིང་ངན་པ་ཡོང་གི་རེད།  དེར་རྟེན་དགྲ་ལན་མ་སློགས་ན་འགྲིག་ཐབས་ཡོད་པ་མ་རེད་ཟེར་གྱི་འདུག་པས་ངས་ད་འོ་ན་མ་གཞི་ང་རང་དེའི་ཐད་བློ་ལ་བབས་པོ་མེད་ཀྱང་ང་ཚོ་རང་སྡེ་གཅིག་པ་ཡིན་གཤིས་ཁྱོད་ཚོས་བཤད་པ་ལྟར་བྱ་རྒྱུ་རེད་བཤད་མཚམས་དགྲ་ལན་སློག་པར་འགྲོ་རྒྱུ་གཏན་འཁེལ་ཏེ་དེ་ཕྲལ་དེ་དུད་ཁ་འགྲམ་དུ་བསྡད་མཁན་རྣམས་མཉམ་དུ་ཕན་ཚུན་ཐག་ཉེ་ཙམ་སྡོད་དགོས་པ་དང་།  ཤུལ་མར་དགྲ་རྒྱག་པར་འགྲོ་མཁན་གྱི་ཡོང་དགོས་པའི་དམག་རྟ་སྐྱེལ་མཁན་རྒན་པོ་ནོར་འཕེལ་དང་།   རྒན་པོ་སྐྱིལ་བསོད་རྒྱལ་གཉིས་ཁག་སོ་སོར་བཏང་པས་རྟ་དམག་བཞི་བཅུ་ཞེ་གསུམ་འདུ་འཛོམས་བྱུང་པས་ང་ཚོ་རྡོག་ཐོན་གྱི་ཉིན་དེ་མུ་ནེ་ལྷ་ཙམ་གྱི་ཉིན་སྟོད་ལ་ཞག་སྡོད་བྱེད་རྩིས་སྐབས་ལྷ་པ་དངོས་གྲུབ་ཟེར་བའི་ལྷ་བབས་ནས་འདི་མུར་སྡོད་རྒྱུ་མི་འདུག་ཟེར་བྱུང་བས་ང་ཚོ་དེ་ནས་མཚན་བཤར་རྒྱབ་ནས་ཕྱིན་པ་ཡིན་ང་ཚོ་ནམ་མ་ལང་ཙམ་ལ་མཛེ་མེད་སྐྱ་བྲི་མ་ཟེར་པའི་རྒྱབ་ཕྱོགས་ལུང་པ་ཞིག་ལ་བསྡད་ནས་ས་བཟུང་ནམ་ལངས་ཡོང་སྐབས་མི་ཁ་ཤས་ཕྱིན་ནས་ལ་བསྡད་མཛེ་མེད་སྐྱ་བྲི་མའི་རྩེ་ནས་སོ་ལྟ་བྱེད་སྐབས་ང་ཚོ་དང་བར་ཐག་ཉེ་ཙམ་ཡོད་པའི་ལུང་པ་ཆེན་པོ་ཞིག་ཡོད་པ་དེའི་ནང་སྦྲ་ནག་མང་པོ་དར་ཅོག་པྲ་སྤུངས་སེ་བསྡད་འདུག་པ་དེ་ཚོ་ནི་ཕལ་ཆེར་ཤུལ་མའི་དཔོན་ཚང་མིན་འགྲོ་སྙམ་པ་འདུག   དེ་ནས་ང་ཚོས་ཨ་ཁུ་འབྲུག་སྐྱབས་གཙོས་མི་ཁ་ཤས་མཛེ་མོ་སྐྱ་བྲི་མའི་ལྷོ་ངོས་རྒྱུད་ནས་ཕྱིན་ཏེ་རམ་མདའ་ཡོང་ན་ལན་སློག་བདེ་ཡོང་བ་བྱས་པ་དང་། ང་རང་དང་རྣམ་རྒྱལ་འཕི་པ་ལུགས།   ཁམས་པ་བསོད་ཆུང་བཅས་རྟ་པ་བཅོ་བརྒྱད་སྐྱ་བྲི་མའི་བྱང་ངོས་མཚོ་ཕོ་འདེབས་ཟེར་བའི་ཚུར་ཕྱོགས་ནས་ཁ་ཐུག་ལ་ཤུལ་མའི་བྲོང་གསེང་ལ་རྒྱུག་ནས་ནོར་ཇི་ཐོབ་འདེད་ཡོང་རྒྱུ་བྱས་པ་དང་།   གུར་འབུམ་འཁོར་མོ་ཡོད་ས་མི་ཁག་གཅིག་མཛེ་མེད་སྐྲ་བྲིའི་མའི་ལྷོ་ངོས་མཆོད་པ་ལེའུ་ལྔ་ཟེར་སར་འགྲོ་རྒྱུ་བཅས་བྱས་པ་དང་།   བན་དམག་རྟ་བན་དང་དམག་བྱིངས་རྣམས་ན་གཞུང་ཞིག་ལ་ཇ་བཀོལ་ནས་བསྡད།   སྐབས་དེར་ཤུལ་མ་ཕྱོགས་ནས་ཨ་མདོའི་དམག་ཡོང་གི་ཡོད་པ་སྔོན་ལ་ཧ་གོ་པར་རྟེན་རྟ་དམག་བརྒྱ་སྐོར་ཞིག་མཛོ་མེད་སྐྱ་བྲི་མའི་ཤར་ངོས་བསྡད་ཡོད་པ་འདྲ། དེ་ནས་ང་དང་ཁམས་པ་བསོད་ཆུང་།  སྒ་ཆུང་བཅས་ཡོད་ས་རྟ་པ་བཅོ་བརྒྱད་ཀྱི་ཤུལ་མའི་གྲོང་གསེང་ལ་རྒྱུག་ནས་མེ་མདའ་ཁ་ཤས་སྐོར་ཏེ་འགྲོ་རྩིས་ཀྱི་དེར་ཕྱོགས་ཕྱིན་པ་དང་།   ཤུལ་མའི་དམག་རྣམས་སྐྱ་བྲི་མའི་ཤར་ངོས་ལ་ཡོད་པ་ཚོས་ང་ཚོས་མེ་མདའ་བརྒྱབ་པའི་སྐད་གོ་ནས་ང་ཚོས་ཕྱོགས་སུ་ཡོང་པ་ཁ་ཐུག་ཏག་ཏག་འཁེལ་བ་དང་།  ཕན་ཚུན་དབར་ལ་ལུང་ཤུར་ཆུང་ཆུང་གཅིག་ལས་མི་འདུག     ཤུལ་དམག་གིས་ང་ཚོ་མཐོང་བ་དང་།  ཐི་ཐི་སྟོད་རུལ་ཉ་ཕྲ་ཁྱེད་འཚོ་འཕྲོག་མཁན་དང་།  ང་ཚོ་སྤྲོད་མི་མ་དེད་ཞེས་འབོད་ཀྱི་འདུག   (,ཐི་ཐི་ཟེར་པ་ནི་ཁྱི་ལ་འབོད་དོན་ཡིན)པའི་མ་ཚད་དེ་འཕྲལ་མེ་མདའ་མང་པོ་བརྒྱབ་ནས་ཁོ་ཚོའི་འཕྲིས་སུ་ས་ཡང་མང་པོ་འཐོར་ཡོང་གི་འདུག་དེ་ནས་ལམ་སང་ཁོ་མོའི་དཀྱིལ་ནས་རྟ་པ་ལྔ་གྲི་གཡུག་རྒྱག་བཞིན་ཐི་ཐི་ཟེར་ཐེ་ཚོམས་མེད་པར་རྒྱུག་བྱུང་པས་ཕར་ཕྱོགས་ནས་ཨ་ཁུ་འབྲུག་སྐྱབས་ཡོད་ས་དེ་ཕྲལ་ཚུར་ཙམ་རྒྱུག་ནས་མེ་མདའ་བརྒྱབ་སོང་།   ལྷོ་ངོས་ལ་ཡོད་པའི་གུར་འབུམ་འཁོར་མོ་གཙོས་པའི་མི་ཚང་མ་བྲོས་སོང་བ་ཚོའི་ནང་ནས་ང་རང་རྣམ་རྒྱལ་ཕིས་ལུགས།  བྱིས་སྟོང་མོ་ལྷ་བ་བག་དྲོ་བཅས་བཞི་མ་གཏོགས་ཚང་མ་བྲོས་ཚར་འདུག་གོང་གསལ་རྟ་པ་ལྔ་པོའི་ནང་ནས་མི་གོས་ནག་སྟོད་ཐུང་དཀར་པོ་གྱོན་པ་རྟ་དཀར་པོ་ཞོན་པ་གཅིག་དང་དེ་མིན་རྟ་པ་བཅས་པོ་གཉིས་སྔོན་ལ་རྒྱུག་བྱུང་བ་ང་ཚོས་མེ་མདའ་རྒྱག་བཞིན་དང་། ང་ཚོས་ཀྱང་ཐེ་ཚོམས་མེད་པར་མེ་མདའ་བརྒྱབ་པའི་སྔོན་ལ་རྒྱུག་ཡོང་མཁན་གཉིས་ཡོད་པ་གཅིག་མི་རྟ་གཉིས་ཀ་ས་ལ་འགྱེལ་སོང་། གཅིག་པོ་དེ་མུ་མཐུད་རྒྱུག་བྱུང་པས་ཡང་རྟ་ལ་མེ་མདའ་ཐེབས་ནས་འགྱེལ་སོང་པས་ཁོ་པ་རྐང་ཐང་མར་ཚུར་ཙམ་ཡོང་ནས་ས་ལ་བསྡད་དེ་མེ་མདའ་རྒྱབ་རྩིས་བྱེད་སྐབས་ངས་ཁོ་པའི་ལག་པར་མེ་མདའ་རྒྱབ་པར་བརྟེན་མེ་མདའ་ཤོར་པ་དང་།  པ་པ་ཡང་ས་ལ་འགྱེལ་སོང་ཡང་ང་ཚོ་དང་།  ཨ་ཁུ་འབྲུག་སྐྱབས་ཁོ་ཚོས་མུ་མཐུད་མེ་མདའ་མང་པོ་བརྒྱབ་པའི་རྟ་པ་གཉིས་མི་རྟ་མཉམ་དུ་བསད་པ་དང་།  མི་གཅིག་པོ་དེ་ཡང་མ་ཤི་ཙམ་བྱས་འདུག  
    དེ་ནས་ང་ཚོས་ཕྱི་མིག་ལྟ་སྐབས་ང་ཚོའི་བན་དམག་ཡོད་སར་ཤུལ་མའི་རྟ་པ་བཅུ་སྐོར་ཞིག་སླེབས་རན་འདུག་ཁོ་ཚོ་དེར་སླེབས་ན་བན་དམག་རྣམས་ཉེན་པ་ཡོང་རྒྱུ་ཡིན་པས་ང་ཚོ་མི་བཞི་དེ་ཕྲལ་བན་དམག་ཡོད་སའི་འཁྲིས་དེ་མདེའུ་འབུར་ཞིག་འདུག་པ་དེའི་ཕྱོགས་སུ་མགྱོགས་པོ་རྒྱུག་པས་ང་ཚོ་སྔོན་ལ་མདེའུ་འབུར་ཡོད་སར་སླེབས་ནས་མེ་མདའ་བརྒྱབ་པ་དང་། ཤུལ་མེའི་རྟ་པ་དེ་རྣམས་ཕྱིར་བྲོས་བྱས་སོང་ཁོ་ཚོས་རྟ་གཅིག་ཀྱང་བསད་འདུག་དེ་ནས་ང་ཚོ་ཕན་ཚུན་མེ་མདའ་རྒྱག་མཚམས་བཞག་པ་དང་། ཤུལ་མ་ཚོའི་མི་རྨས་མ་ཚོ་རྫུམ་ཉེ་ན་ཁུག་ཅིག་ལ་ཕྱིན་ནས་ཇ་བསྐོལ་ཏེ་བསྡད་སོང་།  ང་ཚོ་ཡང་བན་དམག་ཡོད་སར་ཕྱིན་ཏེ་ཇ་བསྐོལ་ཏེ་བསྡད་པ་ཡིན་དེ་ནས་རིམ་གྱི་ད་གིན་བྲོས་འགྲོ་མཁན་གུར་འབུམ་འཁོར་མོ་དང་།  ཁམས་པ་བསོད་ཆུང་ཁོ་ཚོ་ཡང་དེར་སླེབས་སོང་པས་ངས་ཁོ་ཚོར་ཁྱོད་ཚོས་ཁ་སང་ཤུལ་མར་དགྲ་རྒྱག་པར་མི་འགྲོ་ཟེར་དུས་འགྲོ་དགོས་ཟེར་ད་ལྟ་དགྲ་རྒྱག་སྐབས་བྲོས་འགྲོ་བ་གང་ཡིན་ནམ་ང་ཚོ་དགྲ་ཁར་སྐྱེལ་བ་ཡིན་ནམ་བཤད་རྗེས་ཨ་ཁུ་འབྲུག་སྐྱབས་ནས།    དཔའ་མས་མི་འདྲེས་རྒྱུ་ཞིག་མེད་ཤི་རྒྱུ་ཡིད་ལ་མི་འཁོར་རེད།   རྡར་མས་མི་བྲོས་རྒྱུ་ཞིག་མེད།  ཤི་རྒྱུ་ཡིད་ལ་ཤར་ཤར་རེད་ཟེར་ཀུ་རེ་ཞིག་བཤད་ནས་ད་ང་ཚོ་ནང་ཁུལ་བཤད་རྒྱུ་མང་པོ་མེད་ན་ལེགས་ཟེར་པས་ང་རྗེས་མ་བྲོས་མཁན་ཡོད་ན་རྟ་པ་མེ་མདའ(འགོག་རྟ་ཐོག་རས་ཡང་ཟེར)ལེན་ངེས་ཡིན་བཤད།   དེ་ཉིན་ང་ཚོས་ཕྱོགས་ལ་རྟ་གཅིག་བསད་པ་ལས་གཞན་སྐྱོན་ཆ་གང་ཡང་བྱུང་མི་འདུག    གོང་དུ་ང་ཚོས་སར་རྒྱུག་ཡོང་མཁན་རྟ་པ་ལྔ་ཡོད་པའི་དང་པོ་ང་ཚོས་མེ་མདའ་བརྒྱབ་ནས་མི་རྟ་མཉམ་འགྱེལ་བྱས་པ་ནི་ཤུལ་མའི་དཔོན་འགོ་ཞུ་དབང་ཆེན་ཡིན་པ་དང་།  ཁོ་པ་རྟ་དང་མཉམ་དུ་འགྱེལ་ཁུལ་བྱས་པ་ལས་མེ་མདའ་ཐེབས་མེད་པའི་ང་ཚོ་ཡོལ་བ་དང་ཡར་ལངས་ནས་ཕྱིན་འདུག    དེ་ཉིན་ཤུལ་མའི་མི་གཉིས་བསད་པ་དང་དམ་ཆོས་བླ་མ་ཟེར་བ་རྨས་འདུག     གོང་གསལ་མི་གཉིས་བསད་པའི་གཅིག་ནི་དེ་སྔོན་རྒྱ་སྨ་ཆུ་ཚང་དང་དམར་འཛིང་བྱེད་སྐབས་མདའ་ཕིག་རྒྱུ་མེད་པ་དང་སྐད་གྲགས་ཆོད་པའི་མི་ཞིག་རེད་འདུག་པ་དེར་རུ་གསར་བློ་བསྟན་ཟེར་པ་རེད་འདུག   
    དེ་ནུབ་ང་ཚོ་དེར་བསྡད་དེ་མཚན་མོར་ཤར་ནུབ་ཕྱོགས་སུ་རྟ་པ་བདུན་འི་སྲུང་བྱ་བྱས་པ་དང་།   ང་དང་དགའ་ཆུང་།   རྣམ་རྒྱལ་ཕིས་ལུག་བཅས་ང་ཚོ་ས་དཔྱད་ལ་བལྟས་ན་ཕར་ཕྱོགས་སུ་ལུང་ཤུར་ཞིག་ཡོད་པ་དེ་ནས་ཤུལ་མའི་འཇབ་རྒོལ་བྱེད་ཉན་འདུག་པ་དེར་ཕྱིན་ནས་ལྟ་སྐབས་དེར་ཁོ་ཚོའི་མེ་སྒོང་ཞིག་བརྒྱབ་ནས་ཕྱིན་ཚར་འདུག   དེའི་ཕྱིར་ཉིན་ང་ཚོས་ཤུལ་མའི་ནོར་འཕྲོག་པའི་ནང་ནས་ནོར་ཞན་པ་བཞི་བརྒྱ་ཙམ་ཞིག་དེ་གར་བཞག་པ་དང་།  དེ་བྱིངས་ནོར་རྣམས་དེད་དེ་ཕྱིན་དེ་ནུབ་མུ་ནེའི་དར་གཡོལ་ཟེར་སའི་རྒྱབ་ངོས་ལ་ཞག་ཚུགས་གཅིག་བསྡད་དེའི་ཕྱི་ཉིན་ང་ཚོ་ཨ་མདོ་སྟོད་སྡེ་ནང་དུ་སླེབས་ཏེ་སྡེ་ཟུར་ལ་སོ་ལྟ་བྱེད་མཁན་མི་ཁ་ཤས་བཀོད་སྒྲིག་བྱས་ཏེ་ཉིན་བཅུ་ཙམ་བཞག་པ་དང་དེ་མིན་ཨ་ཁུ་འབྲུག་སྐྱབས་དང་།  ལི་པའི་བུ་དགའ།  འཁོར་མོ་བཅས་འབྲང་དཔོན་ཚོས་གཙོ་བོ་བྱས་ནས་ཤུལ་མའི་ནོར་བརྒྱད་བརྒྱ་བཞི་བཅུ་ཐམས་པ་ཡོད་པ་དེ་བགོ་བཤའ་རྒྱག་སྐབས་དེ་སྔོན་ལི་པའི་བུ་དགེའི་རྟ་བཅོ་བརྒྱད་ཤོར་བར་ནོར་༨༠ཚེ་བརྟེན་རྡོ་རྗེའི་ལུག་༥༠༠ཐམས་པ་ཤོར་པར་ནོར༥༠རྡོ་རྗེ་ཚེ་དབང་གི་རྟ༨ཤོར་པར་འབྲི་ཁས་༩༠ཐམས་པ་དེ་མིན་ལྟ་སྒྲུང་གཉིས་ལ་ནོར་མཛོ་རེ་དང་།  བན་རྟ་རེར་ནོར་རེ་རེ།  མ་རག་གི་རྟ་ཤུལ་མས་བསད་པ་དེར་ནོར་༥ཨམ་དཔོན་རྒྱལ་པོ་ལ་ནོར༡༠གུར་འབུམ་པདྨ་གཡུ་རྒྱལ་ལ་ནོར་༡༠ང་ཚོ་མགར་པ་ཁུ་ཚན་བཞི་ལ་མཛོ་པོ་རེ་རེ་རྣམ་རྒྱལ་ཕིས་ལུག་དང་བྱིས་རྟིང་མོ།  ལྷ་བ་བག་བྲོ།   བསམ་འཕེལ་བཅས་ལ་ནོར་རེ།  མདེའུ་བཞི་བཅུ་ཐམས་པར་ནོར་བཞི་བཅས་འོས་བབ་དང་སྟུན་ཏེ་སྤྲད་པ་དང་།  དེ་འཕྲོས་ཀྱི་ནོར་རྣམས་ཆ་སྙོམས་བགོས་པ་བཅས་བྱས་སྐབས་དེ་མུར་ནག་ཆུ་ནས་བྱང་སྤྱི་གསར་སྐོས་ཕ་ལྷས་སྐུལ་དམ་ཞིག་འབྱོར་པ་དེའི་ནང་།ཨ་མདོ་དང་ཤུལ་མ་ཉིས་ཕན་ཚུན་དགྲ་ཇག་རྒྱག་རེས་བྱས་མི་ཆོག   གལ་སྟེ་མི་མཐུན་པ་བྱུང་ཚེ་གནད་དོན་ཇི་ཡོད་ཕན་ཚུན་གྲོས་མོལ་ཐག་གཅོད་བྱེད་དགོས་ཞེས་འཁོད་འདུག   ཡང་དེ་ནས་མི་རིང་བར་ཨམ་སྟོད་དཔོན་སྐལ་བཟང་དགྲ་འདུལ་དང་།  བ་སུག་བསོད་རྡོར་གཉིས་ཀྱི་སར་བྱང་སྤྱི་ཕ་ལྷའི་ཡི་གེ་ཞིག་འབྱོར་སྐུ་དམ་པ་དེའི་ནང་ཤུལ་མར་དགྲ་ཇག་རྒྱག་མཁན་ཨམ་སྟོད་ཀྱི་མི་དེ་ཚོ་ལམ་སང་ནག་ཆུར་བྱང་སྤྱིའི་མདུན་དུ་ཡོང་དགོས་ལུགས་འཁོད་ཡོད་བཟོ་འདུག་འོན་ཀྱང་དཔོན་གཉིས་ཀྱིས་ཡི་གེའི་ནང་དོན་ཞིབ་ཕྲ་བཤད་ན་ང་ཚོ་དོགས་པ་ཟས་ནས་ནག་ཆུར་འགྲོ་མིན་གཡོལ་བྱེད་སྲིད་སྙམས་ནས་ང་ཚོར་ཨམ་སྟོད་ཤོག་ཁའི་དུད་རེ་རེ་བཞིན་གྱི་མི་ཚང་མ་ཚོགས་པ་ཡོང་དགོས།  ང་ཚོ་ཨམ་སྟོད་ཀྱི་མི་ཁ་ཤས་ནག་ཆུར་བྱང་སྤྱིའི་མདུན་དུ་འགྲོ་དགོས་འདུག་ཟེར་བའི་བརྡ་ཐོ་སྐྱེལ་བྱུང་།  ཨ་ཁུ་འབྲུག་སྐྱབས་ཀྱིས་ང་ཚོར་དེའི་སྔོན་དུ་བྱང་སྤྱིའི་ཨམ་སྟོད་ཕན་ཚུན་དགྲ་ཇག་རྒྱག་རེས་བྱེད་རྒྱུ་མེད་པའི་སྐུལ་དམ་འབྱོར་བ་དང་། ད་ལམ་ཡང་བྱང་སྤྱིའི་ཨམ་སྟོད་ཀྱི་མི་ཡོང་དགོས་ཟེར་སྟངས་ལ་ལྟས་ན་ནག་ཆུར་ཨམ་སྟོད་ཀྱི་མི་ཁ་ཤས་འགྲོ་དགོས་ཟེར་པ་ནི་ང་ཚོ་ཡིན་བཟོ་རེད་ང་ཚོ་ནམ་ཆུར་བྱང་སྤྱིའི་སར་འགྲོ་བ་ལས་བྲོས་ན་ཡག་པ་མེད་འགྲོ་བཤད་རྗེས་ངས་དེའི་ཐད་གུར་འབུམ་པདྨ་གཡུ་རྒྱལ་ལ་བློས་འདྲི་བྱས་ན་དགའ་གི་རེད་བཤད་པས་ཁོ་ཚོའི་དེ་རང་ཡིན་ཟེར་ནས་ང་ཚོས་གུར་འབུམ་ལ་བློ་དྲི་བར་གུར་འབུམ་ནས་ང་ཚོ་ནག་ཆུར་ཕྱིན་ན་ལེགས་ཚུལ་བཤད་བྱུང་པས་ང་ཚོས་དེར་ཆ་འཇོག་བྱས་ཏེ་ཚོགས་པར་ཨ་ཁུ་འབྲུག་སྐྱབས་དང་།  ལི་པའི་བུ་དགའ་ང་རང་གུར་འབུམ་འཁོར་མོ་བཅས་འགྲོ་སྐབས་ཚོགས་པ་མེད་པ་དང་།  དཔོན་སྐལ་རྒྱམ་དང་།  བ་སུག་གཉིས་ཀྱིས་ང་ཚོ་མཉམ་དུ་ནག་ཆུར་འགྲོ་དགོས་འདུག་ཟེར་བྱུང་པས་གོང་གསལ་དཔོན་སྐལ་རྒྱམ་དང་།  བ་སུག  ཐོག་དཀར་རྒན་པོ་བཅས་ས་དང་།  ང་ཚོ་མཉམ་དུ་རྟ་པ་བཞི་བཅུ་སྐོར་ཞིག་ནག་ཆུར་ཕྱིན་པ་ནག་ཆུར་སླེབས་སྐབས་བྱང་སྤྱི་དང་པོ་མཁན་ཆུང་ཕ་ལ་ཐུབ་བསྟན་འོད་ལྡན་དང་།  རིམ་བཞི་སུམ་མདོ་བ་གཉིས་ལ་བྱང་གཉིས་རུ་དྲུག་གིས་གསར་མཇལ་ཞུ་བ་དང་ཐུག་འདུག་པའི་ཉིན་ཤས་རིང་བྱང་རིགས་དཔོན་འགོ་ཚོས་བྱང་སྤྱིར་གསར་མཇལ་སྤྲོ་སྐྱིད།  (དེ་སྔོན་ནག་ཆུ་རྫོང་དང་དེ་རྗེས་བྱང་སྤྱི་སོགས་གསར་དུ་སླེབས་སྐབས་བྱང་རིགས་དཔོན་འགོ་ཚོས་གསང་མཇལ་ཞུ་བ་ཞེས་རང་རང་ཤོག་ཁའི་ཚབ་བྱས་ཏེ་དར་ཁ་དང་།  མར་ཐུད་འབུལ་བ་དང་ས་རྫོང་དང་བྱང་སྤྱི་ནས་ཀྱང་ཁོ་ཚོར་སྟབས་བདེའི་ཐུག་ས་སྤྲོ་གཏོང་བ་སོགས་བྱེད་གསོལ་ཡོད་པ)བྱས་སོང་པ་དང་།  སྐབས་དེར་མ་གཞི་བྱང་སྤྱི་གཉིས་ལ་སྐུ་སྲུང་བོད་དམག་ཡོད་རུང་བྱང་རིགས་ཁོངས་ནས་དམག་དཔོན་བཞི་འདེམ་དགོས་འདུག་ཟེར་ང་ཚོ་མི་ཁག་གཅིག་མེ་མདའི་ཚ་ཁ་སྡུར་བཅུག་པ་དེའི་ནང་ང་ཚོ་ཨམ་སྟོད་ཀྱི་ང་དང་།   སྤན་འགྲུབ་ཁམས་པ་ནག་ཐོ་བཅས་དང་།  ཨ་གོང་རུ་བ་ནས་བྱང་མའི་བརྒྱ་དཔོན་གྱི་བུ་བསོད་རྡོར་བཅས་མི་བཞི་མེ་མདའ་ཚ་པོ་ཡོད་པར་བྱང་སྤྱིའི་སྐུ་སྲུང་དམག་དཔོན་ཡིན་ཟེར་གཏན་འཁེལ་བྱས་སོང་།   
དེ་ནས་ཉིན་རེ་གཉིས་སོང་མཚམས་ཉིན་གཅིག་བྱང་སྤྱི་ལྷན་རྒྱས་སར་ཨམ་སྟོད་ཀྱི་དཔོན་དང་ཤུལ་མར་དགྲ་ཇག་རྒྱག་མཁན་ཚོ་ལམ་སང་ཤོག་ཟེར་པའི་བརྡ་སྐྱེལ་བྱུང་པས་དེ་ཕྲལ་ང་ཚོ་བྱང་སྤྱིའི་སར་འགྲོ་སྐབས་བྱང་སྤྱི་གཉིས་ཀྱིས་ང་ཚོས་ཨམ་སྟོད་ལ་ཤུལ་མར་དགྲ་རྒྱག་རྒྱུ་མེད་པ་དང་། གལ་ཏེ་རྩོད་གླེང་ཡོད་ཚེ་འདི་ག་བྱང་སྤྱིར་སྙན་སེང་ཐག་གཅོད་བྱེད་དགོས་པའི་སྐུལ་དམ(བཀའ་བཏང་བ)བཏང་རུང་ཁྱོད་ཚོས་དེ་དང་རྒྱབ་འགལ་གྱི་ཤུལ་མར་དགྲ་ཇག་རྒྱག་དགོས་དོན་གང་ཡིན་ཟེར་གྱི་འདུག་པས་ང་ཚོས་ནང་ནས་སྤན་འགྲུབ་དང་འཁོར་མོ་གཉིས་ཀྱིས་ང་ཚོས་ཤུལ་མར་དགྲ་ཇག་མི་རྒྱག་ཐབས་མེད་བྱུང་ཚུལ་འགའ་ཤས་ཞུས་སོང་པས་བྱང་སྤྱིའི་སྔོན་ལ་ཤུལ་མ་རང་གར་སྡོད་ཡོད་སར་ཇོ་ཀོ་དབང་རྒྱལ་སོགས་ཀྱི་ནོར་ཇག་འདེད་བྱེད་མཁན་ཁྱོད་ཚོ་མ་རེད་དམ་ཁྱོད་ཚོས་འགལ་འདུག་ཟེར་འཁོར་མོ་དང་།  ཁམས་པ་བསོད་ཆུང་།  ལི་པའི་བུ་དགའ་བཅས་འཛིན་བཟུང་བྱས་སོང་སྐབས་དེར་ངས་བསམ་པར་ང་རང་ཡང་ཤུལ་མ་དགྲ་ཇག་མཁན་གྱི་གཙོ་བོ་ཞིག་ཡིན་པས་འཛིན་བཟུང་བྱ་རྒྱུ་ཡིན་ཤག་ལ་ང་ནི་བྱང་སྤྱིའི་སྐུ་སྲུང་བཀོད་འཛུགས་བྱས་པ་ཞིག་ཡིན་སྟབས་བྱང་སྤྱི་ཁ་ལས་ངའི་གདོང་ལ་ལྟས་ནས་སྤོར་རྒན་འདི་ཚོས་ཁྲིམས་ངོ་མ་ཤེས་པ་རེད་ཁྱོད་ཕྲུ་གུར་ཁག་མེད་ཟེར་ནས་འཛིན་བཟུང་བྱས་མ་བྱུང་།   
   དེ་ནས་འཛིན་བཟུང་བྱས་པའི་མི་གསུམ་བཙོན་དུ་བཅུག་རྗེས་ང་དཔོན་སྐལ་རྒྱམ་རྩར་ཕྱིན་ནས་ང་ཚོའི་མི་བཙོན་ལ་བཅུག་པ་རྣམས་རྟ་ལྕག་གཏོང་བ་སོགས་ལུས་ཆད་གཅོད་ངེས་ལ་ཁོ་ཚོ་སྡུག་པོ་མི་ཡོང་ཐབས་གང་འདྲ་བྱས་ན་འགྲིག་མིན་དྲི་སྐབས་དཔོན་སྐལ་རྒྱམ་གྱིས་ད་ང་ཚོས་གང་དྲག་བྱེད་དགོས་ངེས་རེད་ཟེར་གྱི་འདུག་པའི་མ་ཚད་བྱང་སྤྱི་གཉིས་ལ་དངུལ་དང་ཁ་བཏགས་ཕུལ་ནས་གང་དྲག་ཞུ་རྩིས་བྱེད་ཀྱི་འདུག   སྐབས་དེར་ཤུལ་མའི་དཔོན་འགོ་ཞུ་དབང་ཆེན་དང་རྫ་བའི་རྒྱ་མཚོ་སོགས་ང་ཚོའི་སྔོན་དུ་ནག་ཆུར་སླེབས་ཟིན་པ་དང་ནག་ཆུར་སྡད་མུས་ཡིན་པ་ཁོ་ཚོས་ཤུལ་མ་རང་གར་སྡོད་མུས་ལ་ཨམ་སྟོད་ཀྱིས་དགྲ་ཇག་བརྒྱབ་པ་དང་།མི་རྟ་བསད་པ་སོགས་ནི་བྱང་སྤྱིའི་བཀའ་ཁྲིམས་རྡོག་རོལ་བཏང་ནས་གང་མིན་གྱི་བྱ་བ་བྱས་པ་ཞིག་ཡིན་པས་ཁྲིམས་གཅོད་ནན་པོ་དགོས་ཟེར་བྱང་སྤྱི་གཉིས་ལ་ནན་ཞུ་ཐེངས་མང་བྱས་འདུག་པའི་མ་ཚད། ང་ཚོ་ཨམ་སྟོད་ཀྱི་དཔོན་བ་སུག་གི་སར་འགོ་ཞུ་ཨང་ཆེན་དང་། འདུག་དཀར་གཉིས་ལྕོག་ཏུ་ཕྱིན་ནས་ཁོ་ཚོར་ཟུར་དུ་གླེང་མོལ་འགའ་ཤས་བྱུང་ཡོད་པས་ང་ཚོས་ཀྱང་དཔོན་བ་སུག་ཤུལ་མར་ཕྱོགས་པའི་དོགས་པ་བྱས་པ་ཡིན།  དེ་རྗེས་ཉིན་ཤས་རིང་ང་བྱང་སྤྱི་ཕ་ལ་ཐུབ་བསྟན་འོད་ལྡན་སར་ཕྱིན་ནས་ག་ཡི་ལྤགས་ལྔ་སྤྲད་པ་དང་་། འབྲི་ཐུས་མ་ཉི་ཤུ་རྩ་ལྔ་རྗེས་སུ་སྤྲད་རྒྱུ་བྱས་པ་དང་། ཡང་བྱང་སྤྱིའི་གཉེར་པ་དང་ཕྱག་མཛོད་ཚོ་ལ་ཡང་བཙོན་དུ་ཡོད་པའི་མི་དེ་ཚོ་ལུས་ཐོག་ཏུ་ཁྲིམས་གཅོད་མེད་པ་དང་།  མགྱོགས་མྱུར་བཏང་རོགས་ཀྱིས་མི་དེ་ཚོ་ནི་ང་ཚོ་ཨམ་སྟོད་ཀྱི་གལ་ཆེའི་མི་སྣ་རྐྱང་བ་ཡིན་པས་ཁོ་ཚོ་སྡུག་པོ་བཏང་ན་ཨམ་སྟོད་ཚོ་ཤོག་ཁ་འཐོར་རྒྱུ་ཡིན་པས་ཁྱེད་རྣམས་པར་མིང་ཡག་པོ་མི་ཡོང་པ་དང་།  ནང་འཁྲུག་ཡང་བྱུང་སྲིད་པའི་དེ་དོན་དགོངས་འཇགས་གནང་རོགས་ཟེར་ཞུ་པ་ནན་གྱིས་ཕུལ་པ་ཡིན།  ཕ་ལྷ་ནས་ཁྱོད་རང་ཞེད་དགོས་ཀྱི་མ་རེད་སྐྱོན་མི་ཡོང་ཞེས་བཤད་ཀྱི་འདུག་དེ་ཕྲལ་ང་དཔོན་སྐལ་རྒྱམ་རྩར་ཕྱིན་ཏེ་ངས་དེ་འདྲ་བྱས་པ་ཡིན་ཟེར་ཞུས་པ་ཡིན། དེའི་ཕྱི་ཉིན་བྱང་གི་ལྷན་རྒྱས་འཚོགས་སྐབས་དཔོན་སྐལ་རྒྱམ་དང་། ང་སྤན་འགྲུབ་བཅས་ང་ཚོ་ཕྱིན་ནས་བྱང་སྤྱི་གཉིས་ལ་དར་ཟབ་དང་དངུལ་ཊམ་རྡོ་གསུམ་རེ་ཕུལ་ནས་སླར་ཡང་མི་བཙོན་དུ་ཡོད་པའི་མི་དེ་ཚོ་ལུས་ཐོག་ཆད་གཅོད་མེད་པ་དང་། མགྱོགས་མྱུར་གཏོང་རོགས་ཀྱིས་ཟེར་ཞུ་བ་ཕུལ་པ་ཡིན། ཕ་ལྷ་ནས་འོ་ན་མི་དེ་ཚོས་སླད་ཕྱིན་ཚུལ་མཐུན་ཁྲལ་མཇལ་ཁྲིམས་ཁུར་བྱེད་པའི་ཁ་ཐེག་མགར་བའི་དབང་རྣམ་དང་། སྤན་འགྲུབ་ཁྱོད་གཉིས་ཀྱིས་ཐུབ་པ་འདུག་གམ་ཟེར་བས་ང་གཉིས་ཀྱིས་དེ་དོན་འགན་ལེན་ཁ་ཐེག་ཞུ་རྒྱུ་ཡིན་ཟེར་ཞུས་པ་ཡིན། འོ་ན་ཁྱོད་ཚོའི་མི་བཙོན་ཁང་ནས་བཏང་ཆོག་ཁྱོད་རང་ཚོས་ཁྲིད་རྒྱུག་ད་རེས་དགོངས་བཞེས་ཚད་མེད་གནང་པ་ཡིན་ཟེར་བྱང་པས་ང་ཚོའི་དེ་ཕྲལ་འཁོར་མོ་སོགས་བཙོན་དུ་ཡོད་པའི་མི་རྣམས་བཙོན་ཁང་ནས་བཏོན་པ་ཡིན།ཁོ་ཚོས་ང་ཚོ་ད་ལམ་བཙོན་དུ་རྒྱུན་རིང་སྡོད་དགོས་མ་བྱུང་བ་དང་།ལུད་པོར་ཁྲིམས་གཅོད་མ་རག་པ་ཁྱོད་ཚོས་སྐུ་དྲིན་ཡིན་ཟེར་བཤད་ཀྱིན་འདུག 
   དེ་ནས་ཉིན་ཤས་རིང་ཤུལ་མ་དང་།ང་ཚོའི་གྱོད་གཞིའི་ཐད་ཕན་ཚུན་དགྲ་ཇག་བརྒྱབ་པ་དང་།མི་རྟ་བསད་རྨས་བྱུང་བའི་སྐོར་གྱོད་ཡ་ཕན་ཚུན་གྱི་རྩོད་གཞིར་ཁ་འགྲིགས་མིན་དང་།ཕྱོགས་འགལ་མང་བོ་བྱུང་རུང་བྱང་སྤྱི་ལྷན་རྒྱས་ལ་ཞུ་ཐོ་ཕུལ་བ་དང་།གདོང་ཐུག་རྩོད་གླེང་མང་བོ་བྱས་མཐར་བྱང་སྤྱི་གཉིས་ཀྱིས་ཕན་ཚུན་མི་རྟ་བསད་པ་གླེང་མོལ་ཐོག་ཨ་སྟོད་ཀྱིས་ཤུལ་མར་ནོར་བཞི་བརྒྱ་ལྔ་བཅུ་ཐམ་པ་སྤྲོད་རྒྱུ་དང་།ཤུལ་མས་ཨམ་སྟོ་ལ་ལུག་ལྔ་བརྒྱ་ཐམ་པ་དང་།རྟ༢༦སྤྲོད་རྒྱུ་བཅས་དང་སླད་ཕན་ཚུན་སུ་ཐད་ནས་དགྲ་རྒྱག་གནང་སྤྱོད་རོགས་གནས་ནས་བྱ་རྒྱུ་མེད་པ་དང་།གལ་ཏེ་དེ་ལས་འགལ་ནས་དགྲ་རྒྱག་གནང་སྤྱོད་རོགས་བྱུང་ཚེ་ཕན་ཚུན་སུ་ཐད་ཀྱི་དེ་གའི་འགོ་དཔོན་གྱིས་འགན་འཁུར་ཏེ་མི་རྟ་དང་།གོ་ལག་བྱང་སྤྱི་གཉིས་ལ་རྩིས་སྤྲོད་དགོས་པ་བཅས་ཀྱི་དཔྱད་ཁྲལ་ཁྱབ་བསྒྲགས་བྱས་ནས་ཐག་གཅོད་བྱས་པ་རེད།

    ང་རང་ལོ་ཉི་ཤུ་རྩ་ལྔ་སླེབས་སྐབས་ང་ཡི་སྤུན་སྐལ་བསྟན་དང་ཞང་པོ་ནོར་སྲིད་གཉིས་གཙོས་རི་དྭགས་རྒྱབ་པར་ཕྱིན་པ་གཙང་རྒྱུད་ཤོག་ཁའི་ཇག་པ་བྱུ་རག་བཀྲ་ཚེ་དང་།གཡར་རྩི་རྒྱ་རྣམས་སོགས་ཇག་པ་ཚོ་གཅིག་དང་།ཕྲད་ནས་གཙང་རྒྱུད་ཇག་པས་སྐལ་བསྟན་དང་ནོར་སྲིད་གཉིས་བསད་པ་དང་།མེ་མདའ་གཉིས་འབྲལ་ཆས་དང་ཁལ་གཡག༢༠རྟ་བཅས་ཚང་མ་ཁོ་ཚོས་འཕྲོད་འདུག་པ་ཟེར་བ་ང་ཚོས་ཧ་གོ་བྱུང་པས་ངས་ལམ་སང་དགྲ་ལེན་སྤྲོད་རྒྱུའི་སེམས་ཐག་བཅད་པ་ཡིན་འོན་ཀྱང་ཨ་ཁུ་འབྲུག་སྐྱབས་ཀྱིས་དགྲ་ཤ་ལེན་རྒྱུ་ཏོག་ཙམ་དང་འགྱང་ནས་སྐྱོན་མི་ཡོང་དེ་ལས་མི་གཉིས་བསད་པ་དེའི་རྗེས་འཇུག་དགེ་རྩ་སྒྲུབ་རྒྱུ་གལ་ཆེན་ཡིན་པའི་སྔོན་ལ་དགོན་སྡེ་བསྙེན་བཀུར་དང་།བླ་མ་སྔོ་ཞུས་བྱས་ན་དགའ་གི་རེད་ཟེར་གྱི་འདུག་པས་དེ་ལྟར་བྱས་བ་ཡིན།དེ་ནས་ཟླ་གཉིས་ཙམ་ཕྱིན་རྗེས།    ང་ཚོས་ཨམ་སྟོད་དཔོན་བ་སུག་བསོད་རྡོར་སར་ཡིག་འཕྲིན་སྐུར་ནས་གཙང་རྒྱུད་པས་ང་ཚོའི་མི་གཉིས་བསད་པ་དང་།མེ་མདའ་དང་འབྲང་ཆས་སོགས་འཕྲོག་པའི་དགྲ་ལེན་ལེན་པར་ང་ཚོ་སྤུན་ཉེ་ཚོ་འགྲོ་རྩིས་ཡིན་ཨམ་སྟོད་སྡེ་དཔོན་གྱིས་ང་ཚོས་དམག་སྣོན་གང་མང་གཏོང་རོགས་བརྗོད་པ་དང་། ང་ཚོས་ཐག་ཉེར་ཡོད་པའི་སྡེ་དུད་ཚོར་ཡང་གང་སར་ཆ་འཕྲིན་སྐུར་ནས་མགྱོགས་མྱུར་གཙང་རྒྱུད་ཤོག་ཁའི་ནང་དུ་དགྲ་ལན་ལེན་པར་འགྲོ་དགོས་པའི་སྐུལ་སློང་བྱས་མཐར་ཉིན་ཤས་སོང་རྗེས་མི་ཁག་གཅིག་སྔོན་ལ་འདུ་འཛོམས་བྱུང་པའི་བོད་ཟླ་༣ཚེས༣ཉིན་ང་ཚོ་དེར་ཡོད་རྣམས་སྔོན་ལ་ཐོན་པ་དང་། རྗེས་ལ་དམག་རོགས་ཡོང་མཁན་ཚོ་དེར་སྒུག་སྡོད་ཀྱི་ག་ལེར་སྐྱོད་སྐབས་སྔ་རྗེས་མི་ཁག་གཅིག་སླེབས་བྱུང་བ་ཚང་མ་སྡོམ་ན་དམག་མི་བཞི་བཅུ་ཙམ་དེ་ནས་ང་ཚོ་ཤར་སྐྱོད་སྐབས་ལམ་བར་ས་ཆ་ཞིག་ནས་རྟ་དུམ་གཅིག་མཐོང་གི་འདུག་པས་ང་ཚོ་དེའི་ཐག་ཉེར་སླེབས་སྐབས་རྟ་དེ་ནི་དེ་སྔོན་ང་ཚོའི་རྟ་དགྲ་ཤོར་བ་རེད་འདུག་རྗེས་སུ་གོ་ཐོས་ལ་གོང་གསལ་གཙང་རྒྱུད་ཇག་པའི་བའི་སྤུན་སྐལ་བསྟན་དང་། ནོར་སྲིད་གཉིས་བསད་ནས་མེ་མདའ་དང་།རྟ་ཁལ་འཕྲོག་ཏེ་ཁོ་ཚོ་ལོག་འགྲོ་པའི་ཉིན་དང་པོའིི་མཚན་མོར་ཁོ་ཚོའི་སར་ཨ་མདོའི་ཡུལ་ལྷའི་ཆོ་འཁྲུལ་ཡིན་པ་འདྲ་ཟེར་པའི་མེ་དམར་པོ་ཞིག་སླེབས་ནས་འུར་སྒྲ་ཆེན་པོ་ཞིག་གྲགས་ཏེ་ཁོ་ཚོའི་རྟ་ནོར་ཚང་མ་རི་ལ་ཤོར་པ་དང་། མི་ཚང་མ་བྲོས་པ་རེད་ཟེར་གྱི་འདུག་དེ་ནུབ་ང་ཚོ་དེར་སྡད། དེའི་ཕྱིར་ཉིན་ང་ཚོ་སྔ་པོར་གྲི་ནག་ལུང་རིང་དཀར་མོ་ཟེར་པའི་ཐང་གཞུང་བརྒྱུད་སྐྱོད་དེ་ཉིན་གུང་ཙམ་ལ་ང་ཚོ་སྔོན་དུ་འགྲོ་མཁན་གཅིག་གི་ཆུ་མིག་ཡོད་ས་ཞིག་ལ་ཇ་བཀོལ་ནས་སྡད་པ་ཡིན་ང་ཚོས་ཇ་བཀོལ་མ་ཐུབ་གོང་རྗེས་མ་ཚོ་ཡང་དེར་སླེབས་བྱུང་པས་སྒྲུང་མཁན་རྡོ་རྗེ་དོན་འགྲུབ་ཟེར་པ་དེ་སྨྱོ་བ་འདྲ་པོ་ཞིག་བྱས་ནས་འདུག་རྒྱུ་མི་འདུག་དགྲ་ཐུག་གྲབས་འདུག  ནམ་མཁར་སྤྲིན་ནག་འཁྲིགས་པ་དང་། ས་གཞུར་རྡུར་དམར་འཁྲིགས་ཀྱི་རེད་ང་སྔོན་ལ་འགྲོ་ཟེར་གྱི་འདུག་པས་སྒྲུང་མཁན་དང་། ང་ཚོ་ཁ་ཤས་སྔོན་དུ་ཕྱིན་པ་དང་། གཞན་རྣམས་ཀྱང་རྗེས་སུ་ཡོང་མུས་ལ་གང་མཚམས་ནས་རྗེས་མ་རྣམས་ཀྱིས་ཕར་ཕྱོགས་ཀྱི་རི་སྒང་ནས་མི་རྟ་ཁ་ཤས་བྲོས་སོང་ཟེར་ཀི་འབོད་བྱས་བྱུང་པས་དེ་ཕྲལ་ང་དང་ཨ་བན་སྤུག་སྡིས་མགོ་ཆུག་བཅས་མི་གསུམ་མགྱོགས་མྱུར་ཁོ་ཚོ་བྲོས་འགྲོ་བའི་མདུན་ཕྱོགས་སུ་རྒྱུག་ནས་ཁོ་ཚོ་ལམ་སྒུག་བྱ་རྩིས་ལ་ཁོ་ཚོ་ཏག་ཏག་གདོང་ཐུག་རྒྱབ་འདུག་སྐབས་དེར་ནམ་མཁའ་ནས་གངས་ཆར་ཞིག་ཀྱང་བབས་བྱུང་བ་དང་ས་ཡང་རུབ་གྲབས་འདུག་ཁོ་ཚོ་ནག་ཧྲོག་ཧྲོག་མཉམ་དུ་རུག་པ་འདྲ་པོ་བྱས་སོང་པས་ངས་དེར་གཏད་དེ་མེ་མདའ་ཞིག་རྒྱབ་པ་དེ་མེ་དམར་ཆེ་ལེར་ཁོ་ཚོའི་དཀྱིལ་ལ་ཐིམ་སོང་པའི་མེ་མདའ་རྒྱག་ཐེངས་གཅིག་ལ་མི་གཉིས་ལ་ཐེབས་ནས་གཅིག་གི་རྐུབ་ལ་རྨས་སྐྱོན་བཟོས་པ་དང་།  གཅིག་གི་རྐང་པར་རྨས་སྐྱོན་ཚབ་ཆེན་བཟོས་པའི་མ་ཚད་རྟ་གཅིག་ཀྱང་བསད་འདུག   མི་གཅིག་དེ་ཕྲལ་ཁོ་ཚོའི་ཐག་ཉེར་གྲོག་རོང་ཞིག་ཡོད་པ་དེར་ཕྱིན་ནས་མེ་མདའ་རྒྱག་རྩིས་བྱེད་ཀྱི་འདུག  དེ་ཕྲལ་ངས་རྟ་དེར་བཞག་སྟེ་རྐང་ཐང་མར་ལག་མདའ་ཁྱེར་ནས་ཁོའི་རྩར་ཕྱིན་ནས་སྐྱབས་བླ་འགོ་སྒུར་ཟེར་ཀི་འབོད་བྱས་པས་ཁོས་ལགས་སོ་ཟེར་མགོ་སྒུར་སོང་ང་ཁོ་རང་སར་སླེབས་སྐབས་ཁོ་རང་མེ་མདའ་ཐེངས་ལྔ་རྒྱག་རྩིས་བྱས་རུང་འབར་མ་ཐུབ་ནས་མེ་མདའི་སྤོར་ཏོག་ཨབ་ཁུང་ནང་བཅུག་རྩིས་བྱེད་ཀྱིན་སྡད་འདུག   

    ཁོ་པར་སྐད་ཆ་དྲི་སྐབས་ཁོ་པ་ནི་ངས་སྤུན་བསོད་མཁན་དབྱར་རྩི་རྒྱས་རྣམ་ཡིན་པ་ཁས་ལེན་་བྱས་སོང་བའི་མ་ཚད་གཙང་རྒྱུད་ཀྱི་སྡེ་རྣམས་རུ་བ་སྡོད་སྟངས་ཞིབ་ཕྲ་ཤོད་ཀྱི་འདུག་ངས་སེམས་ནང་ཁོང་ཁྲོ་ཚད་མེད་ཡོང་གི་འདུག་འོན་ཀྱང་ཁོ་པ་མགོ་སྒུར་སོང་ཙང་བསད་ན་རུང་གི་མ་རེད་སྙམས་ནས་བཞག་པ་ཡིན། དེ་མུར་ང་ཚོའི་མི་རྗེས་མ་ཚོ་ཡང་དེར་སླེབས་བྱུང་པས་ངས་ཁོ་པ་ནི་ངའི་སྤུན་སྐལ་བསྟན་བསོད་མཁན་རེད་འདུག་ཟེར་ཁོ་ཚོར་ཤོད་སྐབས་ཁོ་ཚོས་འོ་ན་མི་འདི་དམར་གསོད་གཏོང་དགོས་ངེས་རེད་ཟེར་ཡང་ངས་ཡང་བསྐྱར་མནོ་བསམ་བཏང་སྟེ་མགོ་སྒུར་པའི་མི་བསོད་རྡུང་བྱེད་པ་འམ་སྡུག་པོ་བཏང་ན་དེ་ནི་ཕོ་ཐ་མའི་བྱེད་སྟངས་ཤིག་རང་རེད་སྙམས་ནས་ཁོ་པ་ལོག་རྒྱུག་ཟེར་ཕྱིར་ལོག་བཏང་བ་ཡིན། དེ་ནས་ང་ཚོ་དེ་དགོང་དེར་ཇ་བཀོལ་ནས་གང་འཚམས་སྡད་རྗེས་མཚན་མོར་དབྱར་རྩི་རྒྱས་རྣམ་ཀྱིས་བཤད་པ་ལྟར་ན་དེ་ནས་མི་རིང་པར་གཙང་རྒྱུད་ཀྱི་སྡེ་་དུད་བརྒྱ་སྐོར་ཞིག་ཡོད་པ་དེའི་ཚུར་ཕྱོགས་སུ་ཇུ་རག་བཀྲ་ཚེ་ཡོད་སའི་སྡེ་དུད་བཅུ་སྐོར་ཞིག་བསྡད་ཡོད་ཚོད་འདུག་པ་དེའི་ཕྱོགས་སུ་རྒྱུག་དམག་རྣམས་ཤར་སྐྱོད་བྱས་ཏེ་ཇུ་རག་བཀྲ་ཚེ་ཡོད་སའི་སྡེ་དུད་བཅུ་སྐོར་དེའི་སར་སླེབས་ནས་ལུག་གཅིག་སྟོང་སྐོར་དང་། ནོར་སུམ་བརྒྱ་སྐོར་རྟ་ལྔ་བཅས་དེད་ནས་ཕྱིར་ལོག་བྱས་པ་དང་། ཕྱི་ཉིན་ཞོགས་པ་གཙང་རྒྱུད་ཀྱི་རྟ་པ་དྲུག་བཅུ་སྐོར་ཞིག་གིས་རྗེས་འདེད་བཏང་ཡོང་གི་འདུག ང་ཚོའི་མི་ཁག་གཅིག་གིས་རྗེས་ལ་ནོར་ལུག་རྣམས་དེད་ནས་ཡོང་བ་དང་།  ང་ཚོ་མི་ཁ་ཤས་སྔོན་ལ་སོ་བལྟ་བྱེད་བཞིན་འགྲོ་གི་ཡོད་གཙང་རྒྱུད་ཀྱི་རྟ་པ་རྣམས་ཤར་སེར་ཡོང་ནས་ང་ཚོ་དང་ནོར་ལུག་འདེད་མཁན་གྱི་བར་ལ་སླེབས་ཚར་གྱི་འདུག སྐབས་དེར་ང་ཚོས་མདུན་དུ་གཙང་པོ་ཞིག་ཡོད་པ་དེ་དོན་བདེ་པོ་མེད་པས་ང་ཚོ་ཡར་ཙམ་ཆུ་རྒྱུན་དུ་ཕྱིན་ནས་དར་ཟམ་ཞིག་ཐུག་པ་དང་དེ་དོན་ཏེ་གཙང་པོའི་ཕར་ཕྱོགས་སླེབས་མཚམས་དེ་ཕྲལ་གཙང་རྟ་པ་ཚོ་དང་།  འཛིང་རྩིས་ཀྱིས་ཁོ་ཚོས་མི་ཁ་ཤས་བསོད་དགོས་བསམ་བྱུང་འོན་ཀྱང་ཁོ་པ་ཚོ་ནོར་ལུགས་འདེད་མཁན་ཕྱོགས་སུ་འགྲོ་བ་ལས་ང་ཚོའི་ཕྱོགས་སུ་ཡོང་ནུས་མ་སོང་། ང་ཚོས་ཀྱང་དེར་ཕྱོགས་སུ་རྒྱུག་ནས་ནོར་ལུག་འདེད་མཁན་སྐྱོབ་རྩིས་བྱས་པ་ཡིན།  ཡང་ཁོ་ཚོས་ང་ཚོ་དེར་ཕྱོགས་སུ་རྒྱུག་ཡོང་བ་མཐོང་ནས་ཐེ་ཚོམ་ངང་བལྟ་ཙམ་བལྟ་ཙམ་བྱས་མཐར་མེ་མདའ་གཅིག་ཀྱང་མ་རྒྱབ་པར་རྟ་པ་དྲུག་ཅུ་ཚང་མ་ཕྱིར་བྲོས་བྱས་སོང་། དེ་ནས་གང་འཚམས་སོང་རྗེས་བུད་མེད་དང་།  ཕྲུ་གུ་མང་པོ་ཞིག་རྐང་ཐང་མར་རྒྱུག་ཡོང་གི་འདུག་པ་དེ་ཚོས་ཁྱོད་ཚོས་ལུག་མ་མོ་ཚང་མ་འདེད་པར་བརྟེན།  ལུག་ཕྲུག་ཡོད་ཚད་སྡད་ཡོད་པ་རྣམས་ཚང་མ་ཤི་རྒྱུད་ཡིན་པས་མ་མོ་རྣམས་ཕྱིར་སྤྲོད་རོགས་ཟེར་ཞུ་བ་འཐེན་གྱི་འདུག་པས་ང་ཚོས་ལུག་མ་མོ་ལྔ་བརྒྱ་ཙམ་ཞིག་ཕྱིར་སྤྲད་པ་ཡིན། 

    དེ་ནས་ང་ཚོ་རིམ་གྱིས་སྐྱོད་པ་དང་། མི་ཁ་ཤས་ཕྱི་སོ་བལྟ་བར་བཏང་པ་ཡིན། ང་ཚོ་རྒྱབ་ནག་གོང་ཟེར་སར་སླེབས་སྐབས་ཕྱི་སོ་བལྟ་མཁན་གྱིས་ཡང་གཙང་རྒྱུད་ཀྱི་རྟ་པ་མང་པོར་ཡོང་གི་འདུག་ཟེར་ཀི་འབོད་བྱེད་ཀྱི་འདུག་པས་ང་ཚོས་མི་ཁ་ཤས་ནོར་ལུག་འདེད་བཅུག་པ་དང་། དེ་བྱིང་རྒྱུག་དམག་རྣམས་ཚོ་གཉིས་སུ་བགོས་ནས་སྒུག་བསྡད་པ་ཡིན་ང་ཚོ་གཙང་རྒྱུད་ར་མདས་མཐོང་མ་སོང་ཁོ་ཚོ་ཤར་རེར་ཡོང་གི་འདུག་དེ་འདྲ་ཞིག་ལ་ང་ཚོས་མི་གཅིག་གིས་མེ་མདའ་ཁ་ཤོར་པའི་མེ་སྐད་ཁོ་ཚོས་གོ་ནས་ཐེ་ཚོམ་གྱི་ནག་འཁྲིག་གེར་སྡད་སོང་པས་དེ་མ་ཐག་ང་ཚོས་མེ་མདའ་རྒྱབ་པ་ཡིན།  ཁོ་ཚོས་ཀྱང་མེ་མདའ་ཁ་ཤས་རྒྱབ་བྱུང་མཐར་ཁོ་ཚོ་མི་གསུམ་ལ་རྨས་སྐྱོན་བྱུང་བ་དང་། རྟ་གསུམ་བསད་འདུག་ང་ཚོར་སྐྱོན་གང་ཡང་མ་བྱུང་། དེ་རྗེས་ཁོ་ཚོ་ཚང་མ་ཕྱིར་བྲོས་བྱས་སོང་ང་ཚོ་ཡང་ལམ་བར་སོ་ལྟ་བྱེད་བཞིན་ཕྱིར་ལོག་ཡོང་བ་ཁྱིམ་ལ་སླེབས་རྗེས་ངས་སྤུན་སྐལ་བསྟན་འདས་པོ་ཚང་དང་།   ནོར་སྲི་འདས་པོའི་ནང་ཚང་ཁག་སོ་སོར་ལུག་ཉིས་བརྒྱ་ལྷག་ཙམ་རེས་སྤྲད་པ་དང་།  དེ་བྱིང་རྟ་ནོར་རྣམས་ང་རང་ཚོར་བབ་མཚུངས་བགོ་བཤའ་རྒྱབ་པ་ཡིན།    
    ང་ལོ་༢༥ལོར།ངས་གཙང་རྒྱུད་ཇུ་རག་བཀྲ་ཚེ་སྐོར་བཅས་ཀྱིས་ངས་སྤུན་སྐལ་བསྟན་དང་།  ཞང་པོ་ནོར་སྲི་གཉིས་བསད་པའི་དགྲ་ལན་ཐེངས་གཅིག་སྤྲོད་ཡོང་རུང་།   བློ་ཁ་མ་རྫོགས་པར་ད་དུང་དགྲ་ལན་ཐེངས་གཉིས་པ་ལེན་མ་ཐུབ་ན་ང་མི་སྡོད་ཐག་ཆོད་ཡིན་ཟེར་བཤད་པ་ཡིན་ཞང་པོ་ནོར་སྲི་འདས་པོའི་སྤུན་སྐལ་ལྡན་གྱིས་ཀྱང་དེ་ལྟར་བྱེད་དགོས་ཟེར་ང་གཉིས་ཀྱིས་མི་རེར་མེ་མདའ་སྤུས་ལེགས་རེར་རིན་གོང་མཐོན་པོ་སྤྲད་ནས་ཉོས་རྗེས་ང་རང་དང་།  ཞིང་པོ་སྐལ་ལྡན་ཤོ་པ་རྒྱབ་ལེབ།  ཀླུ་ཟོག་ཁྱི་དགའ།   ཨ་བན་སྤུག་སྡིས་ཡི་དམ་སོགས་མི་བཅུ་ཆས་ཏེ་ཞག་པོ་དྲུག་སོང་བདུན་གྱི་ཉིན་མོར་མགར་རྫ་རིང་ཟེར་པའི་ས་ཆ་དེར་ཞག་ཚུག་གཅིག་བསྡད་པའི་མཚན་མོར་མིག་ལྟས་འགའ་ཞིག་བྱུང་།  ནམ་གསལ་བ་དང་ངས་དེ་རིང་ང་ཚོ་ཟབ་ནན་བྱེད་དགོས་པ་འདུག་བརྗོད་ནས་ཨ་བན་སྤུག་སྡིས་ང་གཉིས་སྔོན་ལ་ཕྱིན་པ་དང་མི་གཞན་རྣམས་རྗེས་ལ་ག་ལེར་ཤོག་ལབ་ང་གཉིས་སྔོན་ལ་རི་མགོ་མཐོ་སར་ཕྱིན་ནས་སོ་ལྟ་བྱེད་སྐབས་ཁ་བ་འབབ་ཀྱི་འདུག་པས་གངས་ཀྱང་མཐོང་ཐུབ་ཀྱི་མི་འདུག   ང་གཉིས་ཚུར་ལོག་ཡོང་བ་འབྲང་སར་སླེབས་སྐབས་ཁོ་ཚོས་ཇ་བཀོལ་ནས་བསྡད་འདུག    ང་ཚོ་ཇ་འཐུང་ཚར་བ་དང་ཁྱོད་ཚོ་རྗེས་ལ་ཤོག་ང་གཉིས་སྔོན་ལ་འགྲོ་ལབ་ནས་སོང་པས་གངས་ཀྱི་དཀྱིལ་ནས་ནོར་བརྒྱ་ཙམ་འདེད་པའི་འགྲུལ་བ་ཞིག་ཡོང་གི་འདུག ང་ཚོས་འགྲུལ་བ་ཕ་གིའི་ཅི་བྱེད་ལྟ་དགོས་ལབ་ནས་དེ་མདུན་བསྒུག་བྱས་ཏེ་བསྡད་པ་ཡིན་འགྲུལ་པ་དེའི་ཡོང་མཚམས་བཞག་ནས་མི་གཉིས་སྔོན་ལ་སོ་ལྟ་བྱེད་པར་ཡོང་བ་དེས་ང་ཚོར་དེར་ཡོད་པ་མཐོང་སོང་པས་དེ་ཕྲལ་ཁོ་ཚོའི་མི་ཁ་ཤས་ཀྱི་ཐང་དཀྱིལ་ལ་དེའུ་འབུར་ཞིག་ཡོད་པ་དེའི་རྩེར་ས་བཟུང་ནས་བསྡད་སོང་།   ང་ཚོས་ཞང་པོ་སྐལ་ལྡན་དང་།  ཨ་ཁུ་བརྒྱད་པ་གཉིས་བྱང་ནུབ་ངོས་ལ་རོང་ཤུར་ཞིག་ཡོད་པ་དེར་འགྲོ་རྒྱུ་དང་ཤོ་བ་རྒྱབ་ལེབ་་དང་།  སྤུག་བསྟན་གཉིས་ལྷོ་ངོས་སུ་དེའུ་འབུར་ཞིག་ཡོད་པ་དེར་འགྲོ་རྒྱུ་བྱས།   ཡང་ང་ཚོས་བྱང་ངོས་སུ་རོང་ཤུར་ཞིག་འདུག་པ་དེའི་སར།    ཡི་དམ་དང་།  ཁྱི་དགའ་གཉིས་འགྲོ་རྒྱུ།   ཨོ་ཡོ་དང་།  ང་གཉིས་ཤར་ཕྱོགས་སུ་དེའུ་འབུར་ཞིག་ཡོད་པ་དེར་འགྲོ་རྒྱུ་བཅས་བྱས་ནས་འཐབ་བཟུང་རྩིས་བྱས་པ་དང་དེ་རིང་ཁོ་ཚོས་སྔོན་ལ་འཐབ་ས་བཟུང་པའི་དེའུ་འབུར་དེ་མཐོ་ཙམ་ཡོད་པས་ང་ཚོའི་འཐབ་ས་ཚང་མ་ཁོ་ཚོས་གསལ་ཙམ་མཐོང་ནས་མེ་མདའ་བརྒྱབ་བདེ་པོ་ཡོད་པས་ཉེན་ཁ་ཆེ་ཙམ་ཡོད་པ་རེད་འོན་ཀྱང་ཁོ་ཚོས་ང་ཚོར་མེ་མདའ་མ་འཕངས་ན་ང་ཚོས་ཀྱང་མེ་མདའ་རྒྱག་རྒྱུ་མེད་པ་དང་། ཁོ་ཚོས་མེ་མདའ་བརྒྱབ་བྱུང་ན་ང་ཚོས་ཀྱང་ལན་སློག་རྒྱུ་རང་རེད་སྔོན་ལ་ས་བཟུང་དགོས་པ་དང་དེ་རྗེས་ཁོ་ཚོས་གང་བྱེད་བལྟ་དགོས་ལབ་ནས་གོང་གསལ་གཏན་འཁེལ་བྱས་པའི་ས་ཆར་ཁག་བགོས་ཏེ་རྒྱུག་པ་དང་།  
ང་ཚོ་ཡི་དམ་སོགས་མི་བཞི་རྒྱུག་མ་ཐུབ་གོང་ལ་ཁོ་ཚོས་ཁག་ཁག་ཟེར་ནས་མེ་མདའ་བརྒྱབ་བྱུང་།  ངས་ཁོང་ཚོར་མེ་མདའ་ཁ་ཤས་བརྒྱབ་ནས་ཁྱོད་ཚོ་གསུམ་སྔོན་ལ་རྒྱུག་ན་དགའ་གི་རེད་ལབ་ནས་མེ་རུ་ས་ལ་བཙུགས་ནས་རྒྱག་རྩིས་སྐབས་ཁོ་ཚོས་མི་གཅིག་ཡར་ལང་པ་དང་ཁ་ཐུག་འཁེལ་སོང་པས་ངས་མེ་མདའ་གཅིག་འཕངས་པ་དང་།  ཁོ་པ་ས་ལ་བསྡད་སོང་ངས་དེ་འཕྲལ་རྟ་བཞོན་ནས་རོགས་པ་གསུམ་གྱི་རྗེས་སུ་རྒྱུག་པ་ང་ཚོ་བཞི་མཉམ་དུ་འཛོམས་ནས་ལྟ་སྐབས་ཕར་ཕྱོགས་སྐལ་ལྡན་དང་།  ཨ་ཁུ་བརྒྱད་པ་གཉིས་དང་ཁོ་ཚོ་ཕན་ཚུན་མེ་མདའ་འཕེན་རེས་བྱེད་བཞིན་འདུག  ངས་ད་ཁྱོད་ཚོ་གསུམ་གྱི་འདི་ནས་མེ་མདའ་གང་མང་རྒྱོབས་ང་ཚོ་ཁོ་ཚོའི་ཤར་ཕྱོགས་སུ་དེའུ་འབུར་གྱི་མཚམས་དེར་ས་རོང་ཞིག་འདུག་པ་དེར་རྒྱུག་ནས་ཁོ་ཚོ་མཐོང་སར་མེ་མདའ་རྒྱག་ས་ཞིག་ཨེ་འདུག་བལྟ་ཡོང་ཟེར། དེར་རྟ་བཞོན་ནས་མགྱོགས་པོར་རྒྱུག་པ་ཡིན།   ང་ས་དེ་མ་སླེབས་ཙམ་ལ་ཁོ་ཚོས་དེའུ་འབུར་རྩེ་ནས་མེ་མདའ་ཁ་ཤས་བརྒྱབས་བྱུང་པས་ངའི་རྟ་འགྱེལ་སོང་། ང་ཡང་རྟ་ཐོག་ནས་མཆོང་ནས་ས་ལ་འཇུས་ཏེ་མེ་རུ་བཙུགས་ནས་རྒྱག་རྩིས་བྱེད་སྐབས་དེ་མ་ཐག་ཁོ་ཚོས་མི་རྟ་གཉིས་ཀ་བསད་ཚར་སོང་སྙམ་སྟེ་ཁྱོད་ལ་དགོས་རྒྱུ་དེ་ཡིན་ཟེར་ན་ཀི་ཧོ་ཧོ་ཟེར་དེའུ་འབུར་རྩེ་ནས་མི་གསུམ་ཤར་རེར་ངས་སར་མཆོང་བྱུང་པས་ངས་མེ་མདའ་གཅིག་འཕངས་བ་དེ་སྔོན་མི་གཅིག་འདུག་པ་དེའི་བྲང་ལ་ཐེབས་ནས་དེ་གར་བསད་པ་དང་། ཡང་མེ་མདའ་གཅིག་བརྒྱབས་པས་མི་གཅིག་འགྱེལ་སོང་།   མི་རྗེས་མ་དེ་ཕར་ཕྱོགས་སུ་ལ་ཉག་ཅིག་ཡོད་པ་དེར་བྲོས་ནས་ལ་མོ་དོན་ཙམ་འདུག་པ་དེར་ཡང་མེ་མདའ་གཅིག་བརྒྱབས་པས་དེ་གར་འགྱེལ་སོང་།  ཡང་མི་གཅིག་ཞང་པོ་སྐལ་ལྡན་ཡོད་པའི་ལྷོ་ཕྱོགས་ནས་བྲོས་འགྲོ་ཡི་འདུག་པ།  དེ་ལའང་མེ་མདའ་གཅིག་རྐད་པ་གཟིལ་ཏོ་བརྒྱབས་པས་དེ་ཡང་འགྱེལ་སོང་།   དེ་ནས་དེའུ་འབུར་རྩེར་ཡོད་པའི་མི་དེ་ཚོ་ངས་བསད་པ་ཡི་དམ་དང་ཁོ་ཚོས་མཐོང་ནས་ཁོ་ཚོ་ལམ་སང་རྒྱུག་པ་དང་།    དེལ་འབུར་རྩེ་མོར་སླེབས་ཚར་འདུག    ཞང་པོ་སྐལ་ལྡན་གྱིས་མི་གཅིག་རྨས་འདུག་འཕྲོས་ཀྱི་མི་ཚོས་ངུ་བཞིན་མགོ་སྒུར་བྱུང་།   
    དེ་ནས་ང་ཚོ་ཚང་མ་མཉམ་དུ་འཛོམས་པ་དང་། མགོ་སྒུར་བྱས་པའི་མི་རྣམས་ཀྱང་ཚུར་ཤོག་ལབ་པས་ཁོ་ཚོ་ཡང་དེར་སླེབས་བྱུང་པས་ང་ཚོས་ཁོ་ཚོའི་ནང་དུ་མི་རྒན་རྒྱ་པོ་ཞིག་འདུག་པ་དེར་ཁྱོད་ཚོ་གང་དུ་འགྲོ་མཁན་ཡིན།   ཡུལ་ག་ནས་ཡིན་ཟེར་དྲིས་པ་ཡིན་ཁོ་པས་ང་ཚོ་ནི་འཇོང་གསེབ་དང་གཙང་རྒྱུད་ནས་ཡིན་ད་ལམ་འཇོང་གསེབ་དཔོན་རྣམ་སྲས་དང་ཁུ་ཚན།   གཙང་རྒྱུད་འདོར་མའི་འཇིགས་སྐྱབས་ཚང་ཕན་ཚུན་གཉེན་སྒྲིག་བྱ་རྒྱུའི་གླེང་མོལ་བྱ་ཞོར་བུལ་མགོ་མ་ཟེར་ས་ནས་བུལ་ཏོག་ཏོག་ཙམ་ལེན་རྒྱུ་དང་།   རི་དྭགས་རྒྱག་རྒྱུ་བཅས་ཀྱི་མ་ཚད་ཨ་སྟོད་ཀྱི་སྡེ་དུས་འདྲ་ཡོད་ཚེ་ཟ་དགོས་བསམ་ནས་ཡོང་བ་ཡིན་ཟེར་གྱི་འདུག   སྐབས་དེར་ང་ཚོས་འཇོང་གསེབ་དཔོན་རྣམ་སྲས་དང་།   མདོར་མའི་འཇིགས་སྐྱབས་གཉིས་བསད་པ་དང་།   འཇོང་གསེབ་ཚེ་ཕུན་ཟེར་པའི་བུ་བཅས་མི་ལྔ་ལ་རྨས་སྐྱོན་ཆེ་ཙམ་བཟོས་འདུག དེ་ནས་ང་ཚོས་མི་རྨས་སྐྱོན་བྱུང་བ་རྣམས་ཁོ་པ་ཚོ་དང་མཉམ་དུ་ནག་གུར་ཞིག་ཕུག་ནས་དེར་བཞག་པ་དང་།   ཐབ་ཆས་དང་།  བྲོ་ཆས།  སྣ་ལོ་གསུམ་སྤྲད་ནས་ཁྱོད་ཚོས་རྨ་སྐྱོན་བྱུང་པའི་མི་དེ་ཚོ་གང་དྲག་བྱེད་དགོས་ལབ་པ་དང་།   མེ་མདའ་བཞི་དང་།   རྟ་བཞི།  ནོར་བདུན་ཅུ་དོན་གཅིག་འདུག་པ་དེ་ཚོ་འཕྲོག་པ་ཡིན་དེ་རྗེས་ཁོ་ཚོས་སྔོན་མི་བཞི་བསད་རྨས་བཏང་བ་དང་།   ནོར་བརྒྱ་ཙམ་ཇག་འདེད་བྱས་པ་རེད་ང་ཚོས་ད་ལམ་ཙམ་དུ་མ་ཟད་རྗེས་སུ་ད་དུང་།  གཏེ་པོ་ཇུ་རག་བཀྲ་ཚེ་དང་།  མདོར་མེའི་དོན་གནམ་གཉིས་ལ་དགྲ་ལེན་དགུ་སྐོར་ལེན་རྒྱུ་ཡིན།    ང་ནི་མགར་པའི་དབང་རྣམ་ཟེར་པ་དེ་ཡིན་ཟེར་གྱི་འདུག་ཟེར་ཁོ་གཉིས་ལ་ཁྱོད་ཚོ་ཕྱིར་འབྱོར་པ་དང་ལབ་དགོས་བཤད་པ་ཡིན་དེ་ནས་ང་ཚོས་ཕྱིར་ལོག་ཡོང་བ་ཡིན།
     ང་ལོ་ཉི་ཤུ་རྩ་དྲུག་ལོར་ཨམ་སྟོད་དཔོན་བ་སུག་དང་། ངག་ཚེ་ང་བཅས་རྟ་པ་སུམ་ཅུ་སོ་གསུམ་ཡང་གཙང་རྒྱུད་འཇུ་རག་སྐོར་བཅས་ལ་དགྲ་ཇག་རྒྱག་པར་ཕྱིན་པ་ཡིན་ང་ཚོ་ནང་ནས་ཐོན་ཏེ་ཉིན་དགུ་སོང་མཚམས་བེ་རུའི་གཙོད་རྫ་སྐྱ་ཟེར་སར་སླེབས་སྐབས་ང་དང་ཕྱིན་པ་དང་། ནོར་རྒྱས་དང་། གཏམ་རིས་གཉིས་ནུབ་རྒྱུད་ནས་སོ་བལྟ་བར་འགྲོ་སྐབས་ང་གཉིས་ཕྱོགས་སུ་གཏམ་རིས་དང་། ནོར་རྒྱས་གཉིས་ཀྱི་ལག་གཡུག་རྒྱག་གི་འདུག་པས་ང་ཚོའི་མི་རྣམས་དེར་ཕྱོགས་སུ་ཕྱིན་སོང་། ང་གཉིས་ཀྱང་དེར་ཕྱིན་ནས་རི་སྒང་ཞིག་ནས་ང་ཚོའི་ག་ལེར་བལྟ་སྐབས་འགྲུལ་པ་ཁས་གཡག་དྲུག་ཅུ་སྐོར་ལ་ཤ་ཀྱང་བཀལ་བ་ཞིག་ཡོང་བཞིན་དང་། ཁོ་ཚོའི་ནང་ནས་རྟ་པ་གཉིས་སྔོན་ལ་སོ་བལྟ་བྱེད་བཞིན་འགྲོ་གི་འདུག་མི་གཅིག་གི་མེ་མདའི་རུ་རྒྱ་དངུལ་གྱི་བཤན་པ་དང་། གང་སྤྱིར་ལྟས་ན་མི་དྲག་པ་ཞིག་ཡིན་ངོས་ལ་ང་ཚོས་ཕལ་ཆེར་དེ་ནི་ཇུ་རག་བཀྲ་ཚེ་འམ་མདོར་མའི་རྣམ་གཉིས་གཅིག་ཡིན་པ་གཏན་འཁེལ་རེད་ལབ་པ་ཡིན། དེ་ནས་ཁོ་ཚོ་ཕར་ཕྱོགས་ལུང་པ་ཞིག་གི་ནང་དུ་འཛུལ་སོང་། ང་ཚོ་ཡང་མི་ཁ་ཤས་ཀྱི་ཁོ་ཚོ་གང་དུ་འགྲོ་མིག་སོ་བལྟ་བྱས་པ་དང་། དེ་བྱིངས་རྣམས་ཇ་བཀོལ་ནས་ཚུར་ཕྱོགས་ན་ལུང་ཞིག་གི་ནང་དུ་འབྲང་བབས་ནས་བསྡད་པ་ཡིན།  དེའི་དགོང་དག་ས་རུབ་སྐབས་ཁོ་ཚོ་ད་གིན་ལུང་པ་ཞིག་ནང་འཛུལ་སོང་བ་དེར་བསྡད་ཡོད་མེད་དང་། གལ་ཏེ་དེར་བསྡད་ཡོད་ཚེ་གང་འདྲ་བྱས་ནས་བསྡད་ཡོད་མེད་དང་། ང་ཚོས་ཁོ་པ་ཚོར་རྒྱག་རྩིས་བྱས་ན་ས་དཔྱད་གང་འདྲ་ཡོད་བཅས་བལྟ་བ་ནོར་རྒྱལ་སྔོན་ལ་བཏང་བ་དང་།  དེ་རྗེས་ལ་ངག་ཚེ་དང་ང་གཉིས་ཕྱིན་པ་དང་གཞན་དག་ཚོ་ཡང་རྗེས་ལ་ཡོང་རྒྱུ་དང་།   བན་དམག་དེ་གར་སྡོད་རྒྱུ་བཅས་བྱས་ཏེ།  ང་རིམ་གྱིས་ག་ལེར་སྐྱོད་སྐབས་ནོར་རྒྱལ་ཕ་གིར་ཕྱིན་ནས་ཚུར་ལོག་ཡོང་གི་འདུག་པ་དེས་ཁོ་ཚོ་ད་གིན་འཛུལ་འགྲོ་སའི་ལུང་པ་དེ་གའི་ནང་བསྡད་འདུག་ཁོ་ཚོའི་འབྲང་གི་ཕར་ཕྱོགས་དེར་ས་རོང་ཞིག་ཡོད་པ་དང་། དེའི་ཁྲིད་སུ་གད་པ་ནག་པོ་ཞིག་ཀྱང་འདུག་ཟེར་དཔོན་བ་སུག་གིས་དབང་རྣམ་ཁྱོད་ལ་དམག་འཐབ་ཀྱི་རྒྱུས་མངའ་ཡོད་པས་ཁྱོད་ཀྱིས་གང་བྱེད་ཟེར་ན་དེ་རང་བྱེད་དགོས་ཇུས་ཐག་ཁྱོད་རང་ནས་ཆོད་ཟེར་གྱི་འདུག་པར་ངས་ད་འོ་ན་དཔོན་བ་སུག་ཁྱོད་རང་མི་ཁ་ཤས་ཁྲིད་དེ་ཁོ་ཚོའི་ཕར་ཕྱོགས་སུ་སྒང་སྐྱ་ཤར་པ་ཞིག་འདུག་པ་དེར་སྡོད་དགོས་ང་ཚོ་མེ་མདའ་འཕེན་རེས་བྱས་ནས་རྟ་ནོར་འདྲོག་ན་དེ་ནས་ཡོང་གི་རེད་དེར་བརྟེན་རྟ་ནོར་མ་ཤོར་པ་བྱེད་དགོས། ཁོ་ཚོའི་ལྷོ་ཕྱོགས་ཀྱི་རི་མགོར་རྐྱང་རུ་མགོན་པོའི་གཙོས་རྟ་པ་བཞི་འགྲོ་རྒྱུ་དང་ཁོ་ཚོའི་གཤམ་ལ་ས་སྒང་གཅིག་འདུག་པ་དེར་དགའ་དགའ་དང་ནོར་རྒྱལ་སྤུག་སྡིས་སོགས་འགྲོ་དགོས། 
    ཁོ་ཚོའི་འཁྲིས་ལ་ཡོད་པའི་ས་རོང་དེིའི་ནང་དུ་ཕལ་ཆེར་འཇུ་རག་གཏེ་པོ་འམ་མདོར་མའི་དོན་རྣམ་གཙོས་མི་སྣ་གཙོ་བོ་ཡོད་བཟོ་རེད་ངག་ཚོ་དང་།ང་རང་ཕྱི་དགའ་གསུམ་དེ་གར་འགྲོ་རྒྱུ་བྱེད་ལབ་ནས་ང་ཚོ་ནམ་གསལ་ལ་མ་གསལ་སྐབས་ཁག་སོ་སོ་དམིགས་འཛུགས་བྱས་པའི་ས་ཆར་རིམ་འབྱོར་བྱས་པ་དང་།ངག་ཚེ་ང་ཚོ་ཁོ་ཚོའི་འཁྲིས་ཀྱི་ས་རོང་དེའི་ཉེ་འགྲམ་སུ་སླེབས་ནས་བལྟ་སྐབས་ས་རོང་ནང་དུ་འཕྱིང་དཀར་གྱོན་པའི་མི་གསུམ་སྐྱ་ཧྲོག་གེར་ཉལ་བསྡད་འདུག དེ་འཕྲལ་ལྷོ་ཕྱོགས་ནས་རྐྱང་རུ་མགོན་པོ་ཁོ་ཚོའི་མི་ཞིག་གིས་ཕ་གིར་མི་ཁ་ཤས་འདུག་དགྲ་ཡིན་ས་རེད་ཟེར་ཀི་འབོད་བྱས་སོང་པས་ང་ཚོས་འཁྲིས་སུ་ཡོད་པའི་མི་གཉིས་ལམ་སང་ཡར་ལངས་སོང་དེ་མ་ཐག་ངས་མེ་མདའ་བརྒྱབ་པའི་མི་གཅིག་ས་ལ་འགྱེལ་ཙམ་བྱས་ཏེ་ཡང་ཡར་ལངས་བྱུང་པས་ངག་ཚེ་དང་ཁྱི་དགའ་གཉིས་ཀྱིས་མེ་མདའ་བརྒྱབ་ནས་དེར་འགྱེལ་སོང་།  མི་གཅིག་རོང་ཤུར་ནང་དུ་རྒྱུག་རྩིས་ལ་ངས་མེ་མདའ་གཅིག་བརྒྱབས་པ་དང་ངག་ཚེ་ཁོ་གཉིས་ཀྱིས་མེ་མདའ་བརྒྱབས་ཏེ་དེ་གར་བསད་སོང་དེ་སྐབས་དགྲ་ཕྱོགས་ཀྱི་རྟ་ནོར་རྣམས་སུ་འབྲོག་པ་དང་།  ཁོ་པ་ཚོས་མི་ཚོ་ཡང་དེའི་རྗེས་སུ་རྒྱུག་པ་དང་དཔོན་བ་སུག་དང་།  ནོར་བསམ་ཡོད་སར་ཚུར་ཕྱོགས་སུ་རྒྱུག་ཡོང་བ་ཁ་ཐུག་བརྒྱབས་པས་ནོར་བསམ་གྱིས་སྐྱབས་ལ་མགོ་སྒུར་ཟེར་ཀི་འབོད་བྱས་པར་ཁོ་ཚོས་ཀྱང་མགོ་སྒུར་ན་ཁྱོད་ཚོ་སྒུར་ཟེར་ནས་མི་གསུམ་ཤར་སེ་རྒྱུག་པས་ནོར་བསམ་དང་སྨན་ལྷ་གཉིས་ཀྱིས་མེ་མདའ་བརྒྱབས་ཏེ་མི་གཉིས་བསད་པ་དང་།  མི་གཅིག་ངག་ཚེས་བསད་རྗེས་མི་གཞན་ཚོ་མགོ་སྒུར་པའི་ནང་མི་གཉིས་རྨས་སྐྱོན་ཆེན་པོ་བྱུང་བ་དང་། མི་བདུན་ལ་སྐྱོན་མི་འདུག་སྡོམ་མི་དགུ་ཡོད་པ་དང་སྔོན་དུ་རོང་ཤུར་ཁ་ལ་ངག་ཚེ་ང་ཚོས་བསད་པའི་མི་གཅིག་དེ་མདོར་མའི་དོན་རྣམ་ཡིན་པ་དང་།གཅིག་ཁོ་པའི་ཚ་བོ་རེད་འདུག་རྗེས་མ་མི་གསུམ་བསད་པ་གཅིག་ནི་ཇུས་རག་བཀྲ་ཚེའི་སྤུན་ཡ་རེད་ཟེར་གྱི་འདུག་ཁོ་ཚོ་ནི་གཙང་རྒྱུད་ཆུ་ངོག་སྡེ་བ་ཡིན་ཟེར་གྱི་འདུག ང་ཚོས་ཁོ་ཚོའི་ས་ནས་མེ་མདའ་ལྔ་དང་།རྟ་བདུན། ཁལ་གཡག་ལྔ་བཅུ་ལྔ་བརྒྱད་བཅས་འཕྲོག་རྗེས་ཕྱིར་ལོག་བྱས་པ་ཡིན། 
    ང་ལོ་སུམ་བཅུ་སོ་གཅིག་ལོར་སྐབས་དེའི་སྔོན་ཨམ་སྟོད་ཀྱི་དཔོན་རྒྱལ་པོ་ནག་ཆུར་བསྡད་ཡོད་པ་དེས་ངའི་སར་ལན་བཏང་ནས་དབང་རྣམ་མགྱོགས་པོར་ནག་ཆུར་ཤོག་ཟེར་བྱུང་། ང་དེ་འཕྲལ་ནག་ཆུར་ཕྱིན་ནས་དཔོན་རྒྱལ་པོའི་སར་སླེབས་སྐབས་་དཔོན་རྒྱལ་པོ་ནས་བྱང་རིགས་རུ་དྲུག་གིས་སྔོན་བྱང་རིགས་ཁོངས་ནས་མི་ཚང་མང་པོ་ཞིག་བྱང་སྤྱིའི་རྒྱུ་རྐྱེན་ལ་བརྟེན་ནས་སྟོད་མངའ་རིས་དང་། ནག་ཚང་ཕྱོགས་སུ་སྔ་རྗེས་ཕྱིན་ཡོད་པ་རྣམས་ཕྱིེར་འགུག་བྱེད་ཆེད་བྱང་རིགས་ཤོག་ཁ་སོ་སོ་ནས་རྒྱ་དཔོན་ནམ་མི་དོ་ཚད་གཏོང་རྩིས་ཡོད་པའི་མ་ཚད་བྱང་སྤྱིའི་སྐུ་ཚབ་ཀྱང་གཏོང་རྩིས་འདུག་བྱང་སྤྱི་ལྷ་འུ་རྟ་ར་ནས་ང་ལ་ཁྱོད་མཚོ་ཨ་མདོའི་ཕྱོགས་ནས་དཔོན་ཁྱེད་རང་འགྲོ་རྩིས་ཡོད་དམ། སྡེ་དུས་རྣམས་ཕྱིར་འགུག་བྱེད་ཐུབ་ངེས་ཀྱི་མི་གཞན་གཏོང་རྩིས་ཡིན་ཟེར་གྱི་འདུག ངས་ཁྱོད་རང་གྲགས་ཀྱི་རེད་སྙམས་ནས་ལན་བཏང་བ་ཡིན་ང་ཚོ་ཨ་མདོ་ཤོག་བརྒྱད་ཁོངས་ནས་ཀྱང་ཁྱེད་ཀྱི་ཨ་ཁུ་འབྲུག་སྐྱབས་སྐོར་བཅས་ཉེ་སྔོན་ལོ་འགའི་སྔོན་དུ་སྟོེད་ལ་ཕྱིན་པ་དང་། དེ་མིན་སྡེ་དུད་མི་ཉུང་པ་ཞིག་སྟོད་ལ་ཕྱིན་ཡོད་པས་ཁྱེད་ཕྱིན་ན་ག་འདྲ་འདུག ཁྱོད་ཀྱིས་ང་ཚོའི་སྡེ་དུད་རྣམས་ཕྱིར་འགུག་ཐུབ་བམ་ཟེར་གྱི་འདུག   ངས་བསམ་བློ་གཏོང་སྐབས་སྟོད་ལ་ཕྱིན་པའི་སྡེ་དེ་ཚོའི་ནང་ཁ་ཤས་མི་བསད་ནས་བྲོས་པ་དང་།  ཁ་ཤས་ཁྲལ་ཁྲིམས་ལ་གཡོལ་ནས་བྲོས་པ་བཅས་གནས་ཚུལ་འདྲ་མིན་ཡོད་པས་ཁག་པོ་རེད་སྙམ་ནས་ང་ལ་ཡང་སྡེ་འགུག་ཐུབ་པ་དེ་གདེང་ཚོད་དེ་ཙམ་མི་འདུག་བཤད་པས་དཔོན་རྒྱལ་པོ་ནས་ཁྱོད་ཀྱི་ཨ་ཁུ་འབྲུག་སྐྱབས་གཙོས་མི་སྣ་གཙོ་བོ་དེ་ཚོ་ཕྱིར་འགུག་བྱ་རྒྱུ་དེ་ཁྱོད་མ་ཕྱིན་ན་ཕྱིར་འགུག་རྒྱུ་ཁག་པོ་རེད་ཁོ་ཚོ་ཕྱིར་འགུག་ཐུབ་ན་སྡེ་དུད་གཞན་རྣམས་ཅང་ལས་སླ་པོ་ཡོང་རྒྱུ་རེད་དེར་བརྟེན་ཁྱོད་རང་ཕྱིན་ན་ཡག་གི་རེད། ང་གཉིས་བྱང་སྤྱིའི་སར་འགྲོ་ཟེར་པས་ང་གཉིས་བྱང་སྤྱི་ལྷ་རྟའི་སར་ཕྱིན་པ་ཡིན།   ལྷ་རྟ་ནས་སྡེ་བསྒྲིལ་ནི་ངེས་པར་དུ་འགྲོ་དགོས་ངེས་རེད།  ཁྱོད་ལ་རོགས་པ་དང་གཞན་གྱི་དགོས་མཁོ་གང་ཡོད་དང་ཁྱོད་རང་སྒེར་གྱི་གནད་དོན་ག་རེ་ཡོད་ན་ང་ཚོར་བཤད་ན་འགྲིག་གི་རེད་གང་དྲག་བྱས་ཆོག་ཟེར།  
    དེའི་ཕྱི་ཉིན་ང་བྱང་སྤྱིའི་སྐུ་ཚབ་དང་བྱང་རིགས་ཤོག་ཁ་གཞན་གྱི་སྡེ་འགུག་འགྲོ་མཁན་དང་མཉམ་དུ་ང་ཚོ་འགྲོ་རྒྱུ་མིན་ཨ་མདོ་ཤོག་བརྒྱད་ཀྱི་སྡེ་འགུག་འགྲོ་མཁན་ཤོག་རེ་ནས་གོ་ལག་ཕེར་ཡོད་པའི་མི་གཉིས་རེ་དང་། ཨམ་སྟོད་ནས་གོ་ལག་རང་འགྲིག་མི་བཞི་བཅས་དམིགས་བཙུགས་བྱས་ནས་གཏོང་དགོས་པ་མ་ཚད་ཨ་མདོ་ཤོག་བརྒྱད་ཀྱི་ནང་ནས་སྟོད་ལ་ཕྱིན་པའི་སྡེ་དུང་ནང་ཤས་ཁྲལ་ཁྲིམས་གཡོལ་ནས་ཕྱིན་པ་དང་།   ཁ་ཤས་རྐུ་བརྒྱབས་ནས་ཕྱིན་པ།   ཁ་ཤས་ཀྱིས་མི་བསད་ནས་བྲོས་པ་ཡང་ཡོད་པ་དང་ཁ་ཤས་ནི་སྡེ་པ་གཞུང་ལ་རྒྱབ་གཏོད་ཡིན་ཟེར་ཕྱིན་པ་སོགས་ཡོད་པས་སྐུ་ངོ་ཁྱེད་ཀྱིས་ང་ལ་ཤག་པོ་བཞག་ནས་གལ་ཏེ་མི་དེ་ཚོ་ཕྱིར་ལོག་བྱས་རྗེས།    དེ་སྔོན་གྱི་བྱས་ཉེས་གང་ཡིན་དང་།  མི་སུ་ཡིན་ལ་མ་ལྟོས་པར་སླད་ཚུལ་མཐུན་ཁྲལ་འབངས་མི་སེར་ཞིག་བྱས་ནས་བསྡད་ན་ལུས་ཐོག་རྩ་ར་དང་།   རྒྱུ་ཐོག་ཆེད་འགོལ་གང་ཡང་མི་བྱེད་པ་ཁྱེད་ནས་འགན་ལེན་གནང་དགོས་པ་དང་།   ང་ཚོ་སྡེ་འགུག་འགྲོ་མི་ཚོར་བྱང་སྤྱིའི་ལག་ཁྱེར་ངོ་སྤྲོད་ཅིག་ཀྱང་སྤྲོད་དགོས་ཟེར་ཞུ་སྐབས་ཁྱེད་ཀྱི་བཤད་པ་དེ་ཚོ་དེ་དོན་བྱས་ཆོག  འོན་ཀྱང་ལག་ཁྱེར་དེ་གཞུང་སར་དགོངས་སྐོར་ཞུ་ན་མ་གཏོགས།   ང་ཚོས་ཐག་གཅོད་བྱས་ན་འགྲིག་གི་མ་རེད་ཟེར་དེ་ནས་བྱང་སྤྱི་ལྷ་རྟ་ང་གཉིས་ཤག་པོ་བཞག་སྟེ་ཁོ་པས་སྟོད་ནས་ཕྱིར་ལོག་བྱས་པའི་ཨ་མདོ་ཤོག་བརྒྱད་ཀྱི་མི་སུ་འདྲ་ལ་ཡང་རྒྱུ་ལུས་ཐད་ཆད་འགེལ་གང་ཡང་མི་བྱེད་རྒྱུ་དང་།   ངས་ཀྱང་གལ་ཏེ་མཐའ་གཅིག་ཏུ་ཕྱིར་ལོག་མི་བྱེད་མཁན་ཡོད་ཚེ་ཕ་ཉེའི་ཨ་ཁུ་དང་།  མ་ཉེའི་སྲུ་མོ་ཡིན་རུང་མགོ་ལག་བྱང་སྤྱི་གཉིས་ལ་རྩིས་འབུལ་ཞུ་རྒྱུ་བྱས་པ་ཡིན།    སྐབས་དེར་བྱང་སྤྱིའི་སྐུ་ཚབ་དང་།   བྱང་རིགས་ཀྱི་སྡེ་འགུག་འགྲོ་མི་མང་ཆེ་བ་ཐོན་ཟིན་པ་དང་།   ང་ཚོར་ཨ་མདོའི་སྡེ་བསྒྲིལ་འགྲོ་མི་རྣམས་ཟླ༤པའི་ཚེས་༡༥ཉིན་ཚང་མ་ནམ་རའི་ནུབ་ངོས་ལྷོབ་སེར་ལ་འཛོམས་ཐུབ་པ་བྱེད་དགོས་པའི་བང་མི་ཆེད་གཏོང་བྱས་པ་དང་།   ང་ཚོ་ཁ་ཤས་ཉིན་ཤས་རིང་ལག་ཁྱེར་ལེན་རྒྱུར་བསྒུག་ནས་བསྡད་པ་ཡིན། དེ་ནས་ཉིན་ཤས་སོང་མཚམས་དཔོན་རྒྱལ་པོ་དང་།   ང་གཉིས་ནས་ལག་ཁྱེར་ལེན་རྒྱུ་དང་།    ཐོན་ཚེ་ཞུ་པར་བྱང་སྤྱིའི་མདུན་དུ་ཕྱིན་པ་ཡིན་བྱང་སྤྱི་ལྷ་རྟ་ནས། ང་ཚོ་ལམ་བར་རུ་གང་དུ་སླེབས་ཀྱང་རྟ་བཞི་དང་།  ཁལ་མ་བརྒྱད་འུལ་ལག་སྐུལ་ཆོག་པ་དང་།   མེ་གཏོང་ས་ཚིགས་ཀྱི་སྒྲིག་ཆ་བྱེད་དགོས་པ།   ས་གནས་དེ་གའི་འགོ་དཔོན་གྱིས་གང་སྤྱིར་རོགས་རམ་བྱེད་དགོས་པ།   རྟ་ཁལ་ཆད་ལུས་བྱུང་པར་སྤུས་ཚད་ན་སོ་གཅིག་མཚུངས་ཀྱི་རྗེ་པོ་བརྒྱབ་ཆོག་པ་བཅས་ཀྱི་ལག་ཁྱེར་སྤྲད་པ་དང་།   ཐེངས་དེར་སྡེ་འགུག་འགྲོ་མཁན་ཚོས་ས་ཆ་གང་དུ་སླེབས་ཀྱང་མི་སེར་ལ་ཁག་དཀྲི་ལེ་འདོག་གི་གང་བྱུང་སྡབ་སིག་བཟོ་རྒྱུ་མེད་པ་དང་།   སྡེ་གཞུང་གི་ཁྲལ་འབངས་མི་སེར་ཧ་ཅང་གལ་ཆེན་ཡིན་པས་གསེར་ལུག་འགོ་ཙམ་དང་།  དུ་བ་རྟ་རྔ་ཙམ་བསྡུར་ན་དུ་པ་རྟ་རྔ་ཙམ་རྩ་ཆེ་པའི་དཔེ་ལྟར།   དེ་སྔོན་སྟོད་ལ་ཕྱིན་ནས་ཡུན་རིང་སོང་སྟབས་བུ་དང་།  བུ་མོ་ཕན་ཚུན་གཉེན་སྒྲིག་བྱས་རིགས་རྣམས་ཕན་ཚུན་གཉའ་རིན་དཔོན་ཁྲོལ་གྱི་འོས་འཚམ་ཐག་གཅོད་བྱས་ཏེ་དུས་ཚང་གཅིག་ཡིན་ཡང་ཕྱིར་ལོག་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བཀའ་འདོམ་བྱས་པ་དང་།  ང་ལ་དར་ཟུབ་རྡོག་ཐོན་གྱི་ནམ་རའི་ནུབ་ངོས་ལྷོབ་སེར་ལ་སླེབས་སྐབས་ཨ་མདོ་ཤོག་ཆེན་དང་།   ཤོག་ཆུང་།   སེ་རྡོར།   ག་བྱ།    རྒྱ་མཚོ་རུ་བ་བཅས་ཀྱི་སྡེ་འགུག་འགྲོ་མི་རྣམས་སླེབས་ཚར་འདུག    དེའི་ཕྱི་ཉིན་བཀྲ་རུ་དང་།   སྟོད་མ་བཅས་རིམ་འབྱོར་བྱུང་པ་དང་།  ངའི་བཟང་ཟླ་དང་བུ་མོ་གཉིས་ཡང་སླེབས་བྱུང་།    ངས་ཁོ་ཚོ་ཚང་མ་རུག་འཛོམས་བྱས་ཚར་པའི་འབྲང་ཁག་གཞི་ལ་ཁག་བགོས་བྱས་མི་སྣ་ག་འདྲ་འདུག་མིན་དང་།    གོ་ལག་ཇི་ཡོད་བལྟ་སྐབས་ཤོག་ཁ་ཁ་ཤས་ཀྱི་རྒན་པོ་དང་།    ཁ་ཤས་ཀྱིས་དམག་དཔོན་བཅས་ཡོད་པ་དང་།   གོ་ལག་གོ་ཕེར་ཡོད་ཟེར།   ཨམ་སྨད་ཤོག་ནས་མི་གཅིག་དང་དེ་བྱིངས་ཤོག་ཁ་རེ་ནས་མི་གཉིས་རེ་ཡོད་པའི་ཤོག་ཁ་བདུན་གྱི་མི་བཅུ་བཞི་དང་།  དེའི་ཁར་ངའི་མི་བདུན་ཁྲིད་ཡོད་པ་སྡོམ་མི་ཉུ་ཤུ་རྩ་གཅིག་དང་།  རྟ་ཉི་ཤུ་རྩ་བཞི།   ཁལ་གཡག་བཞི་བཅུ་བཅས་འདུག  ང་ཚོ་དེ་ནས་ཐོན་ཏེ་ཉིན་ཤས་ཐོག་ལམ་བར་དེ་སྔོན་སྤྱང་ལུང་རྫོང་གནམ་རུ་སེ་པའི་ས་སར་སླེབས་སྐབས་ཁོ་ཚོ་དང་ང་ཚོའི་བར་དེ་སྔོན་རྩོད་གཞི་ཡོད་པ་དང་འཁྲུག་རྩོད་འགའ་ཞིག་བྱུང་མྱོང་པས་ཁོ་ཚོས་མི་ཁག་ཅིག་ང་ཚོས་འབྲང་སར་རྒྱུག་ཡོང་ནས་ཁྱེད་ཚོ་གང་ནས་ཡིན་འབྲང་དཔོན་སུ་ཡིན་སྐད་ཅོར་རྒྱུག་པ་དང་གུར་ནང་འཛུལ་ཡོང་ནས་གྲི་མགོ་པུར་གྱི་འདུག་པས་ང་ཚོས་གནས་ལུགས་བཤད་ཀྱང་མ་ཉན་པར་མི་གཅིག་མཆོང་བྱུང་པས་ང་མེ་མདས་བཅར་རྡུང་ཁ་ཤས་བྱས་པ་དང་སྒྲུང་་མཁན་ལྷ་བུ་ནས་རྐུབ་ནང་གྲི་བརྒྱབས་ནས་རྨས་སྐྱོན་ཆེ་ཙམ་བཟོས་པ་བཅས་བྱུང་ནས་རྙོག་དྲ་ཏོག་ཙམ་བྱུང་པར་བརྟེན་བྱང་སྤྱིའི་སྐུ་ཚབ་གཞུང་དམག་གི་བརྒྱ་དཔོན་ཞིག་དང་།  ཞལ་ངོ་ཞིག་ཡོད་པ་དེ་གཉིས་དང་།   བྱང་རིགས་སྡེ་འགུག་གི་འགོ་གཙོ་ཇིང་ཚབ་ངར་རྡིས་དང་།   ལྷོ་མའི་སྟོན་པ་བཅས་ཀྱིས་ཁྱེད་ཚོས་སྡེ་འགུག་འགྲོ་པའི་ལམ་བར་དུ་ཁྲིམས་མེད་ཀྱི་ལས་ཀ་་བྱེད་ཀྱི་འདུག་པས་ང་ཚོ་མཉམ་དུ་འགྲོ་དགོས་ཀྱི་རེད་ཟེར།  ངས་ཁྱོད་ཚོ་མཉམ་དུ་མི་འགྲོ་ང་བྱང་བརྒྱུད་ནས་འགྲོ་གི་ཡིན་གནས་ཚུལ་འདྲ་མིན་བྱུང་ན་ཕན་ཚུན་ཡིག་འཕྲིན་གཏོང་རེས་བྱས་ཆོག་གི་རེད་བཤད་པ་དང་།  
   ཡང་ངས་ང་ཚོའི་མི་འགྲོ་ཚོར་དེ་རིང་ནས་བཟུང་ང་ཚོས་ལམ་བར་དུ་མི་རྟ་དང་།  ཁལ་གཡག་འུ་ལག་སྐུལ་པ་དང་།  མ་གཏོང་ས་ཚིགས་ཀྱི་སྒྲིག་ཆ་མི་དགོས་པ་བྱ་རྒྱུ་ཡིན་བཤད་པ་ཡིན་འོམ་གསང་ཟེར་པ་ནས་རིམ་བཞིན་སྐྱོད་ནས་ནག་ཚང་རྟར་སྒོ་ལ་བརྒྱབ་ལ་སླེབས་སྟབས། ངའི་རོགས་པ་གཙོ་བོ་ཡིན་པའི་ཚོང་དཔོན་ལྷ་རྒྱལ་ཟེར་བ་དེའི་སྔོན་ལ་རྟ་གཉིས་རྐུ་ལ་ཤོར་པ་དེ་ལ་རྒྱབ་སྒར་དཔོན་གྱིས་ཉར་ནས་བསྡད་འདུག་ཟེར་པའི་སྐད་ཆ་ཞིག་གོ་ཐོས་བྱུང་པས་ཚོང་དཔོན་ལྷ་རྒྱལ་ནས་ང་རྟ་དེ་གཉིས་ཀྱི་རྗེས་ལ་རྒྱབ་སྒོར་དཔོན་ས་ར་འགྲོ་གི་ཡིན་ཟེར་འགྲོ་རྩིས་སྐབས་དེར་ཕྱོགས་ཁོ་པར་རྒྱུས་མངའ་ཆེ་ཙམ་ཡོད་པས་ཁོ་པའི་ཤག་པོ་ཞིག་གིས་ཁྱོད་ལ་རྒྱབ་སྒར་དཔོན་སར་ཕྱིན་ན་ཡག་པོ་ཡོང་བཟོ་མི་འདུག་ལ་རྒྱབ་སྒར་དཔོན་གྱིས་པོ་པ་ཚོའི་ཤོག་གི་གཅེས་དགའ་མི་རིང་མ་ཟེར་པ་ཞིག་ཡོད་པ་དེའི་ནོར་བརྒྱ་བཅུ་དང་ར་ལུག༤༠༠རྐུ་ལ་ཤོར་པ་དེ་ཚོང་དཔོན་ལྷ་རྒྱལ་ནས་བརྐུས་ནས་དེད་པ་རེད་ཟེར་མངའ་རིས་སྒར་རྫོང་དྲུག་སྦྲེལ་པ་ལ་ཞུས་ཏེ་རྟ་གཉིས་པོ་དེ་ཁོ་ཚོས་ཉར་པའི་མ་ཚད་ཚང་དཔོན་ལྷ་རྒྱལ་མཐོང་ཐོས་བྱུང་ཚེ་གསོན་བཟུང་གང་བདེ་བྱས་ཆོག་པས་ལག་ཁྱེར་བླང་ལུག་བཤད་པར་བརྟེན་ཚོང་དཔོན་ལྷ་རྒྱལ་གྱིས་ང་ལ་གནས་ཚུལ་དེ་རྩ་བ་ནས་མེད། འོན་ཀྱང་གང་འདྲ་བྱས་ན་དགའ་ཟེར་གྱི་འདུག་པས་ངས་ཁྱོད་ཀྱི་དེ་འདྲ་བྱས་པ་དངོས་འབྲེལ་མེད་ཐག་ཆོད་ཡིན་ནམ་དྲིས་པར་ཚོང་དཔོན་ལྷ་རྒྱལ་ནས་མེད་ཐག་ཆོད་ཡིན་ཟེར་ངས་འོ་ན་ཁྱོད་གནས་སྐབས་མ་འགྲོ་བཤད་པ་དང་།   ལ་རྒྱབ་སྒར་དཔོན་ང་ཚོས་སར་ལམ་སང་ཤོག་ཟེར་བང་མི་བཏང་ནས་སྒར་དཔོན་ཁྱེད་འཕྲལ་དུ་ང་ཚོའི་སར་ཡོང་དགོས་པའི་མ་ཚད་མེ་གཏོང་ས་ཚིགས་ཀྱི་གྲ་སྒྲིག་དགོས་པ་དང་ཁྱོད་ཚོའི་སར་ཚོང་དཔོན་ལྷ་རྒྱལ་གྱི་རྟ་གཉིས་ཡོད་པ་དེ་ཡང་ཁྲིད་ཤོག་བཤད་པའི་ཉིན་གསུམ་སོང་མཚམས་མགོ་བ་སྐར་རྣམ་དཔོན་གཡོག་གསུམ་སླེབས་འདུག ཁོ་པས་བཤད་དོན་སྒར་དཔོན་གྱིས་ང་འདིར་བཏང་བྱུང་ཁོང་གིས་ང་ཚོར་སྒང་རུ་དྲུག་ཅུ་རེ་བཞི་ནི་སྒེར་བཙན་ཡིན་པས་ཁྱོད་ཚོར་མེ་བཏང་ས་ཚིགས་ཀྱི་གྲ་སྒྲི་བྱེད་དགོས་མེད་ལ་ཚོང་དཔོན་ལྷ་རྒྱལ་གྱི་རྟ་གཉིས་ཁྱེད་ཚོས་ཟེར་བ་ལྟར་འདིར་ཡོད།  
    ང་ཚོའི་ཅེས་དགའ་མི་རིང་གི་ནོར་ལུག་རྐུ་མཁན་བླ་རུང་བདེ་བ་མངར་རིས་སྒར་རྫོང་སར་བཀུག་ནས་ཞུ་བ་ར་སྤྲོད་སྐབས་ཚོང་དཔོན་ལྷ་རྒྱལ་རྐུན་པོ་གཙོ་བོ་ཡིན་པ་ར་འཕྲོད་བྱུང་བས་ཁོ་བའི་རྟ་གཉིས་སྤྲོད་རྒྱུ་ཕར་གཞོག་བྱེད་གཏེ་ཚོང་དཔོན་ལྷ་རྒྱལ་གསོན་བཟུང་གང་བདེ་བྱེད་ཆོག་པ་མངའ་རིས་སྒར་རྫོང་དྲུག་སྦྲེལ་གྱི་ལག་ཁྱེར་ཡོད། ང་ཚོའི་འདིར་བྱང་རིགས་སྡེ་བཞིའི་ཁམས་བློང་གཅིག་ཀྱང་ཡོང་ས་མེད་ཁར་གྲོ་རྩོང་ཟེར་པ་ཡང་སྤྲོད་སྲོལ་མེད་བཅས་གསུང་གི་འདུག་ཟེར།   ངས་ད་ཁྱེད་ཚོས་གང་བཤད་ཀྱང་ཚོང་དཔོན་ལྷ་རྒྱལ་གྱིས་རྟ་གཉིས་པོ་ང་ཚོར་སྤྲད་ན་ལབ་མེད་བརྗོད་མེད་ཡིན་ང་ཚོ་འགྲོ་མི་འགྲོ་བདེ་བ་དང་ཁྱེད་ཚོ་སྡོད་མི་སྡོད་བདེ་བ་ཡོང་གི་རེད་དེ་འདྲ་བྱས་ན་ཡག་པ་མི་ཡོང་ངམ་བཤད་པས།  མགོ་པ་སྐར་རྣམ་གྱིས་དེ་ངས་ཐག་གཅོད་ཐུབ་ཀྱི་མ་རེད་རྟ་མི་དགོས་རྟ་སྤུ་ཡང་ཐག་གཅོད་མི་ཐུབ་ཟེར་གྱི་འདུག   ངས་ད་འོ་ན་མགོ་བ་སྐར་རྣམ་ཁྱེད་འདིར་སྡོད་དགོས་ཀྱི་རེད་རོགས་པ་གཉིས་ཕྱིར་ལོག་ནས་སྒར་དཔོན་ཁོ་པ་ཉི་མ་སང་ཉིན་རང་ང་ཚོའི་སར་ཡོང་དགོས་ལུགས་བཤད་དགོས་ལབ་ནས་མགོ་པ་སྐར་རྣམ་དེ་ནུབ་ང་ཚོའི་འབྲང་སར་བཙོན་ཉར་བྱས་པ་ཡིན་དེ་ནས་ཉིན་བཞི་ཙམ་ཞིག་ལ་སྒར་དཔོན་རོགས་པ་རྟ་དམག་བཅུ་དྲུག་ཙམ་ཁྲིད་དེ་ང་ཚོའི་སར་ཡོང་སྟེ་ང་ཚོའི་འབྲང་གི་ནུབ་ངོས་ལ་བསྡད་སོང་། ཁོ་ཚོ་ཇ་ཁོལ་ཙམ་ལ་མི་བཏང་ནས་ཨ་མདོའི་འབྲང་དཔོན་ཤོག་ཟེར་གྱི་འདུག་པར།    ངས་ང་ཁྱེད་ཀྱི་སར་ཡོང་གི་མིན། ཁྱེད་རང་འདིར་ཤོག་ཟེར་ལབ་པས་སྒར་དཔོན་དང་ཁོ་ཚོ་མི་གསུམ་ང་ཚོའི་འབྲང་ལ་སླེབས་བྱུང་བས་ལ་རྒྱབ་སྒར་དཔོན་གྱིས་ང་རིམ་པ་བ་ཞི་པའི་གོ་ས་ཡོད་པའི་མི་གཅིག་ཡིན་འོན་ཀྱང་དེ་རིང་འདིར་མི་ཕོ་དངངས་ལས་དང་།  རྟ་ཕོ་དངངས་རྒྱུག་བྱས་ཏེ་ཡོང་བ་ཡིན།  ཁྱོད་ཁག་མི་སོང་ངམ་ཟེར་གྱི་འདུག་ཁྱོད་རང་གིས་ང་ཚོ་འགྲོ་མི་འགྲོ་བདེ་བ་ཞིག་དང་།  སྡོད་མི་སྡོད་བདེ་བ་ཞིག་བྱེད་དགོས་པ་ལས་གཞན་གྱི་སྐད་ཆ་མེད།    ཚོང་དཔོན་ལྷ་རྒྱལ་སྟོད་ལ་ཡོད་དུས་སྒར་དཔོན་ལྷ་རྒྱལ་དང་།   སྨད་ལ་ཡོད་དུས་ཚོང་དཔོན་ལྷ་རྒྱལ་ཟེར་མིང་གྲགས་རྒྱུ་ཡོད་པ་ཞིག་ཡིན་པས་ངས་དེ་ཚབ་བྱེད་དགོས་མེད་པ་དང་།   སྒར་དཔོན་ཁྱོད་ཀྱིས་ཀྱང་གཅེས་དགའ་མི་རིང་མའི་ཚབ་བྱེད་དགོས་དོན་ཨ་ཡོད་ན་སོགས་ཁ་ཤས་བཤད་རྗེས་ཁོ་པས།   ངས་གཅེས་དགའ་མི་རིང་གི་ཚབ་བྱེད་ཆོག     བོད་མི་ཆུང་མི་གཙོ་ཡིག་ཆུང་གཙོ་ང་ལ་ཡིག་ཆ་ཡོད་ཟེར་བ་སོགས་ཁ་ཤས་ཤེས་རྗེས་ཁོང་ཁྲོ་ཟ་པར་རྟེན་ནས་འབྲང་ལ་ཕྱིར་ལོག་བྱས་སོང་།   དེའི་ཕྱི་ཉིན་སྒར་དཔོན་མི་བཞི་རོགས་ལ་ཁྲིད་ནས་ཡང་ང་ཚོའི་འབྲང་སར་སླེབས་བྱུང་།    ངས་ད་ཁྱོད་ཀྱིས་ང་ཚོ་འགྲོ་མི་འགྲོ་བདེ་བ་དང་།   སྡོད་མི་སྡོད་བདེ་པའི་སྐད་ཆ་ག་རེ་བཤད་རྒྱུ་ཡོད་ལབ་པས་ཁོ་པས་གོང་ལྟར་མི་ཆུང་མི་གཙོ་ཡིག་ཆུང་གཙོ་ཟེར་བ་དེ་གཙོ་བོ་རེད་ངས་ཡིག་ཆ་འདིར་ཡོད་ཟེར་ཚོང་དཔོན་ལྷ་རྒྱལ་གསོན་བཟུང་གང་བདེ་ཆོག་པའི་མངའ་རིས་སྒར་རྫོང་གི་སྤྲད་པའི་ལག་ཁྱེར་ཞིག་དང་།  
    གོང་ནས་ཁོ་པར་གནང་པའི་རིམ་བཞིའི་གོ་ཐོབ་ཀྱི་ལག་ཁྱེར་ཞིག་བཅས་ང་ཚོར་བསྟན་བྱུང་ངས་ལམ་སང་ཚུར་འཕྲོག་སྐབས་སྒར་དཔོན་ཁོ་པའི་ཡང་ཕྱིར་འཐེན་གྱི་འདུག་དེ་འཕྲལ་ཚོང་དཔོན་ལྷ་རྒྱལ་གྱིས་སྒར་དཔོན་གྱི་ལག་གཡས་པ་འཇུས་ཏེ་ཁྱོད་ཀྱིས་ང་ངོ་ཤེས་ཀྱི་འདུག་གམ་ང་ཚོང་དཔོན་ལྷ་རྒྱལ་ཡིན་ཁྱོད་ཀྱིས་ད་བར་མ་ཤེས་པ་རེད་དམ་ཁྱོད་མཛོས་རྫིས་པ་རེད་དམ།   རོས་མནན་པ་རེད་ཟེར་སྐྲ་ནས་འཐེན་སོང་།  ལམ་སང་རོགས་པ་གཞན་ཚོར་ཁོ་པ་དམ་པོར་བཀྱིག་དགོས་བཤད་པས་མ་ཚད། མགོ་བ་སྐར་རྣམ་དང་།  ཁམས་ཕྲུག་ནོར་བུ།     དེ་མིན་ཁོ་པའི་རོགས་པ་གྲགས་པ་གཅིག་བཅས་མི་གསུམ་ཡང་བཀྱིག་པ་དང་།  དེ་རྗེས་ལམ་སང་ཁོ་པོ་ཚོིའི་འབྲང་སར་རྒྱུག་ནས་བཅའ་དངོས་གང་ཡོད་དང་།  མེ་མདའ་འཕྲོག་སྟེ་ལས་ཀ་འདི་ཁྱེད་ཚོས་བཟོས་པ་རེད་ད་བྱ་ཐབས་ཡོད་པ་མ་རེད་སྒར་དཔོན་འདི་གནས་སྐབས་རིང་ང་ཚོའི་འདི་མུར་འཁྲིད་འགྲོ་རྒྱུ་དང་།  གཞན་རྣམས་ཕྱིར་ལོག་བྱས་ན་འགྲིག་གི་རེད་བཤད་དེ་སྒར་དཔོན་ཕུད་དེ་བྱིངས་གསུམ་བཀྱིག་ཐག་བཀྲོལ་བ་དང་ཚང་མ་ཕྱིར་ལོག་བཏང་བ་དང་།   
    ཁྱོད་ཚོའི་སྒར་དཔོན་ང་ཚོས་བཟུང་ཁྲིད་བྱས་པའི་ཐད་དྲག་པོའི་དམག་དང་།   ཞི་པའི་མཐུ་ག་རེ་བྱེད་རྒྱུ་ཡོད་ན་འཕྲལ་མར་ཤོག་ལབ་ནས་ཁོ་པ་ཚོ་་ཕྱིར་སློག་རྗེས་ང་ཚོས་སྒར་དཔོན་བཙོན་ཁྲིད་བྱས་ཏེ་རིམ་བཞིན་སྐྱོད་ནས་ཞག་ཚུགས་དྲུག་ཙམ་ལས་ཆ་དེའི་ཤོག་ཁའི་མི་དྲག་མགོ་པ་དཔའ་དགའ་ཟེར་པ་སོགས་ཁ་ཤས་ཡོང་ནས་ང་ཚོར་ཁྱོད་ཚོའི་ལ་རྒྱབ་སྒར་དཔོན་བཟུང་ཁྲིད་བྱས་འདུག་པ་འདི་འདྲ་ནི་དེ་སྔོན་བྱུང་མྱོང་མེད་པ་ཞིག་རེད་ཁོ་པ་ནི་རིམ་པ་བཞི་པའི་གོ་མིང་ཡོད་པ་དང་ལ་རྒྱབ་ཚོ་བཅུའི་དཔོན་ཡིན་པས་ཁོ་པ་བཏང་བ་ཡིན་ན་ང་ཚོ་ཚང་མ་གཏམ་དོན་གཉིས་ཀ་ཡོང་བ་དང་ཁྱེད་ཚོས་ད་ལྟ་ཁོ་པ་བསྡམས་བཀྱིག་ཀྱང་བྱས་འདུག་པས་གལ་ཏེ་ཁོ་པ་ཤི་བ་ཡིན་ན་ཁྱོད་རང་ཚོ་ལ་ཡང་རྗེས་འབྲས་ཡག་པོ་མི་ཡོང་བ་དང་། བྱེད་ཁག་པོ་ཡོང་རྒྱུ་རེད་ཟེར་ཞུ་བ་འཐེན་གྱི་འདུག   ལ་རྒྱབ་སྒར་དཔོན་ཁོ་རང་གིས་ཀྱང་ང་གཏོང་རོགས་གནང་དེ་སྔོན་ང་རང་གིས་འགྲིག་མི་འདུག་ཟེར་ཞུ་བ་འཐེན་གྱི་འདུག་ངས་སྒར་དཔོན་གྱི་འགོ་རྟ་ཐོག་རོལ་བླང་བ་དང་།  དེ་མིན་གྱི་ཁོ་ཚོའི་མེ་མདའ་དང་བཅས་དངོས་འཕྲོག་པ་ཡོད་ཚད་ཕྱིར་སྤྲོད་བྱས་པ་དང་།  ཚོང་དཔོན་ལྷ་རྒྱལ་གྱི་རྟ་་གཉིས་ཀྱི་ཚབ་རྟ་གཉིས་བླངས་པ་དང་སྒར་དཔོན་ཡང་བཏང་བ་ཡིན།  སྒར་དཔོན་གཏོང་རོགས་ཟེར་ཞུ་བ་འཐེན་མཁན་ས་གནས་དེའི་མགོ་པ་མི་དྲག་རྣམས་ཀྱིས་ས་ནས་ད་ནས་བཟུང་གྱོད་དོན་འདི་ཐག་གཙང་མར་ཆོད་ཟིན་པས་སླད་འདི་ཐད་ལབ་གླེང་དང་། དགྲ་གྱོད་གང་ཡང་བྱ་རྒྱུ་མེད་པའི་གན་རྒྱ་བཟོས་པ་དང་།  ཐེལ་རྩེ་ལག་སྐོར་བྱེད་བཅུག་པ་བཅས་བྱས་ནས་འཁྲུན་ཐག་ཆོད་རྗེས་ང་ཚོ་རིམ་བཞིན་ཕྱིན་ནས་སྨན་མཐོང་དགོན་པ་ཟེར་སར་མ་སླེབས་ཙམ་ལ་སྤྲང་སློང་འབྲང་ཁ་གཉིས་ཐུག་བྱུང་བས་ངས་བསམ་པར་ལ་རྒྱབ་སྒར་དཔོན་དང་ང་ཚོས་བར་གྱི་རྩོད་གཞི་ཐག་གཅོད་བྱུང་བ་ནི་ང་ཚོའི་གནོན་ཤུགས་འོག་བྱས་པ་ཞིག་ཡིན་པས་ཁོ་ཚོས་རྗེས་སུ་འཁོན་ལན་སློག་མི་ཡོང་ངམ་སྙམ་ནས་སྤྲང་པོ་དེ་ཚོར་ལ་ཚོ་ཤོག་གི་དེང་སྐབས་ག་རེ་བྱེད་ཀྱི་འདུག་དྲིས་པར་སྤྲང་པོ་དེ་ཚོས་ཁོ་ཚོ་ནི་སྒར་དཔོན་ཨ་མདོའི་བཙན་ཁྲིད་བྱས་པ་རེད་ཟེར་ལ་རྒྱབ་ཚོ་བཅུ(སྒང་རུ་དྲུག་བཅུ་རེ་བཞི་ཡང་ཟེར)ནས་དམག་རྟ་པ་བརྒྱ་སྐོར་ཞིག་རྫུམ་ནས་བསྡད་འདུག ཉ་ག་གྱང་མའི་མགོ་པ་ཞིག་ཨ་མདོའི་སྡེ་འགུག་ག་ནས་འགྲོ་ཡི་ཡོད་མེད་ལྟ་ཉུལ་བྱེད་པར་སྨན་མཐོང་དགོན་པར་ཕྱིན་འདུག་ཟེར་ཤོག་ཀྱི་འདུག་དེ་འཕྲལ་ངས་རོགས་པ་མི་དགུ་ཁྲིད་ནས་ང་ཚོ་རྟ་པ་བཅུ་སྨན་མཐོང་དགོན་པར་ཕྱིན་ནས་དེར་སླེབས་པ་དང་།   
    ཉ་ག་བྱང་མའི་མགོ་པ་ཞིག་མི་བཞི་ཁྲིད་དེ་དེར་སླེབས་ཡོད་པ་ཁ་ཐག་ཁེལ་བྱུང་བས་ངས་ཉ་ག་བྱང་མའི་མགོ་པ་དེར་ཁྱེད་ཚོས་དམག་འབོར་ཆེན་བསག་ཡོད་པ་དེ་སུའི་མགོ་ལ་རྒྱག་རྩིས་ཡོད་དམ་ལབ་པས་ཁོ་པས་ང་ཚོས་དམག་རྫུམ་ཡོད་ཀྱང་ཁྱོད་ཚོ་ཨ་མདོའི་མགོ་ལ་རྒྱག་རྩིས་མེད་ང་གཏོང་རོགས་ཀྱིས་ཟེར། ཁྱོད་ཚོས་ང་ཚོར་དམག་རྒྱག་རྩིས་ཡོད་ན་འགྲིག་གི་རེད་དམག་མང་ཉུང་ག་ཚད་ཡོད་ན་ང་ཚོར་ས་ཆ་འདི་དང་དུས་ཚོད་འདིའི་ཐོག་དམག་འཐབ་བྱེད་ཟེར་ཁྱོད་ཚོས་ཁ་ཚོར་ལན་རྒྱོབས་ཤོག་ང་ཚོ་དེར་ཡོང་ཆོག་གི་རེད་བཤད་ནས་པོ་བཏང་བ་ཡིན་དེ་ནས་ང་ཚོ་སྔ་སོ་དང་། ཕྱི་སོ་ལྟ་བཞིན་ཡར་སོང་ནས་ཚུགས་མ་སུམ་བཅུ་ཙམ་ཕྱིན་ནས་ས་ཆ་དེའི་མི་ལ་འདི་ཚོས་འདི་ནས་ཡང་ཙམ་ཕྱིན་ན་བྲག་རོང་མདོ་མོ་འདྲ་བ་ཞིག་གི་སེ་ཧོར་འདྲའ་སྟོབས་ཆེན་ཟེར་བ་ཞིག་དང་། སྐར་བསམ་ཟེར་པ་གཉིས་ཡོད་ཚོད་ལ་ཁོ་ཚོ་ནི་གེ་ལགས་ཧྲག་པོ་ཡོད་རེད་ཟེར་གྱི་འདུག་ཤོད་ཀྱི་འདུག་ངས་ཧོར་འདྲ་སྟོབས་ཆེན་ཁོ་སྟོད་ལ་འགྲོ་བའི་ལམ་བར་དུ་ང་ཚོ་ཨམ་སྟོད་ཀྱི་ཀླུ་ཟོག་ལྕགས་ཐར་གྱི་ནོར་ལུག་དེད་པ་དང་།  དེ་རྗེས་མགར་པའི་ཏེ་མོ་སོགས་མི་ཁ་ཤས་རི་དྭགས་རྒྱག་པར་འགྲོ་སྐབས་ཡང་ཧོར་འདྲའི་མི་གཅིག་བསད་པ་དང་ནོར་སུམ་ཅུ་དང་།  རྟ་བཅས་འཕྲོག་པ་དེ་ར་མདའ་འཕྲོད་མེད་པས་ད་རེས་ཁོ་པར་དགྲ་ལན་ཞིག་སློག་དགོས་སྙམ་ནས་ང་ཚོ་རྟ་བཅུ་ཧོར་འདྲའི་སར་ཕྱིན་པ་ཡིན་ང་ཚོ་བར་ཙམ་ཕྱིན་ནས་སྐར་བསམ་ཟེར་པའི་སྦྲ་གུར་མཐོང་བྱུང་པས་དེར་མགྱོག་པོར་རྒྱུགས་ནས་སླེབས་སྐབས་སྐར་བསམ་ཕ་བུ་གཉིས་མགོ་སྒུར་བྱུང་ངས་ཁོ་ཚོ་ལ་མེ་མདའ་གཉིས་འདུག་པ་དེ་འཕྲོག་པ་དང་།   ང་ནི་མགར་པའི་དབང་རྣམ་ཡིན་སྐར་བསམ་ཁྱོད་རང་ལམ་སང་ཧོར་འདྲའི་སྟོབས་ཆེན་སར་ཕྱིན་ནས་ཁོ་པ་མགོ་སྒུར་བྱེད་དགོས་ཟེར་ལན་སྤྲོད་ཤོག་ང་ཚོ་རྗེས་རྗེས་ལ་ཡོང་གི་ཡིན་ཟེར་བཤད་ནས་ཁོ་པ་སྔོན་དུ་བཏང་ནས་ང་ཚོ་རྗེས་ལ་ག་ལེར་ཧོར་འདྲའི་སྟོབས་ཆེན་གྱི་སྦྲ་ཡོད་སར་བྲག་རི་ཞིག་འདུག་པ་དེར་མགྱོགས་པོར་རྒྱུག་ནས་སྟོབས་ཆེན་གྱི་སྦྲ་ཐོག་སླེབས་སོང་པས་ཁོ་ཚོ་མ་མོར་འོ་མ་བཞོ་བཞིན་འདུག་ང་ཚོས་ཁོ་ཚིའི་སྦྲ་སྒོར་སླེབས་སྐབས་སྐར་བསམ་ཡང་དེར་སླེབས་སོང་པས་ཁོ་པས་ཀི་འབོད་བྱས་ཏེ་ཁྱོད་ཚོ་ལམ་སང་མགོ་སྒུར་མགར་པའི་དབང་རྣམ་སླེབས་འདུག་ཟེར་སོང་པས་ཕོ་གསར་ཞིག་གྲི་ཕྱེད་ཕུད་བྱས་ཏེ་ཚུར་ཙམ་འདྲེས་བྱུང་མའི་མ་རྒན་དང་།  བུ་མོས་བཀག་པ་དང་།  ཧོར་འདྲའི་སྟོབས་ཆེན་བར་ཙམ་དེ་ནས་ཕྱག་འཚལ་བཞིན་མགོ་སྒུར་པ་ཡིན་ཟེར་སླེབས་བྱུང་།  
     ང་ཚོས་ཕོ་གསར་གྲི་ཕྱེད་ཕུད་བྱས་ན་ཡོང་མཁན་དེ་བཀྱིག་ཙམ་བྱས་ནས་ཁོ་ཚོའི་མི་ཚང་མ་འདིར་ཤོག་ཟེར་ལབ་པ་དང་།  དེ་ནུབ་དེར་བསྡད།  ཕྱི་ཉིན་ཧོར་འདྲའི་སྟོབས་ཆེན་ས་ནས་མེ་མདའ་བཞི་དང་།   རྟ་དྲེལ་བཅུ་གཅིག་དྭ་ཡན་དཀར་པོ་༢༠༠ཙམ་མཛོ་གཡག་ཉི་ཤུ་རྩ་བདུན་ལུག་བདུན་བརྒྱ་སྐར་བསམ་ནས་མེ་མདའ་གཉིས་བཅས་འཕྲོག་པ་དང་།  དེ་མིན་ཁོ་ཚོའི་དེ་གར་སྤྱིར་བཏང་གི་མི་ཞིག་བསྡད་འདུག་པ་དེའི་ས་ནས་མེ་མདའ་སྤུས་ལེགས་གཅིག་འཕྲོག་པ་དེར་ལུག་བརྒྱ་ཐབ་པ་སྤྲད་པ་སོགས་བྱས་རྗེས་ང་ཚོ་ཤར་རྒྱག་ཞག་ཚུགས་བདུན་ཙམ་ཕྱིན་ཏེ་སེ་ལེ་ཕུག་པ་ཟེར་ས་དེར་སླེབས་སྐབས་དེ་སྔོན་མཚོ་སྔོན་ཡག་ར་ཤོག་ནས་སྟོད་ལ་བྲོས་པའི་ཡག་ར་གྲྭ་ཆུང་ཟེར་བ་ཞིག་འདུག་པ་དེར་ཤག་པོ་བྱས་ཏེ།  དེ་ཕན་གྱི་ས་སྡེ་སྐོར་སྐད་ཆ་དྲིས།   ཡང་དེ་ནས་སྔ་ཙམ་ཕྱིན་ནས་ལ་མོ་ལ་གསར་ཟེར་བ་དེའི་སར་སླེབས་སྐབས་ལ་རྩེར་རྡོ་མཆོད་ཕྲ་ཐར་ཏེ་བསྡད་འདུག་པ་དེ་ནས་གངས་ཏི་སའི་དབུ་རྩེ་མཇལ་བྱུང་བས་ང་ཚོས་ཕྱག་འཚལ་སྨོན་འདེབས་བྱས་ཏེ།  ཕར་ཙམ་སྐྱོད་མཚམས་འབྲང་བབ་ནས་སྡོད་སྐབས་མི་རྒན་ཤ་སྐམ་པ་སྐྱོ་པོ་ཞིག་དེར་སླེབས་བྱུང་བ་དེ་ང་ཚོས་སུ་ཡིན་ཤེས་ཀྱི་མེད་རུང་ཞིབ་ལྟ་བྱས་རྗེས་ཁོ་པ་ནི་ཨ་མདོ་སེ་རྡོར་གྱི་བསམ་རྟོག་ཟེར་པ་དེ་རེད་འདུག  
     ཁོ་པས་བཤད་པར་ང་ནི་འདི་ཕྱོགས་སུ་བསྡད་ནས་དུས་ཡུན་གང་འཚམས་ཕྱིན་སོང་།ང་ཚོའི་མག་པ་ནི་ཚང་སྟོབས་སྐོར་བཅས་ཀྱིས་བསད་པས་མ་ཚད་དངོས་ཡང་ཚང་མ་ཁོ་ཚོས་འཕྲོག་སོང་དེར་བརྟེན་ང་ཚོའི་འཚོ་བ་དཀའ་ངལ་ཤིན་ཏུ་ཆེ་བས་ད་ལྟ་འགྲུལ་པ་ཞིག་འདིར་བསྡད་པ་གོ་ཐོས་བྱུང་བས་སློང་བར་ཡོང་བ་ཡིན།  ཁྱེད་ཚོ་ཡིན་པ་ཅི་ནས་ཤེས།  དེ་རིང་ཁྱེད་ཚོ་དང་འཕྲད་པ་དགའ་སྤྲོ་ཆེ་ཟེར་དེ་འཕྲལ་ཁོ་པའི་ནང་མི་རྣམས་དེར་བསུས་པ་ཡིན།   ང་ཚོ་མི་ཁ་ཤས་ཀྱི་ཕ་གིར་སྦྲ་ནག་ཅིག་ཡོད་པ་མཐོང་སྟེ་སྒྲུང་མཁན་ལྷ་བུ་དང་།   དཀོན་རྒྱལ་དཔའ་རྒྱལ་བཅས་ཕ་གིར་སྦྲ་ནག་ཡོད་སར་ཕྱིན་ནས་ཉེ་འདབས་སུ་གུར་ཕུབ་རྩིས་བྱེད་སྐབས།  སྦྲ་ནག་དེའི་ནང་ནས་བུད་མེད་ཅིག་ཡོང་ནས་ཁྱེད་ཚོ་འདིར་བཞུགས་རྩིས་ཡོད་ན་གནས་སྐབས་ཁྱིམ་དུ་ཕེབས་ཟེར་ནས་ཁོ་ཚོ་ཁྱིམ་དུ་ཕྱིན་པས་ཁྱིམ་དེར་བུ་མོ་གཉིས་ལ་མི་མེད་པ་དང་བུ་མོ་དེ་གཉིས་རིམ་བཞིན་ཕྱིར་ཐོན་ནས་སོང་བ་དང་།  སྦྲ་རྒྱབ་ཕྱུགས་རྭ་ཞིག་ཡོད་པ་དེ་ནས་མི་ཁ་ཤས་མཐོན་ཡོང་ནས་མེ་མདའ་རྒྱབ་ནས་སྒྲུང་མཁན་ལྷ་བུ་དེ་གར་བསད་པ་དང་། དཀོན་རྒྱལ་དང་དཔའ་རྒྱལ་གཉིས་ལམ་སང་བྲོས་རྩིས་བྱས་ཀྱང་སྦྲ་སྒོ་དང་།  སྦྲ་མཐའ་རྣམས་རྡོ་ཡིས་གནན་ཏེ་ཕྱིར་འགྲོ་ས་མེད་ཁར།  ཁོ་པ་ཚོས་མེ་མདའ་རྒྱག་བཞིན་མགོ་སྒུར་ཞེས་སྐད་རྒྱག་མུས་ལ།  དཀོན་རྒྱལ་གྱིས་སྦྲ་ལ་གྲི་བརྒྱབས་ནས་ཐར་ཐུབ་ཙམ་བྱུང་བའི་དཀོན་རྒྱལ་དང་།  དཔའ་རྒྱལ་གཉིས་བྲོས་ནས་ས་མ་རུབ་བར་བྲག་མགོར་བསྡད་པ་དང་།  ས་རུབ་མཚམས་ཕྱིར་སླེབས་བྱུང་ཁོ་གཉིས་ཀྱིས་གནས་ཚུལ་བཤད་རྗེས་ང་ཚོ་དེའི་སྐོར་གང་བྱེད་གྲོས་མོལ་བྱས་ཏེ།  ཚོང་དཔོན་ལྷ་རྒྱལ་གཙོས་པའི་མི་གསུམ་མངའ་རིས་སྒར་རྫོང་སར་ང་ཚོའི་མི་བར་ལམ་བསད་པ་དེ་སྡེ་པ་གཞུང་གི་ལྷ་དམག་ཡིན་ཚུལ་བཤད་དེ་མི་གསོད་བྱེད་གཏེ་མངའ་རིས་སྒར་རྫོང་ནས་ང་ཚོར་རྩིས་སྤྲོད་དགོས་པ་ལས་ཡན་པོར་བཏང་ན་ཤ་ཚབ་ཁྲག་འཇལ་བྱེད་དགོས་པ་དང་།   མངའ་རིས་ལ་ཡོད་པ་ཨ་ཁུ་འབྲུག་སྐྱབས་དང་།  གཡང་འགྲུབ་གཙོས་བྱང་རིགས་ཀྱི་སྡེ་དུད་ཇི་ཡོད་ང་ཚོར་རྩིས་སྤྲོད་དགོས་པ་བཅས་གནས་ལུགས་ཞུ་བར་བཏང་པ་དང་།   ང་རང་དང་།  དགྲ་འདུལ།   ནག་ཁྲིག་བཅས་མི་བདུན་མཚོ་མ་ཕམ་དང་སྤུ་ཧྲིང་ཇོ་བོ་ལ་འགྲོ་རྒྱུ་དང་།   ལམ་ཞོར་དུ་སྤུ་ཧྲིང་རྫོང་ལ་ཡང་མི་གསོད་བྱེད་གཏེ་མཐའ་འདོམ་རྩིས་སྤྲོད་དགོས་ལུགས་ཞུ་རྒྱུ་བྱས་ཐོག     རོགས་མི་གཞན་རྣམས་གངས་མདུན་བོང་ཚུགས་གཞུང་ཟེར་བ་དེར་ང་ཚོ་ཕྱིར་མ་འཁོར་བར་དེར་སྒུག་སྡོད་བྱ་རྒྱུ་དང་།   དེར་ང་ཚོ་འཛོམས་རྒྱུ་བྱས་ཏེ་ང་ཚོ་གོང་གསལ་དགོན་སྡེ་ཁག་ལ་དངོས་འབུལ་ཞུ་པ་དང་།   སྤུ་ཧྲིང་རྫོང་སར་ཕྱིན་ནས་ཕྱིར་ལོག་གྲབས་སྐབས་མངའ་རིས་སྒར་རྫོང་ནས་ང་ཚོ་བྱང་རིགས་ཀྱི་སྡེ་སྦྲིལ་ལ་ཨ་མདོའི་སྒར་དཔོན་ངོ་མ་ཡིན་མིན་ཞིབ་གཅོད་མི་གཉིས་བཏང་འདུག     དེ་ནས་ང་ཚོ་འབྲང་སར་སླེབས་པ་དང་དུས་མཚུངས་ཚོང་དཔོན་ལྷ་རྒྱལ་ཁོ་ཚོ་གསུམ་ཡང་སླེབས་བྱུང་བ་ཁོ་ཚོས་ང་ཚོ་མངའ་རིས་སྒར་དཔོན་སར་(མངའ་རིས་སྒར་རྫོང་དྲུག་སྒྲིལ་ཟེར་བ་ནི་སྤུ་ཧྲིང་རྫོང་་དང་ཟླ་བ་རྫོང་།  རྩ་རང་རྫོང་།   རུ་ཐོག་རྫོང་བཅས་འགོ་བཞི་ལ་རྫོང་སྡོད་ས་གནས་སྲིད་གཞུང་གི་ལས་བྱ་དྲུང་སྐྱ་སེར་དཀྱུས་མ་ཡིན་པ་དང་། སྒར་དཔོན་གཉིས་པོ་ས་གནས་སྲིད་གཞུང་གི་རིམ་བཞི་དང་མཁན་ཆུང་ངམ།   ཡང་ན་སྲས་རྣམས་པ་སོགས་ལས་གནས་མཐོ་ཙམ་ཞིག་གིས་བྱེད་དགོས) ཕྱིན་པའི་ལམ་བར་དུ་འབྲུག་སྐྱབས་དང་གཡང་འགྲུབ་ཡོད་པ་ཐུག་བྱུང་།   ཁོ་གཉིས་རིམ་བཞིན་འདིར་བོང་ཚུགས་གཞུང་ལ་རིམ་འབྱོར་བྱ་རྩིས་འདུག   ང་ཚོའི་སྒྲུང་མཁན་ལྷ་བུ་བསོད་མཁན་དཀོན་དཔོན་བློ་བཟང་རེད་འདུག་མངའ་སྒར་གྱིས་ཁྱོད་ཚོའི་གོ་ལག་ཤོར་བ་ང་ཚོས་རྩིས་སྤྲོད་བྱུང་བ་དེ་ཁྱོད་རང་ཚོས་ཁྱེར་རྒྱུག་ཟེར་ང་ཚོར་རྩིས་སྤྲད་བྱུང་ང་ཚོས་ས་གནས་དེ་གའི་མི་རེ་འགར་དཀོར་དཔོན་བློ་བཟང་སྐོར་འདྲི་རྩད་བྱས་པས་དཀོར་དཔོན་བློ་བཟང་ནི་མི་བསད་རྗེས་གངས་རིའི་རྒྱབ་ཕྱོགས་སུ་བྲོས་ཚར་འདུག་ཟེར་གོ་ཐོས་བྱུང་བས་ང་ཚོ་འཕྲལ་དུ་ང་དང་།  དཀོན་རྒྱལ།   རྣམ་བྱང་།   དགྲ་འདུལ་བཅས་མི་བཅུ་གངས་རྒྱབ་ཏུ་དཀོར་དཔོན་བློ་བཟང་འཚོལ་བར་ཕྱིན་པའི་ལམ་བར་གངས་སྐོར་འགྲོ་མཁན་འགའ་ཤས་ཀྱིས་དཀོར་དཔོན་བློ་བཟང་ནི་གངས་རྒྱབ་དབྱེར་མོ་ཟེར་སའི་རྫ་ཕུ་ཞིག་ནས་ནོར་འགའ་ཤས་མཐོང་རྒྱུ་འདུག་པ་དེ་མིན་བཟོ་རེད་ཟེར།   
    ང་ཚོ་དེར་ཕྱོགས་སུ་ཤར་སྐྱོད་ཀྱིས་རྫ་སྒང་ཞིག་ནས་སོ་ལྟ་བྱས་པས་རྫ་ཕུ་དེར་མི་ཚང་ཁ་ཤས་འདུག་པ་མ་མོ་བཞོ་བཞིན་འདུག་པ་དེར་ང་ཚོ་འཕྲལ་དུ་ཕྱིན་ནས་སྦྲ་ཡོད་སར་སླེབས་མཚམས་དཀོར་དཔོན་བློ་བཟང་ཡོད་ས་རེད་འདུག་པས་མ་ཚད་དཀོར་དཔོན་བློ་བཟང་ཕ་གི་རེད་ཟེར་བའི་མི་ཞིག་མ་མོ་བཞོ་ས་ནས་ཚུར་ཚུར་ཡོང་གི་འདུག ང་ཚོས་དཀོར་དཔོན་བློ་བཟང་གཙོས་མི་ལྔ་འདུག་པ་ཚང་མ་བཟུང་བ་དང་།  དཀོར་དཔོན་སྤུན་གཉིས་བསྡམས་བཀྱིག་གི་མེ་མདའ་འཕྲུལ་མདའ་གཅིག    བོད་མདའ་གཉིས་རྟ་བཞི།  བཅའ་དངོས་གཡག་རྒྱབ་བཅོ་ལྔ་ལུག་ཕོ་ཤབ་ལྔ་བཅུ་ཙམ་བཅས་འཕྲོག་པ་དང་།   དེའི་ཕྱི་ཉིན་དཀོར་དཔོན་སྤུན་གཉིས་བཟུང་ཁྲིད་བྱས་ཏེ་འབྲང་སར་གངས་མདུན་ལ་ཕྱིར་ལོག་བྱས་ང་ཚོ་འབྲང་སར་སླེབས་སྐབས་ཨ་ཁུ་འབྲུག་སྐྱབས་དང་།   གཡང་འགྲུབ་ཆོག་རུ་རིགས་འཛིན་སོགས་དེ་སྔོན་སྟོད་ལ་ཕྱིན་པའི་མི་ཁག་ཅིག་དེར་སླེབས་འདུག  ཁོ་ཚོས་དེང་སྐབས་མངའ་རིས་སྒར་རྫོང་དང་།  བྱང་སྤྱིའི་སྡེ་འགུག་སྐུ་ཚབ་ཇིང་ཚབ་བཅས་ཚང་མ་གསེར་གཤོང་ཟེར་སར་སླེབས་འདུག་ཚུར་ཕུ་སྐར་མ་པ་དེར་ཕེབས་འདུག   མངའ་རིས་སྒར་རྫོང་གི་ང་ཚོ་ས་གནས་ཀྱི་ཁྲིམས་ལ་བལྟ་ལོང་དང་།   རྟོགས་ལོང་མེད་པར་ཨ་མདོའི་སྡེ་སྒྲིལ་གྱིས་དཀོར་དཔོན་བློ་བཟང་བཟུང་ཁྲིད་བྱས་པ་ནི་མ་འགྲིག་པ་ཞིག་རེད་ཟེར་གྱི་ཡོད་པར་ང་ཚོའི་སྡེ་བ་གཞུང་གི་ལྷ་དམག་བསད་མཁན་བྱེད་གཏེ་ཁོ་ཚོས་ཡན་ལག་བདེར་བཞག་པར་བརྟེན་ངས་དེ་འདྲ་མི་བྱེད་ཐབས་མེད་རེད།   
     ཁོ་ཚོས་དེ་འདྲ་ཤོད་ཀྱི་ཡོད་ན་ང་ཚོ་ཡང་སྐྱེས་པ་ཕོ་ཞིག་ཡིན་པས་དེ་རྩིས་ཀྱིས་བབ་བསྟུན་ཞིག་དགོས་ངེས་རེད་བཤད་ནས་དེའི་ཕྱི་ཉིན་ཚོང་དཔོན་ལྷ་རྒྱལ་གཙོས་མི་འགའ་ཤས་འབྲང་གཞིས་ལ་དཀོར་དཔོན་བློ་བཟང་སྲུང་ཉར་བྱེད་མཁན་བཞག་པ་དང་།   ང་རང་གཙོས་ང་ཚོའི་སྡེ་འགུག་མི་ཁག་ཅིག་དང་།   ཨ་ཁུ་མགར་རྒན་དང་།   སོག་རུ་རིག་འཛིན་སོགས་དེར་སླེབས་པའི་ཨམ་སྟོད་ཀྱི་མི་ཁག་ཅིག་བཅས་ཁྱོན་རྟ་བ་བཞི་བཅུ་ཙམ་ཞིག་མི་ཚང་མའི་མེ་མདར་རུ་དར་དམར་པོ་དེ་རྒྱབ་པ་ནང་མེད་ཚེ་རིང་དང་།  ཚེ་རིང་དོན་འགྲུབ་གཉིས་ཀྱི་དམག་དར་དམར་པོ་རེ་ཁྱེར་བ་བཅས་རྔམ་རྔམ་རྫིག་རྫིག་གིས་མངའ་རིས་སྒར་རྫོང་ཡོད་སར་ཤར་རེར་ཕྱིན་ནས་དེར་སླེབས་སྐབས་ང་ཚོ་འབྲང་ཁག་གཉིས་བྱས་ཏེ་བསྡད་པ་ཡིན་དེ་ཉིན་མངའ་རིས་སྒར་རྫོང་དང་།  བྱང་སྤྱིའི་སྡེ་འགུག་སྐུ་ཚབ་མཉམ་དུ་ལྷན་རྒྱས་ཚུགས་ནས་ཨ་མདོའི་སྒར་དཔོན་ལམ་སང་སྐུ་མདུན་ལ་ཤོག་ཟེར་ལན་སྐྱེལ་བྱུང་བས་ང་རང་དང་ནད་མེད་ཚེ་རིང་།   ཚེ་རིང་དོན་འགྲུབ་བཅས་ང་ཚོ་མི་གསུམ་མེ་མདའ་ཐུང་མདའ་རེ་ཁྱེར་ནས་ཕྱིན་པ་དང་། སྒར་རྫོང་གི་གུར་སྒོར་སླེབས་པ་དང་།   ཁོ་གཉིས་གུར་གཡས་གཡོན་དུ་མེ་མདའ་བཟུང་ནས་ལངས་འདུག་པ་དང་། ང་རང་གུར་ནང་དུ་འཛུལ་ནས་ལྷན་རྒྱས་ལ་ཁ་དར་རེར་བཞག་ནས་ང་སླེབས་ཡོད་བརྗོད་པས།  མངའ་རིས་སྒར་དཔོན་གྲུམ་པ་སྲས་ནས།  ཁྱོད་རང་ཨ་མདོའི་སྒར་དཔོན་རེད་པ་ཁྱོད་ཀྱིས་ག་རེ་བྱེད་རྩིས་ཡོད་ཟེར། ངས་ཁྱོད་ཚོ་མངའ་རིས་སྒར་རྫོང་གིས་སྡེ་པ་གཞུང་གི་ལྷ་དམག་བསོད་མཁན་བྱེད་གཏེ་རང་གར་བཏང་ནས་བཀའ་ཁྲིམས་ཟད་ཙང་ང་ཚོས་ལས་ཀ་དེ་སྒར་དཔོན་ལས་ཆ་སྔོ་མོ་ལུང་དེ་ཕྲལ་ཁྲི་ཐོག་ནས་བབས་ཏེ་ངའི་རྗེས་ལ་ཡོང་སྟེ་ཁྱོད་རང་སྤྲོ་ལངས་དགོས་མ་རེད་ང་གཉིས་དེ་སྔོན་ཕན་ཚུན་ངོ་ཤེས་ཀྱི་ཡོད་གྱོད་གཞི་དེའི་སྐོར་གང་འགབ་འགྲིག་ཐབས་བྱས་ཆོག་གི་རེད་ཕྱག་སྦྲེལ་གྱིས་དཀོར་དཔོན་ས་ནས་ཁྱོད་ཚོའི་རྟ་མེ་མདའ་བླངས་ནས་ཁྱོད་ཚོར་རྩིས་སྤྲོད་བྱས་ཟིན་པ་མ་རེད་དམ།   དེ་སྐོར་ང་ཁ་སང་རུ་ཐོག་ལ་ཕྱིན་ནས་བསྡད་མེད་པས་ཞིབ་ཕྲ་རྟོགས་ཐུབ་ནས་ཐག་གཅོད་བྱེད་དགོས་ངེས་རེད།   ད་རེས་མིན་ན་ད་གཟོད་ཟེར་དང་།  ཕན་ཚུན་བསྟུན་ཤེས་བྱེད་ཆོག་ཟེར་ང་འབྲང་ལ་སླེབས་རྗེས་ཨ་ཁུ་འབྲུག་སྐྱབས་དང་།  ཁོ་ཚོ་ཁ་ཤས་ཀྱིས་དེ་རིང་ཁྱོད་ཚོ་ལམ་སང་ཕྱིར་ལོག་བྱས་བྱུང་སྒར་རྫོང་ལྷན་རྒྱས་ཀྱིས་ག་རེ་ཟེར་གྱི་འདུག་ཟེར་བས།  ངས་གནས་ཚུལ་རྣམས་བཤད་ནས་སྐྱོན་ཆེར་མི་འདུག་ཅེས་ལབ་པ་ཡིན།   ཏོག་ཙམ་སོང་ནས་ང་ཚོ་མི་ཁ་ཤས་ཚུར་ཕུ་ཀརྨ་པ་མཇལ་བར་འགྲོ་སྐབས་ཀརྨ་པས་ཁྱོད་ཚོས་དཀོར་དཔོན་བློ་བཟང་མངའ་རིས་སྒར་ལ་རྩིས་སྤྲད་ཟིན་ནམ་གསུངས་བྱུང་བས་ངས་རྩིས་སྤྲད་མེད་ང་ཚོས་ཉར་ཡོད་ཞུས་པ་དང་དེའི་སྐོར་ཞིབ་ཕྲ་ཞུས་པ་ཡིན། དེའི་ཕྱི་ཉིན་སྒར་དཔོན་སྔོ་མོ་ལུང་གི་ཤོག་ཟེར་སྐད་བཏང་བྱུང་བས་སྔོ་མོ་ལུང་།  ཁོ་རང་གཅིག་པུར་གུར་ཞིག་གི་ནང་བསྡད་འདུག་ཁོ་པས་ཁྱོད་རང་ལག་ཁྱེར་སྟོན་དང་ཟེར་བས་ང་ལགས་སུ་ཞུས་ནས་ལག་ཁྱེར་སྤྲད་པ་ཡིན།   ཁྱོད་ཀྱིས་ལག་ཁྱེར་ནང་གསལ་ལམ་བར་དུ་རྟ་འུལ་སྐུལ་བ་སོགས་བྱས་པ་ཡིན་ནམ་ཟེར་བས་ངས་རྟ་འུལ་སྐུལ་བ་ཁལ་ཆེར་མེད་གང་ཐུབ་ཅི་ཐུབ་ཀྱིས་མི་སེར་ལ་རྡབ་སིག་བྱུང་དོགས་བྱས་ནས་ཡོང་བ་ཡིན་ཞེས་བཤད་པ་དང་།  དེ་རྗེས་ཁྱོད་ཀྱིས་དགོངས་གསལ་ལྟར་ང་ཚོ་ནི་དེ་སྔོན་སྔ་རྗེས་སུ་ཨ་མདོ་སོགས་བྱང་རིགས་ཀྱི་སྡེ་དུད་མང་པོ་ཞིག་སྟོད་ཕྱོགས་སུ་ཕྱིན་ཡོད་པ་དེ་ཚོ་ཕྱིར་འགུག་བྱེད་པར་བྱང་སྤྱིས་བཏང་བ་དང་ལྷག་དོན་ང་ནི་བྱང་སྤྱི་ལྷ་རྟའི་དམིགས་འཛུགས་ཀྱིས་ཨ་མདོ་ཤོག་བརྒྱད་ཁོངས་ནས་ཁྲལ་སྡེ་མང་པོ་ཞིག་འདིར་སྟོད་ཕྱོགས་ཡོད་པ་རྣམས་ཕྱིར་འགུག་ཐུབ་པའི་འགན་དཀྲིས་ནས་བཏང་བ་མ་ཟད་ང་ཚོས་ཐོན་ཁར་བྱང་སྤྱི་ལྷ་རྟ་ནས་སྟོད་ཕྱོགས་སུ་ཕྱིན་པའི་བྱང་རིགས་ཀྱི་སྡེ་དུད་མང་ཆེ་བ་ནི་སྡེ་པ་གཞུང་གི་ཁྲལ་འབངས་རྐྱང་པ་ཡིན་པས་གསེར་ལུག་མགོ་ཙམ་ལས་དུ་བ་རྟ་རྔ་ཙམ་གལ་ཆེ་བའི་དཔེ་ལྟར་དུད་ཚང་ཁ་ཤས་དེ་སྔོན་སྟོད་ཕྱོགས་སུ་ཕྱིན་ནས་ཡུན་རིང་ཙམ་སོང་པ་དེ་ཚོའི་བུ་དང་བུ་མོ་ས་གནས་དེ་གའི་མང་ཚོགས་དང་འགྲོ་འོང་ཡང་བྱས་པའི་ཐད་གཉའ་རིན་དཔོན་ཕྲོལ་གྱི་འོས་འཚམས་ཐག་གཅོད་བྱེད་དགོས་པ་ཕུད།   དེ་བྱིངས་ཁྲལ་སྡེ་གཅིག་ཀྱང་མ་ལུས་པ་ཕྱིར་འགུག་ཐུབ་པ་བྱེད་དགོས་ཟེར་བཀའ་འབེབས་གནང་བ་དང་། 
    ངས་ཀྱང་ཕ་ཉེའི་ཨ་ཁུ་དང་མ་ཉེའི་སྲུ་མོ་སུ་འདྲ་ཞིག་ཡིན་རུང་།   ང་ཚོར་དགྲ་ཚད་ནས་ཕྱིར་མི་ལོག་མཁན་རེ་གཉིས་ཡོད་ཚེ་དེའི་མགོ་ལག་བྱང་སྤྱིར་རྩིས་འབུལ་ཞུ་རྒྱུ་དང་དེ་མིན་ཚང་མ་ཕྱིར་ལོག་བྱེད་ཐུབ་པ་བྱུ་རྒྱུའི་ཁས་ལེན་བྱས་པ་བཅས་ཡིན་པས་ལས་ཀ་འདིའི་ཐད་ཁྱེད་མངའ་རིས་སྒར་རྫོང་ནས་ཀྱང་ང་ཚོར་ཕྱོགས་གང་ཅིའི་ཐད་རྒྱབ་སྐྱོར་གནང་རོགས་གནང་ཞུས་པ་ཡིན་སྒར་དཔོན་སྔོ་མོ་ལུང་གིས་ང་ཚོས་གང་དྲག་བྱེད་ཆོག་ཟེར།   དེ་ནས་ང་གཉིས་ཤག་པོ་བཞག་པ་དང་སྔོ་མོ་ལུང་གིས་ཁྱོད་ཚོའི་་སྡེ་དུད་རྣམས་ཕྱིར་འགུག་བྱེད་རྒྱུའི་ཐད་ཁྱོད་རང་འདིར་ཟླ་གཅིག་ཟླ་གཉིས་སྡོད་དགོས་བཟོ་རེད་ཟེར་བ་དང་ངས་ཁྲལ་ཁྲིམས་ཟེར་བ་དེ་ཡག་པོ་ཤེས་ཀྱི་མེད་པས་ཁྱེད་ཀྱིས་ང་འདིར་སྡོད་རིང་གང་ཐད་བཀའ་སློབ་གནང་རོགས་ཞུས་པ་ཡིན། ང་འབྲང་ལ་ཕྱིར་སླེབས་སྐབས་ཀརྨ་པའི་གཉེར་པ་དཀར་ཚེ་དེར་སླེབས་འདུག་པ་དེས་ཁ་དག་གཅིག་དང་དངུལ་ཀྲག་སྒོར་ལྔ་བཅུ་ཐམ་པ་ང་ལ་སྤྲད་ནས་རིན་པོ་ཆེ་ནས་འདི་ཁྱོད་ལ་སྤྲོད་ཁྱོད་ཚོའི་མི་གཅིག་བསད་པ་དེར་ངས་བསྔོ་སྨོན་གང་དྲག་བྱས་ཆོག་རེད།  ཁྱོད་ཚོས་དཀོར་དཔོན་ལ་སྡུག་པོ་མ་གཏང་གསུང་གི་འདུག་ཟེར།    ངས་དེ་དོན་བླ་མའི་བཀའ་ལྟར་བྱས་ཆོག་ཞུས་ནས་ཕྱི་ཉིན་མི་གཅིག་བཏང་སྟེ་འབྲང་སར་དཀོར་དཔོན་བློ་བཟང་སྡུག་པོ་གཏོང་རྒྱུ་མེད་པ་མ་ཟད་ཁོ་ཚོའི་རྒྱུ་དངོས་རྣམས་འཐོར་གྱར་མེད་པ་བྱེད་དགོས་ཟེར་ལབ་པ་ཡིན།  
   ཡང་དེའི་ཕྱི་ཉིན་སྒར་དཔོན་སྔོ་མོ་ལུང་གི་སྐུ་མདུན་ལ་སོང་ནས་དཀོར་དཔོན་བློ་བཟང་གི་གྱོད་གཞིར་ནང་གྲོས་བྱས་མཐར་དཀོར་དཔོན་བློ་བཟང་གི་ལུས་ཐོག་ལ་རྩ་ར(ལུས་ཆད།)མེད་ཐོག་ཁོ་པའི་འགོ་རྟ་ཐོག་རོལ་དང་།  མི་སྟོང་ནོར་བརྒྱ་ཐམ་པ་ང་ཚོར་སྤྲོད་དན་བྱས་པ།   མངའ་རིས་སྒར་རྫོང་ལ་འགྲིག་རྟགས་སྒོར་ལྔ་བཅུ་ཐམ་པ་འབུལ་རྒྱུ་བཅས་ཀྱི་ཐག་གཅོད་བྱས་པ་ཡིན།   དེའི་ཕྱི་ཉིན་སྒར་རྫོང་གིས་དཀོར་དཔོན་བློ་བཟང་ང་ཚོའི་འབྲང་སར་ནས་སྐད་བཏང་སྟེ་ཁོ་པས་མི་སྟོང་ནོར་བརྒྱ་ཐམ་པ་དང་འགོ་རྟ་ཐོག་རོལ་ང་ཚོ་ལ་སྤྲད་དགོས་པ་དང་།   མངའ་རིས་སྒར་རྫོང་ལ་འགྲིག་རྟགས་སྒོར་ལྔ་བཅུ་འབུལ་དགོས་པར་ཨ་མདོས་ཀྱང་བཟོད་ཆེན་པོ་བྱས་པར་གོ་ལེན་ངོ་ཤེས་དགོས་པ་བཅས་ཀྱི་བཀའ་གནང་བ་དང་།    ང་ཚོའི་སར་ཡོད་པའི་དཀོར་དཔོན་གྱི་རྒྱུ་དངོས་ཇི་ཡོད་ཕྱིར་སྤྲོད་བྱེད་དགོས་ཟེར་བས་ང་ཚོས་དཀོར་དཔོན་དང་གྲོས་བསྡུར་གྱི་མི་སྟོང་ནོར་བཅུ་རྩི་རྒྱུ་བྱས་པའི་འཕྲོས་ལུས་ནོར་དྲུག་བཅུ་ཐམ་པའི་དོད་བཅའ་དངོས་དང་འགོ་རྟ་ཐོག་རིལ་བཅས་བླངས་པ་ཡིན།   ང་ཚོས་མི་སྟོང་བླངས་པའི་ནོར་དེ་རྣམས་ཁག་གཅག་ཀརྨ་པ་ལ་ཕུལ་བ་དང་།   དེ་མིན་གནས་དང་དགོན་སྡེ་དགེ་རྩ་སྒྲུབ་ཡོན་དུ་ཕུལ་བའི་འཕྲོས་རྣམས་འབྲང་གཞིས་ནས་ཕྱིར་དེད་ཡོང་ནས་རྗེས་སུ་འདས་པོ་ནང་ལ་སྤྲད་པ་ཡིན།   
    དེའི་ཕྱིན་ཉིན་ཙམ་ལ་དཀོར་དཔོན་བློ་བཟང་ང་ཚོས་གནས་དང་བླ་མ་བསམ་ནས་ལུས་ཐོག་ཆད་གཅོད་གང་ཡང་མ་བྱས་པར་བརྟེན་ཁོ་པ་དགའ་ཐག་ཆོད་དེ་ང་ཚོའི་སར་ཡོང་ནས་ང་ལ་ཚར་ཚག་སྲམ་ཤན་མ་གཅིག་སྤྲད་བྱུང་།   ངས་ཀྱང་ཁོ་པའི་འགོ་རྟ་རོལ་བླངས་ཡོད་པ་དེ་ཕྱིར་སྤྲད་བྱས་པ་དང་།    བོད་མདའ་ཞིག་བླངས་པ་བཅས་བྱས་རྗེས་ང་ཚོས་དེའི་ཕྱོགས་སུ་ཡོད་པའི་ཨ་མདོའི་སྡེ་དུད་མང་ཆེ་བ་གང་མདུན་བོད་ཚུགས་གཞུང་ཚོའི་འབྲང་གཞིས་ཀྱི་ཐག་ཉེར་སྔ་རྗེས་སླེབས་ཟིན་འདུག་འོན་ཀྱང་ད་དུང་གང་སར་རྩད་གཅོད་བྱས་ཏེ་སྡེ་དུད་གཅིག་ཀྱང་མ་ལུས་པར་ཕྱིར་ལོག་བྱེད་ཐུབ་པ་དགོས་ཟེར་བསྡད་ཡོད་པའི་བྱང་སྤྱིའི་སྡེ་འགུག་སྐུ་ཚབ་ང་ཚོའི་སར་ཡོང་ནས་ང་ལ་ཁྱོད་ཚོས་སྐྱོ་མ་གཡོག་ཤེས་དུས་ལྡག་མི་ཤེས་ཟེར་བའི་དཔེ་ལྟར་བཟོས་འདུག་སྒང་རུ་དྲུག་ཅུ་རེ་བཞིའི་དཔོན་རིམ་པ་བཞི་པའི་གོ་འཐོབ་ཡོད་པའི་མི་ལ་རྒྱབ་སྒར་དཔོན་རང་སྣང་གང་ཤར་གྱི་སྡུམ་བཀྱིག་བཙན་ཁྲིད་བྱས་པས་མི་ཚད་ཁོ་པའི་ཡིག་ཆ་ཡང་འཕྲོག་འདུག་པ་དེ་ནི་གང་མིན་གྱི་བྱ་པ་རེད།   དེང་སྐབས་ལ་རྒྱབ་ཀྱི་སྒང་རུ་ཤོག་ཁ་ཚོས་དམག་བཞི་བརྒྱ་ལྔ་བརྒྱ་ཞིག་དང་དེའི་ཁར་སྡེ་པ་གཞུང་གི་གཞུང་དམག་བརྒྱ་སྐོར་ཞིག་བཅས་ཡོང་གི་ཡོད་པ་འདྲ་ཁྱོད་ཚོས་གང་འདྲ་བྱེད་རྩིས་ཡིན་ཟེར་གྱི་འདུག་པས་ངས་ད་འོ་ན་བསམ་པ་རྒྱ་ཞིང་ཁྲ་མ་དང་།  སྐེས་པ་ཁྲི་གདུགས་ཉི་མ་ཟེར་པའི་དཔེ་ལྟར་རེད་ངས་སྡེ་པ་གཞུང་གི་ཞབས་ཕྱི་ཞུ་བསམ་ཡང་ལ་རྒྱབ་སྒར་དཔོན་གྱིས་ང་ཚོར་དམག་རྒྱག་རྩིས་ཡོད་ན་འདི་གར་གངས་རིན་པོ་ཆེའི་ཉེ་འདབས་ཡིན་པས་མ་ཚད་ཀརྨ་པར་བཞུགས་ཡོད་པས་དམག་རྒྱག་རུང་གི་མ་རེད།   ང་ཚོ་བྱང་ས་སྟོང་པ་ཞིག་ཁྱེད་རྣམས་ཀྱིས་གཡར་པོ་གནང་དགོས་དེར་སྲོག་དུས་བྱས་ཏེ་སུ་རྒྱལ་སུ་ཕམ་ལྟ་རྒྱུ་ཡིན་ཞེས་བཤད།    
    དེའི་སང་ཉིན་སྒར་དཔོན་སྔོ་མོ་ལུང་གིས་དབང་རྣམ་འདིར་ཤོག་གསུང་གི་འདུག་ཟེར་ལེན་སྐྱེལ་བྱུང་ང་སྔོ་མོ་ལུང་གི་སྐུ་མདུན་ལ་ཕྱིན་པས་སྔོ་མོ་ལུང་གིས་ཤག་པོ་ཁྱེད་རང་ཚོས་ཁ་སང་ལམ་བར་ལ་རྒྱབ་སྒར་དཔོན་ལ་རྩོད་གཞི་ཆེན་པོ་བཟོས་བྱུང་ཟེར་རྟ་སྒོ་ལ་རྒྱབ་པའི་དམག་མང་པོ་དང་།   དེའི་ཁར་གཞུང་དམག་ཕེན་ཆེན་ཞིག་འདིར་ཕྱོགས་སུ་ཡོང་གི་ཡོད་ཚོད་འདུག་དེའི་ཐད་ཁྱོད་ཚོས་རྩོད་པ་བྱུང་སྟངས་ག་འདྲ་རེད་ཟེར་ངས་ང་ཚོ་རྩོད་གཞི་བྱུང་བའི་སྐོར་དང་རྗེས་སུ་ཐག་གཅོད་བྱུང་ཚུལ་རྣམས་ཞུས་རྗེས་ཁྱོད་ཚོའི་གྱོད་གཞི་ཐག་གཅོད་ཡོད་ན་ཆོད་ཁྲ།  (ཆོད་འཛིན་ཡང་ཟེར)གང་དུ་ཡོད་དམ་ཟེར་བས་ངས་ཆོད་ཁྲ་འདིར་ཡོད་ཟེར་ཕུལ་བ་ཡན་སྔོ་མོ་ལུང་གིས་ཞིབ་གཟིགས་བྱས་ནས་ཆོད་ཁྲ་ཡག་པོ་འདུག་ད་ཁྱེད་ཚོས་གང་འདྲ་བྱེད་རྩིས་ཡོད་དབང་རྣམ་ཁྱོད་ཞེད་ཀྱི་འདུག་གམ་ཟེར་བས་ངས་ཁོ་ཚོ་ལ་ཞེད་མི་སྲིད་རུང་ང་སྡེ་པ་གཞུང་གི་ཞབས་ཕྱི་ཞུ་བཞིན་ལ་སྟག་དམར་ཡལ་ལ་ལ་འགྲོ་བ་ལ་འདྲེ་སེ་ལེའི་རྣ་རྡོ་རྒྱུག་ཟེར་སེམས་ཕམ་ཕྲན་བུ་འདུག་ཀྱང་བྱ་ཐབས་ཟད་པ་རེད་གལ་ཏེ་ཁོ་ཚོའི་དམག་མཐོང་རྒྱུ་འདུག་ན་ངས་ལམ་སང་རྒྱག་རྒྱུ་ལས་ཁོ་ཚོས་ཚུར་དམག་རྒྱག་རྒྱུར་སྒུག་སྡོད་བྱེད་ཀྱི་མིན་བཤད་པས་སྒར་དཔོན་སྔོ་མོ་ལུང་གིས་ཁྱོད་ཀྱིས་དེ་འདྲ་བྱས་ན་འགྲིག་གི་མ་རེད་ས་ཆ་འདི་མངའ་རིས་སྒར་རྫོང་གི་ས་ཁོངས་སུ་གཏོགས་ཡོད་པས་གང་བྱུང་དམག་རྒྱག་མི་བསོད་བྱེད་ཆོག་གི་མ་རེད་ལ་རྒྱབ་སྒར་དཔོན་ཁོ་ཚོའི་ང་ཚོ་སྒར་དཔོན་ལ་སྙན་སེང་མ་ཞུས་པར་གང་བྱུང་གི་བྱ་བ་བྱེད་སྲིད་ཀྱི་མ་རེད།    ཁྱོད་ཚོས་ཀྱང་གཟབ་ནན་བྱེད་དགོས་པ་ལས་ཚབ་འཚུབ་བྱེད་མི་རུང་ང་ཚོ་ས་གནས་སྒར་རྫོང་གིས་ཁྱོད་ཚོའི་བར་འགྲིག་འདུམ་གྱི་སྐད་ཆ་ཤོད་ཀྱི་རེད་ཟེར།  ང་དེ་འཕྲལ་འབྲང་གཞིས་ལ་ལོག་ནས།   ཨ་ཉེ་རྣམ་བྱང་དང་ཚོང་དཔོན་ལྷ་རྒྱལ་གཙོས་མི་རྒན་ཁ་ཤས་གསང་རིའི་ཉེ་འདབས་རྫ་གསེབ་ཅིག་ལ་སྡོད་དུ་བཅུག་པ་ཕུད་དེ་མིན་མི་ཧྲག་པ་ཚོ་དང་།   འབྲང་གཞིས་བོང་ཚུགས་གཞུང་ནས་ན་ལུག་རོ་ཟེར་སར་གནས་སྤོ་བྱས་མཚམས་ང་ཚོ་མི་གསུམ་གངས་རི་བསྐོར་པར་ཕྱིན་པ་ཡིན་ང་ཚོ་ཕྱིན་པ་དང་ལ་རྒྱབ་ཀྱི་དམག་དང་།  གཞུང་དམག་རྣམས་ཀྱང་ང་ཚོའི་འབྲང་གཞིས་སྡོད་སའི་ཐག་ཉེ་ལ་སྒང་ཞིག་གི་ཕར་ཕྱོགས་སུ་སླེབས་ནས་དེར་བསྡད་དེ་ང་ཚོའི་འབྲང་གཞིས་ཀྱི་འགུལ་སྐྱོད་ལྟ་བཞིན་ཡོད་པའི་སྐབས་དེར་བྱང་སྤྱིའི་སྡེ་འགུག་སྐུ་ཚབ་ཀྱིས་མགར་བླ་མ་ཟེར་བ་སོགས་མི་ཁ་ཤས་བཏང་ནས་ང་ཚོ་ཕན་ཚུན་བར་དམག་རྒྱག་གི་ཡོད་མེད་དང་། གང་འདྲ་བྱེད་ཀྱི་ཡོད་མེད་ལྟ་བར་ཕྱིན་པ་ཕྱིར་ལོག་ཡོང་བ་དང་།   ང་གངས་རི་སྐོར་ནས་ཉིན་གཅིག་ལས་མ་འགོར་བར་འབྲང་གཞིས་སར་ལོག་ཡོང་པ་དང་འཕྲད་བྱུང་པས་མགར་བླ་མས་ཁྱེད་ཚོས་འབྲང་གཞིས་ཀྱི་ཕར་ཕྱོགས་ལ་ཞིག་འདུག་པ་དེའི་རྒྱབ་ཏུ་ལ་རྒྱབ་ཀྱི་དམག་ཕོན་ཆེན་ཞིག་སླེབས་ཚར་བ་དང་།   ཁོ་ཚོའི་རྟ་པ་བརྒྱ་སྐོར་ཞིག་ཟུར་དམག་བྱས་ཏེ་མེ་མདའི་ཁ་གྲི་འོད་ཆགས་སེ་འདུག་ཁྱོད་ཚོའི་འབྲང་གཞིས་ཡོད་སར་ཕྱིན་ན་ཉེན་ཁ་ཡོང་བ་འདུག་ཟེར་ང་ས་ཁྱོད་ཚོས་ནད་ལ་སྨན་དང་།  དགྲ་ལ་ལེན་སྐྱེལ་བ་ཡག་བྱུང་ང་གོམ་པ་གང་ཡང་བྲོས་ཀྱི་མིན་ཟེར་བཤད་དེ་ཤར་སེ་འབྲང་གཞིས་སར་ཕྱིན་པ་དེར་སླེབས་སྐབས་ང་ཚོའི་འབྲང་གཞིས་དང་།   ལ་རྒྱབ་དམག་མི་ཚོས་ཕན་ཚུན་སོ་ལྟ་བྱ་ར་བྱེད་བཞིན་ལས་གཞན་གྱི་གནས་ཚུལ་བྱུང་མི་འདུག    
    ངས་འབྲང་སར་སླེབས་ནས་ལ་རྒྱབ་ཀྱི་དམག་སའི་ཕྱོགས་སུ་བལྟས་པས་ཁོ་ཚོའི་མི་ཁ་ཤས་ཀྱི་ང་ཚོའི་ཕྱོགས་སུ་སོ་ལྟ་བྱས་ནས་བསྡད་འདུག་པས་ང་ཚོས་མེ་མདའ་ཚ་ཁ་ལྟ་གི་ཡོད་མདོག་གིས་ཁོ་ཚོའི་ཕྱོགས་ལ་མེ་མདའ་ཁ་ཤས་འཕངས་པས་ཚང་མ་བྲོས་སོང་།   དེ་ནུབ་མཚན་མོར་ང་ཚོས་ང་ཚོའི་ཕྱོགས་མི་ཉུང་ཉུང་ཡིན་པ་དང་།  ཁོ་ཚོར་དམག་ཕོན་ཆེན་དེ་ཙམ་ཡོད་པས་ང་ཚོ་མཐའ་སྐོར་བྱས་ཏེ་ཐར་ས་མེད་པ་བཟོས་ནས་ཕམ་ཉེ་གཏོང་དགོས་བསམ་བསྡད་ཡོད་ངེས་རེད་བརྗོད་ནས་དོགས་ཟོན་བྱས་མུས་ལ་གང་འཚམས་ནས་གློག་ཞུ་ཕྲ་ཆེར་ཆེར་བྱེད་ཀྱི་འདུག་ང་ཚོས་སུ་ཡིན་ན་ཟེར་ཞིབ་ལྟ་བྱས་པས་མི་རེ་གཉིས་ཞིག་ང་ཚོའི་ཕྱོགས་ལ་ག་ལེར་སྣང་མེད་ཀྱིས་ཡོང་གི་འདུག་པ་དེ་ནི་ཀརྨ་པའི་གཉེར་པ་དཀར་ཚོ་དང་མངའ་རིས་སྒར་ནས་བཏང་བའི་མི་གཅིག་བཅས་ཁོ་ཚོ་རེད་འདུག    ཁོ་ཚོས་ང་ཚོ་ནི་ལ་རྒྱབ་དང་།   ཁྱོད་ཚོའི་བར་འདོམ་བྱེད་པར་ཡོང་བ་ཡིན། ལ་རྒྱབ་སྒར་དཔོན་ཕྱོགས་ནས་དམག་མི་རྒྱག་པའི་འགན་ང་ཚོས་ཁུར་ཆོག   ཁྱོད་ཚོས་ཀྱང་དམག་རྒྱག་རེས་མ་བྱེད་ས་ཆ་འདི་གངས་རིན་པོ་ཆེའི་ཐག་ཉེ་སར་ཡིན་པས་མ་ཚད་ཀརྨ་པ་ཡང་འདིར་དེང་སྐབས་བཞུགས་ཡོད་པས་ཁྱོད་ཚོ་སུ་ཐད་ནས་དམག་བརྒྱབས་ན་གནས་དང་བླ་མ་རྩིས་མེད་བཏང་བ་རང་རེད།    ཁྱོད་ཚོའི་བར་རྩོད་གཞི་ཡོད་པ་རྒྱ་ཉི་མའི་ཚོང་འདུས་ཐོག་མངའ་རིས་སྒར་རྫོང་དང་སྒར་ཞ་དཔོན་བཅས་ཡོད་པ་དེར་ཕྱིན་ནས་ཐག་གཅོད་བྱེད་དགོས་ཟེར།   ངས་དེར་ཉན་འཇོག་བྱེད་རྒྱུ་བྱས་དེའི་ཕྱིན་ཉིན་ང་ཚོས་དེར་ཡོད་འབྲང་གཞིས་ན་ལུག་རོ་ནས་ཐོན་ཏེ་བྱང་སྤྱིའི་སྡེ་འགུག་སྐུ་ཚབ་ཡོད་སར་སླེབས་པ་དང་།  ཨ་ཉེ་རྣམ་བྱང་དང་།  ཚོང་དཔོན་ལྷ་རྒྱལ་སོགས་ཡང་བསུ་བར་བཏང་པ་ཡིན་བྱང་སྤྱིའི་སྐུ་ཚབ་ཀྱིས་ཁྱོད་ཚོ་འབྲོང་ནང་བཞིན་རེད་འདུག་དགྲ་རྒྱལ་དང་།  གྱོད་རྒྱལ་གཉིས་ཀ་ལེན་རྩིས་ཡོད་དམ།    ལ་རྒྱབ་སྒར་དཔོན་རྟ་པ་ཉི་ཤུ་རྩ་གཉིས་མདའ་ནུབ་མཚན་མོར་འདིར་སླེབས་སོང་ཕ་གིར་བསྡད་འདུག་ཟེར་དེ་ནས་ཉིན་གསུམ་བཞི་ལ་ང་ཚོ་བྱང་སྤྱིའི་སྐུ་ཚབ་མཉམ་དུ་རྒྱ་ཉི་མའི་ཚོང་འདུས་ཟེར་བ་དེར་སླེབས་སྐབས་མངའ་རིས་སྒར་དཔོན་དང་རྒྱ་གར་གྱི་སྒར་ཞ་དཔོན་ཟེར་བ་གཉིས་སྔ་རྗེས་སུ་དེར་འབྱོར་འདུག   ང་ཚོ་དེར་སླེབས་ནས་ཉིན་གསུམ་པའི་ཉིན་མངའ་རིས་སྒར་དཔོན་གྱིས་ང་ཚོར་སྒར་དཔོན་གྱིས་མདུན་ལ་ཤོག་ཟེར་བརྡ་ཐོ་སྐྱེལ་བྱུང་བས་ང་དང་བྱང་སྤྱིའི་སྐུ་ཚབ།  ཞལ་ངོ་ཞིག་རོགས་པ་རྣམ་དབྱངས་བཅས་ཁ་ཤས་ཁྲིད་དེ་ཕྱིན་པ་ཡིན། 
     སྐབས་དེར་ལ་རྒྱབ་སྒར་དཔོན་དང་། སྤྱི་མི་གནམ་གང་གཉིས་ཀྱང་དེར་སྒར་དཔོན་མདུན་དུ་སླེབས་འདུག་ང་ཚོ་དེར་འཛོམས་མཚམས་མངས་རིས་སྒར་དཔོན་གྱིས་ཁྱོད་ཚོའི་གྱོད་གཞི་དེ་ག་འདྲ་རེད། དེ་སྔ་ཐག་གཅོད་བྱས་པ་མ་རེད་དམ། ཆོད་ཁྲ་ཡོད་དམ་ཟེར་བས། ངས་ང་ཚོ་རྩོད་གཞི་བྱུང་མྱོང་རུང་ཐག་གཅོད་བྱས་ཟིན་པས་ཆོད་ཁྲ་ཞིག་ཡོད་རུང་ངས་འཁྱེར་རྒྱུ་མ་བྱུང་། སྒར་དཔོན་སྔོ་མོ་ལུང་གིས་ཁྱོད་ལ་ཆོད་ཁྲ་ཡོད་རུང་མ་ཁྱེར་བ་གང་ཡིན་ནམ། ང་ཚོར་སྟོན་མ་ནུས་པ་རེད་དམ་ཟེར་གཤེ་གཤེ་བཏང་རྗེས་ང་ཚོས་ཕུལ་བའི་ཆོད་ཁྲའི་ཐོག་གི་ཐེའུ་རེ་རེ་བཞིན་ལ་རྒྱབ་སྒར་དཔོན་ལ་བསྟན་ནས་ཐེལ་ཙེ་འདི་ཚོ་ཁྱོད་ཚོས་རྒྱབ་པ་མ་རེད་དམ་ཟེར་པས་ཟེར་བར་ལ་རྒྱབ་སྒར་དཔོན་གྱིས་ལ་རེད་ཞུས་སོང་སྒར་དཔོན་སྔོ་མོ་ལུང་གིས་ལ་རྒྱབ་སྒར་དཔོན་ཁྱེད་རང་རིམ་པ་བཞི་བའི་གོ་འཐོབ་ཞིག་ཡོད་པས་གང་བྱས་བྱས་རེད་བསམ་བྱུང་ངམ། འོན་ཀྱང་དེ་འདྲ་རྩ་བ་ནས་བྱེད་ཆོག་གི་མ་རེད་སྟོད་མངའ་རིས་སྐོར་གསུམ་ནི་ང་ཚོའི་ཁོངས་གཏོགས་ཡིན་པར་བརྟེན་ས་ཆ་འདིར་ཨ་མདོ་དང་། ཁྱོད་ཚོ་སུ་ཐད་ནས་གང་བྱུང་གིས་རྒྱག་རེས་འཐབ་མོ་བྱེད་མི་ཆོག་གལ་ཏེ་ཁྱོད་ཚོ་ད་དུང་ནད་མི་ཁྱག་པ་ཡོད་ན་གཞུང་སར་འགྲོ་དགོས་བཤད་རྗེས། དབང་རྣམ་ཁྱེད་རང་གནས་སྐབས་ལོག་རྒྱུག་ཉི་མ་གསུམ་གྱི་ཤོག་ཟེར་རྗེས་གོས་ཐོས་ལ་ང་ཕྱིར་དོན་རྗེས་ལ་རྒྱབ་སྒར་དཔོན་དང་། སྤྱི་མི་གནམ་གང་གཉིས་སྒར་དཔོན་ལྷན་རྒྱས་སར་སྤུས་མོ་བཙུགས་བཅུག་པ་རེད་ཟེར་སྲོལ་འདུག་ཉིན་གསུམ་གྱི་ཐོག་ང་རང་མངའ་རིས་སྒར་གྱི་མདུན་ལ་བཅར་བའི་སྒར་དཔོན་སྔོ་མོ་ལུང་དང་ཀ་དྲུང་རྨ་ལམ་པ་གཉིས་ཀྱིས་ང་ཚོས་གཞུང་སར་ཁྱོད་ཚོའི་གནས་ཚུལ་ཞུ་མཁན་ཨ་དྲུང་ཆེད་བཏང་བྱས་པ་འབྱོར་བྱུང་ཁྱེད་ཚོ་སྤྱིར་ན་ལམ་བར་གང་བྱུང་མི་སེར་ལ་སྡུག་པོ་བཟོས་མེད་པ་དང་། ལག་ཁྱེར་ནང་གསལ་མོ་བཏང་ས་ཚིགས་དང་།  རྟ་འུལ་སྐུལ་བ་སོགས་བྱས་མེད་པ་དང་།  གང་སྤྱིར་ཡག་པོ་བྱུང་འདུག   པས་དེ་རིང་དམག་ཕོགས་སྤྲོད་རྒྱུ་དང་།  ཁྱོད་ཚོ་འདིར་ཕྱོགས་སུ་ཡོད་པའི་འབྲོག་དུད་རྣམས་མགྱོགས་མྱུར་ཚང་མ་འཛོམས་ཐུབ་པ་བྱས་ཏེ་བོད་ཟླ༩པའི་ཚེས༡༥ཚུན་ལག་ཁྱེར་ནང་གསལ་ལྟར།  ཕན་ཚུན་བུ་དང་བུ་མོ་སོགས་ཀྱི་ཐད་ཐག་གཅོད་བྱེད་དགོས་རིགས་ས་གནས་དེ་གའི་མགོ་པས་རྒྱབ་སྐྱོར་བྱེད་རྒྱུ་དང་ཕན་ཚུན་ཐག་གཅོད་འོས་འཚམས་བྱས་ནས་ལས་མཇུག་སྒྲིལ་བ་བྱེད་དགོས་ཟེར་དེ་རྗེས་ང་ཚོར་དམག་ཕྱོགས་ཀྲག་སྒོར་ཟེར་བ་ཞིག་འབྲང་དཔོན་གསུམ་ལ་སྒོར་ཆིག་བརྒྱ་ལྔ་བཅུ་རེ་དང་།  ང་རང་ལ་སྒོར་༢༠༠དམག་མི་ཉི་ཤུ་ལ་མི་རེར་སྒོར་ཆིག་བརྒྱ་རེ་བཅས་སྤྲད་པ་དང་ང་ཚོ་ཕྱིར་ལོག་པའི་ལམ་བར་དུ་ལམ་འཁེལ་ས་གནས་སྡེ་དཔོན་གྱིས་རོགས་རམ་བྱེད་དགོས་པའི་ལག་ཁྱེར་ཡང་གནང་བྱུང་།  
     སྔོ་མོ་ལུང་ཁོ་རང་ནས་ང་ལ་ཇ་བག་བརྒྱད་སྤྲད་པ་དང་། ངས་ཀྱང་གཡུ་ལྤགས་གཅིག་ཕུལ་བ་ཡིན་དེའི་ཕྱི་ཉིན་ང་ཚོ་དེ་ནས་ཐོན་ཏེ་གངས་རིའི་ནུབ་རྒྱུད་དུ་ཡོད་པའི་སྡེ་དུད་བཅུ་སྐོར་ཞིག་ཡོད་པ་དེ་རྣམས་ཕྱིར་བཏང་སྟེ་ང་ཚོ་གངས་བསྐོར་ཞོར་ལ་དེར་ཕྱོགས་སུ་ང་ཚོའི་སྡེ་ཡོད་མེད་བལྟས་པ་དང་གཞོིང་པ་མར་ཟན་ཟེར་བར་གཡང་འགྲུབ་ཀྱི་སར་ཕྱིན་ནས་ལམ་སེང་ཕྱིར་ལོག་དགོས་ཞེས་བཤད་པས་གཡང་འགྲུབ་ནས་མ་གཞི་ཕྱིར་ལོག་བྱེད་དགོས་ཀྱང་བྱང་སྤྱིའི་སྡེ་སྒྲིལ་སྐུ་ཚབ་ཀྱི་སྡེ་སྒྲིལ་ལག་ཁྱེར་ང་ལ་སྤྲད་བྱུང་བས་ཁྱོད་རང་སྔོན་ལ་ལོག་ཟེར།   ངས་ང་སྔོན་ལ་ལོག་གི་མིན་བཤད་ནས་ང་གཉིས་ང་ན་གྱེས་བྱས་པ་ཡིན་དེའི་ཕྱི་ཉིན་གཞོང་པ་མས་ཟན་གྱི་དཔོན་སྤྱི་ཁྱབ་སྲི་རྟམ་གྱིས་ང་ཁོ་པའི་སར་ཤོག་ཟེར་མི་གཅིག་བཏང་འདུག  ངས་མགར་པའི་ཏེ་མོ་ཟེར་བ་བཏང་ནས་དབྱང་འགྲུབ་བོད་ཟླ་༡ནས་ཚུན་དུ་ཁྱུང་པོ་སྒང་ལ་ཟེར་སར་འབྱོར་བ་བྱ་རྒྱུའི་གན་རྒྱ་ལེན་དགོས་ཟེར་མངགས་པ་ཡིན་མགར་བའི་ཏེ་མོས་དབྱང་འགྲུབ་སྐོར་བཅས་བོད་ཟླ་༡ནང་ཚུན་ཁྱུང་པོ་སྒང་ལ་དོན་ཐུབ་་པ་བྱེད་རྒྱུ་དང་དེ་ལས་འགལ་ན་ང་ཚོས་གང་བྱས་ཆོག་པའི་གན་རྒྱ་བླངས་ནས་ཕྱིར་སླེབས་བྱུང་།ང་ཚོས་དབྱང་འགྲུབ་ཕྱིར་ལོག་བྱེད་མི་དགོས་པ་ཟ་དགོས་པ་ཞིག་རེད་བཤད་པ་ཡིན། དེ་ནས་ང་ཚོས་ཨ་ཁུ་འབྲུག་སྐྱབས་སྐོར་བཅས་སར་མི་བཏང་ནས་ལམ་ཀྱང་ལོག་དགོས་ལབ་པ་དང་།ང་ཚོས་འབྲང་གཞིས་ཕྱིར་ལོག་ཡོང་བ་ཁྱུང་པོ་སྒང་ལ་ཟེར་ང་དེར་ཉིན་ཉི་ཤུ་ཙམ་སྡད་ནས་ཕྱིར་ལོག་བྱེད་མཁན་ཚོར་སྒུག་ནས་སྡད་པ་ཡིན་འོནཀྱང་དབྱང་འགྲུབ་སྐོར་བཅས་ཕྱིར་ལོག་ཡོང་བ་གོ་རིག་མི་འདུག་པས་ང་ཚོ་དྭོགས་པ་བཟས་ཏེ་སྒེར་རྩེའི་ཚོང་པ་ཕྱིར་ལོག་ཡོང་བ་ལ་སྐད་ཆ་འདྲི་སྐབས་གཡང་འགྲུབ་ཡོད་སར་ཨ་མདོའི་སྡེ་སྒྲིལ་ཡང་ཕྱིར་ལོག་བྱས་ཟིན་པའི་སང་ལོ་མ་གཏོགས་ལོག་ཐུབ་པ་མི་འདུག་ཟེར་སྔོན་མའི་སྡོད་ས་ནས་ད་དུང་ཚུགས་མ་གཅིག་ཙམ་ཕྱི་ལོག་རྒྱབ་སྟེ་གཞོང་པ་སེང་ཆུ་ཁ་ཟེར་སར་སྡད་འདུག་ཟེར་བཤོད་ཀྱི་འདུག ང་ཚོས་ཐེངས་འདིར་སྡེ་འགུག་གི་འགོག་རྐྱེན་བཟོ་མཁན་ཁོ་པ་གཡང་འགྲུབ་རེད་འདུག་པའི་དེ་མུར་བཞག་ཐབས་བྲལ་བ་རེད་བཤད་ནས་ང་རང་དང་ནད་མེད་ཚེ་རིང་མགར་བ་དེ་མོ་བཅས་ཕྱིར་གཡང་འགྲུབ་སར་ཕྱིན་ནས་དེར་སླེབས་སྐབས་གཡང་འགྲུབ་ནི་ཅི་བྱ་མེད་པར་སྡད་འདུག    
   ངས་གཡང་འགྲུབ་ཁྱེད་ཀྱིས་ལམ་སེང་ལོག་ཡོང་རྒྱུའི་འགན་ལེན་བྱས་ནས་བྲིས་པའི་ཡི་གེ་དང་རྒྱབ་པའི་ཐེའུ་ཡོད་བཞིན་དུ་ད་དུང་ཕྱིར་ལོག་མི་བྱེད་པ་གང་ཡིན་ནམ་ང་ཚོར་མཐོང་ཆུང་ཡིན་ནམ་ད་ཁྱོད་ཀྱིས་མགོ་སྒུར་གྱི་ཡིན་ནམ་རོ་བཞག་རྒྱུ་ཡིན་ཞེས་བཤད་ནས་་ཁོ་པའི་མེ་མདའ་གཅིག་དང་། རྟ་གཉིས་འཕྲོག་ནས་ད་ཁྱོད་ཕ་ཡུལ་དུ་ལོག་རྩིས་ཡིན་དང་མིན།གལ་ཏེ་ཕྱིར་ལོག་བྱ་རྩིས་མེད་ན་ང་ཚོས་དེ་མུར་མི་འཇོག་ཐག་གཅོད་ཡིན་ལབ་པ་ཡིན།ཁོ་པས་ལོག་རྩིས་ཡོད་ཟེར་བས་ངས་འོ་ན་ཁྱོད་རང་དང་ཁྱོད་དང་་མཉམ་དུ་ཡོད་པའི་སྡེ་དུད་ཇི་ཡོད་ཟླ་༡ཚན་ཁྱུང་པོ་སྒང་ལ་དོན་ཐུབ་པ་བྱེད་དགོས། དེ་ལྟར་མ་བྱས་ཚེ་རྗེས་འབྲས་ཇི་བྱུང་འགན་ཁྱོད་རང་ནས་ཁུར་དགོས་བཤད་དེ་ནས་ཁྲོ་འབུམ་སྐོར་བཅས་སར་ཕྱིན་ནས་དེར་སླེབས་སྐབས་ཁྲོ་འབུམ་ནས་ཁྱེད་རྣམས་སྐུ་ལས་ཆེ་སོང་ཟེར།ངས་ཁྱོད་ཚོ་ད་དུང་ཕྱིེར་ལོག་མི་བྱེད་པ་གང་ཡིན་ནམ། ད་ཁྱོད་ཚོ་ག་རི་བྱེད་ཀྱི་ཡིན་བཤད་པས། ཁྲོ་འབུམ་གྱིས་ང་ཚོ་ད་བར་འགྱང་དགོས་དོན་ནི་གཡང་འགྲུབ་ཀྱིས་དབང་རྣམ་ཡོད་ས་སྡེ་སྒྲིལ་རྣམས་ཕྱིར་ལོག་བྱས་ཚར་བས་ང་ཚོ་ད་ལོ་སྡོད་རྒྱུ་དང་།  སང་ཁོད་ག་ལེར་ལོག་འགྲོ་བཤད་བྱུང་བས་ཁ་ལ་ཉན་ཏེ་བསྡད་པ་ཡིན་ཟེར་དེ་ནུབ་ང་ཚོ་དེར་སྡད་པ་ཡིན་དེ་ནས་ཁོ་ཚོ་དང་གྲོས་བྱས་ཏེ་ཏེར་དུད་གྲངས་བཅོ་བརྒྱད་ཡོད་པ་རྣམས་དེའི་ཕྱི་ཉིན་ནས་བཟུང་ག་ལེར་ཕྱིར་ལོག་རྒྱུ་བྱས་ཁར།  ཁྲོ་འབུམ་ཁོ་ཚོའི་ཕར་ཙམ་བྱང་ལ་སྡེ་དུད་ཁ་ཤས་ཡོད་པ་དེ་རྣམས་ཕྱིར་ལོག་རྒྱུ་འགན་སྤྲད། དེ་རྗེས་སྒར་དཔོན་ལ་བ་ཡོད་ས་མི་ཚང་བདུན་ཡོད་ས་དེར་ཕྱིན་ནས་ཁོ་ཚོ་ལམ་སང་ལོག་དགོས་ལབ་པ་དང་། དེ་ནས་ཡང་ཀླུ་ཟོག་སྟོབས་རྒྱལ་ཡོད་སར་སླེབས་སྐབས་ང་ཚོས་གཡང་འགྲུབ་ཀྱི་རྟ་དང་མེ་མདའ་ཁྱེར་ཡོད་པ་ཁོ་ཚོས་མཐོང་བའི་ཁོ་རང་དང་། མག་པ་གཉིས་རྒྱུག་ཡོང་ནས་ཁྱེད་ཚོས་སྤྱོད་ཉེས་བྱེད་དགོས་བྱུང་འདུག  ཁག་མེད་ཟེར་ངས་ང་ཚོས་སྤྱོད་ཉེས་བྱས་མེད་ཁོ་ཚོ་ཕྱིར་ལོག་བྱ་རྒྱུ་ཚ་འདེད་བཏང་བ་ཡིན་ཞེས་བཤད།  ཀླུ་ཟོག་སྟོབས་རྒྱལ་ལ་དེར་ཡོད་པའི་སྡེ་རྣམས་་ཁོ་པས་འགན་ཁུར་ཏེ་ཟླ་༡ཚུན་དུ་ཤར་གང་འཇམ་ཟེར་སར་ལོག་འབྱོར་ཐུབ་པ་དགོས་ཟེར་བཤད་དེ་ནས་ཚུགས་མ་གསུམ་གྱི་སར་ཕྱིན་ཨ་ཁུ་འབྲུག་སྐྱབས་སར་སླེབས་སྐབས་ཨ་ཁུ་འབྲུག་སྐྱབས་ཁོ་ཚོ་ཁ་སེང་ལོག་རྒྱུ་བྱས་རུང་དེ་མུར་སྡད་ནས་ལོག་རྩིས་མེད་པར་ངས་གང་ཡིན་འདྲི་སྐབས་ཨ་ཁུ་འབྲུག་སྐྱབས་སར་སླེབས་སྐབས་ཨ་ཁུ་འབྲུག་སྐྱབས་ཀྱིས་བྱང་སྤྱིའི་སྐུ་ཚབ་ཀྱིས་སྡེ་འགུག་ལག་ཁྱེར་བྱ་རྒྱུའི་འགན་ཁོ་པར་སྤྲད་པ་གོ་བྱུང་བས་ཁྱོད་ལ་འགན་མི་འདུག་སྙམ་ནས་འདི་ལོར་འདིར་ཕྱོགས་སུ་སྡོད་རྩིས་བྱས་པ་ཡིིན་ཟེར། ངས་དེ་འདྲ་བྱས་ན་འགྲིག་གི་མ་རེད་འཕྲལ་དུ་ཕྱིར་ལོག་དགོས་བཤད་པས་འོ་ན་ཁྱོད་རང་ཅི་ཟེར་ཡིན་ཟེར་ནས་འཕྲལ་དུ་ཕྱིར་ལོག་བྱས་སོང་། 
    ཡང་ང་ཚོ་དཀར་གྱི་ལ་རྒྱབ་ནས་ལྷོ་ཕྱོགས་སུ་སྐྱོད་དེ་འགོ་པ་ཚེ་རྣམ་ཟེར་བའི་སར་སླེབས་ཏེ་ཨ་མདོའི་སྡེ་གཞན་རྣམས་ཕྱིར་ལོག་གི་གནས་ཚུལ་འདྲི་སྐབས། ཁོ་ཚོས་སོག་རི་རིག་འཛིན་སྐོར་བཅས་དང་། དགའ་ཉེ་ཡོད་ས་ཚོ་གཅིག་ཕྱིར་ལོག་བྱས་སོང་།   འོན་ཀྱང་དགའ་ཉེར་ཟེར་བ་དེ་ལམ་བར་རྟ་ཁལ་མང་པོ་ཞིག་དུག་ཆུ་འཐུང་ནས་ཤི་བར་བརྟེན་ཤར་རྒྱག་འགྲོ་ཐུབ་མེད་པར་འདྲ་ཟེར་གྱི་འདུག་ང་ཚོ་དེ་ཕྲལ་དགའ་ཉེ་ཡོད་སར་སོང་བས་ཁོ་ཚོ་སྡེ་དུད་དྲུག་ལ་ཁལ་གཡག་བཞི་བཅུ་སྐོར་དང་། རྟ་བདུན་ཡོད་པ་རྣམས་ཁལ་གཡག་བརྒྱད་དང་།རྟ་གཅིག་མ་གཏོགས་ཚང་མ་ཤི་འདུག་པས་བྱ་ཐབས་མེད་པར་ངས་ལོ་གཅིག་སོང་མཚམས་ཕྱིར་ལོག་བྱ་རྒྱུ་བྱས་པ་ཡིན། སྐབས་དེར་མངའ་རིས་སྒར་རྫོང་དང་། གཞུང་དམག་གིས་ངའི་སར་ཨ་དྲུང་གཅིག་བཏང་འདུག་པ་དེས། མངའ་རིས་སྒར་རྫོང་དང་། ས་གནས་སྲིད་གཞུང་གི་གཞུང་དམག་གིས་ཉེ་ལམ་ནག་ཚང་དྲག་པོ་སྐོར་བཅས་ཀྱི་ཇག་ཚོགས་རྩ་མེད་ཟོས་ཟིན་པ་དང་།  དེ་མིན་སྟོད་ཕྱོགས་སུ་ཡོད་པའི་གྲོས་སྡེ་རྣམས་འགོ་ལེན་བྱས་ཟིན་པ་རེད།  ད་ལྟ་ང་ཚོ་ ཨ་དྲུང་ཆེད་བཏང་གིས་ཨ་མདོས་ནག་ཚང་བུ་ལག་སྐོར་བཅས་ལ་ཇག་རྒྱབ་ནས་རྟ་༢དང་། ནོར་༣༠དང་ལུག་༢༠༠འཕྲོག་འདེད་བྱས་པས་མ་ཚད་འདེར་ཕྱོགས་ཀྱི་སྡེ་དུད་རྣམས་ཕྱིར་ལོག་བྱ་རྒྱུ་དེ་ཡང་དུས་ཐོག་ཕྱིར་ལོག་མི་བྱེད་པ་བཅས་བྱེད་ཀྱི་འདུག་པས་དེ་ནི་གང་མིན་གྱི་ལས་ཀ་ཞིག་རེད། དེར་བརྟེན་མགར་བའི་དབང་རྣམས་དང་། གཡང་འགྲུབ་གཉིས་མགོ་སྒུར་བྱེད་བསམ་ན་འཕྲལ་དུ་མངའ་རིས་སྒར་རྫོང་དང་གཞུང་དམག་ཡོད་སར་ཤོག   གལ་ཏེ་དེ་འདྲ་མི་བྱེད་ན་ནག་ཚང་དྲག་པོ་སྐོར་བཅས་རྩ་མེད་བཏང་བ་ནང་བཞིན་བྱེད་ངེས་ཡིན་ཟེར་གྱི་འདུག་ཟེར་བར། དེར་ཡོད་ཨ་མདོའི་སྡེ་དུད་རྣམས་དང་། 
    ང་ཚོ་སྡེ་འགུག་རྣམས་གྲོས་བྱས་མཐར་ངས་མངའ་རིས་སྒར་དང་། གཞུང་དམག་གིས་ང་ཚོ་འགོ་སྒུར་ཟེར་བ་དེ་ག་རེ་ཟེར་གྱི་ཡོད་གོ་བ་ལེན་ཁག་པ་ཞིག་རེད། བཟོ་ལ་ལྟས་ན་དེ་སྔོན་ང་ཚོས་ལས་ཀའི་ནང་ཐལ་ཆ་ཁ་ཤས་བྱུང་བ་ཁོ་ཚོའི་བློ་ལ་བབས་མིན་གྱིས་ང་ཚོར་འཁོན་ལེན་སློག་རྩིས་ཡིན་པའི་ངེས་པ་མེད།  ཁོ་ཚོས་ང་ཚོར་མགོ་སྒུར་ཟེར་བ་རང་གར་བཤད་པ་ཞིག་རེད་ང་ཚོས་ཁོ་པ་ཚོར་མགོ་སྒུ་སྲིད་ཀྱི་མ་རེད་འོན་ཀྱང་ཁོ་རང་ཚོས་ཤོག་ཟེར་དོན་ལྟར་ང་ཕྱིན་ནས་ཁོ་ཚོ་དང་གྲོས་བྱས་ཆོག་བཤད་ནས་ང་དང་ནག་ཁྲིག    ཨུ་བན་དགའ་དགའ་ནད་མེད་ཚེ་རིང་བཅས་ང་ཚོ་མི་བཞི་མགྱོགས་ཙམ་མངའ་སྒར་སར་འགྲོ་བའི་ལམ་བར་ཡང་སྒར་དམག་་གིས་འགོ་བ་གསུམ་ཐར་ཟེར་བ་དེ་ངའི་སར་བཏང་ཡོང་བ་དང་འཕྲད་བྱུང་བ་དེའང་ང་ཚོ་དེ་སྔོན་ཤག་པོ་ཡིན་པས་ཁོ་པས་དེ་རིང་གཡང་འགྲུབ་ཁྱོད་གཉིས་མངའ་སྒར་དང་། གཞུང་དམག་གིས་འཛིན་བཟུང་བྱེད་ཉེན་འདུག་ཁྱེད་ཚོ་སང་ཉིན་སྒར་དམག་སྡོད་སར་འབྱོར་ངེས་ལ་ཡིད་ཟབ་བྱེད་དགོས་ཟེར།  ངས་ང་ཁྱོད་དང་ལམ་དུ་ཕྲད་མ་བྱུང་ལམ་འཛོལ་ཤོར་འདུག་ཟེར་རྒྱུ་ཡིན་པས་ཁྱོད་ཀྱིས་ཀྱང་ང་ཚོ་ལམ་བར་འཕྲད་ལུགས་མ་ཤོད་ལབ་ཏེ་མུ་མཐུད་ཕྱིན་པས་མངའ་སྒར་དང་། གཞུང་དམག་བཅས་འབྲང་ཁག་བཞི་བཅུ་སྐོར་ཞིག་བསྡད་འདུག་པ་དེར་མ་སླེབས་ཙམ་ལ་ཉིན་མོ་ཇ་བཀོལ་ནས་བསྡད་པ་དང་། ས་རུབ་མཚམས་དགའ་དགའ་དང་།  ནག་ཁྲིག་གཉིས་མེ་མདའ་འཕེན་ཆོག་ཆོག་བྱས་ཏེ།   ཕར་ཙམ་དེར་བསྡད་པ་དང་ནད་མེད་ཚེ་རིང་ང་གཉིས་ཀ་དྲུང་སྨ་ལམ་པའི་ཕྱག་མཛོད་ཀྱི་གུར་ཡོད་སར་སླེབས་སྐབས་ནད་མེད་ཚེ་རིང་རྟ་བཟུང་བཅུག་པ་དང་།  ང་རང་གཅིག་པོ་མེ་མདའ་ཨམ་ཕྲག་བཅུག་ནས་གུར་ནང་འཛུལ་བའི་གུར་ནང་དུ་སྨ་ལམ་པའི་ཕྱག་མཛོད་ཁོ་པ་གཅིག་པུར་བསྡད་འདུག  ཁོ་པས་ལམ་སེང་ཁྱོད་རང་མགར་བའི་དབང་རྣམ་མ་རེད་པེ་ག་དུས་སླེབས་པ་ཡིན།    ང་ཚོས་ཉེ་ཆར་བཏང་བའི་བང་མི་དང་ཐུག་བྱུང་ངམ་ཟེར།  ངས་ང་ཚོ་ད་ལྟ་སླེབས་པ་ཡིན་བཤད་རྗེས།   ཡང་ཁོ་པས་གཡང་འགྲུབ་དང་ཁྱེད་ཚོའི་བར་དེར་ལས་ཀ་ག་རེ་བྱས་ཡོད་ཟེར།    ངས་ང་ཚོའི་ལས་འགན་སྒྲུབ་པ་ལས་གཞན་གྱི་གནས་ཚུལ་འདྲ་མིན་གང་ཡང་བྱས་མེད།    འོན་ཀྱང་གཡང་འགྲུབ་སྐོར་བཅས་ཀྱིས་གཞོང་པ་མར་ཟན་གྱི་སྤྱི་ཁྱབ་ཧྲེ་གཏམ་གྱིས་ངན་བསླབ་བརྒྱབས་པར་བརྟེན་གནས་སྐབས་རིང་ཕྱིར་ལོག་བྱ་རྩིས་མི་བྱེད་ཁར་མི་ཁ་ཤས་ཀྱིས་ཇག་བརྒྱབས་པ་དང་ས་གནས་དེ་གའི་སྡེ་དུད་ཁ་ཤས་ཕ་ཡུལ་ཕྱོགས་སུ་འཁྲིད་རྩིས་བྱེད་པ་བཅས་བྱས་པ་དང་།  མ་གོ་པ་མཆོད་རྟེན་ཟེར་པ་དེས་ཀྱང་ཨ་མདོའི་གཡང་འགྲུབ་སྐོར་བཅས་དང་ལག་སྦྲེལ་བྱས་ཏེ་ལས་ཀ་འདྲ་མིན་ཁ་ཤས་བཟོས་པ་འདྲ་ཟེར་བཤད་པའི་སྨ་ལམ་ཕྱག་མཛོད་ནས་འོ་ན་གཡང་འགྲུབ་ནས་མགོ་སྒུར་གྱི་རེད་དམ་ཟེར་ངས་གཡང་འགྲུབ་ང་ལ་ཐུག་མ་བྱུང་པས་མགོ་སྒུར་མིན་ཡང་ཧ་གོ་མ་བྱུང་བཤད་རྗེས།   ཁོ་བས་ད་འོ་ན་གཞུང་དམག་གི་རུ་རྒྱ་ལྡིང་གསུམ་ལ་གྲོས་སྡུར་བྱེད་དགོས་ཀྱི་རེད་ཟེར་རུ་བརྒྱ་ལྡིང་གསུམ་འདིར་སྐད་གཏོང་ཤོག་ཟེར་གཡོག་པོ་གཅིག་བཏང་སོང་བས་ངས་དེ་ཕྲལ་ད་འོ་ན་ང་རང་འགྲོ་གི་ཟེར་དོགས་པ་ཟས་ཏེ་འབྲོ་རྩིས་ལ་སྨ་ལམ་ཕྱག་མཛོད་ནས་ཁོ་ཚོ་ཡོང་ནས་གས་བྱེད་ཀྱི་མ་རེད་ཁྱོད་རང་ཕྱོགས་གཅིག་ལ་སྡོད་ཁོ་ཚོ་ཡང་ཕྱོགས་གཅིག་ལ་སྡོད་ཀྱི་རེད་ཞེ་སྣང་བྱེད་མི་དགོས་བཤད་ནས་ཁོ་རང་གི་ཉེ་འགྲམ་ལ་སྡོད་བཅུག་མཚམས་དམག་མིའི་རུ་དཔོན་དང་།    
     རྒྱ་དཔོན་བཅས་མི་ཁག་གཅིག་སླེབས་ནས་ཕར་ཕྱོགས་སུ་བསྡད་པ་ད་གར་ཁོ་ཚོས་ཁོ་དབང་རྣམ་རེད་དམ་ཁོས་ག་རེ་བཤད་ཀྱི་འདུག་ཟེར་སོང་བས་སྨ་ལམ་ཕྱག་མཛོད་ཀྱིས་ངས་ཁོ་པར་བཤད་པ་རྣམས་ཞིབ་ཕྲ་བཤད་རྗེས་དམག་མིའི་རུ་དཔོན་གྱིས་ལམ་སང་ད་འོ་ན་ཁོ་ཚོ་མགོ་སྒུར་གྱི་མིན་ཟེར་པ་མ་རེད་དམ་དེ་འདྲ་ཡིན་ན་ཁོ་པ་ཚོ་ནག་ཚང་དྲག་པོ་ནང་བཞིན་བཟོ་དགོས་ཀྱི་ཡོད་པ་རེད་ནག་ཚང་དྲག་པོ་ང་ཚོས་བསད་ཚར་པའི་མ་ཚད་མགོ་ལག་དེང་སྐབས་སྨན་མཐོང་དགོན་པར་བཞག་ཡོད་ཟེར་ངར་ངར་རྫིག་རྫིག་བྱེད་ཀྱི་འདུག་པས་ང་རང་ཡང་ཁོ་ཁྲོ་ཆེན་པོ་ལང་ནས།   ཁྱོད་ཚོས་ནག་ཚང་དྲག་པོ་སྐོར་བཅས་གཏོར་པ་ནང་བཞིན་ང་ཚོ་བྱེད་བསམ་གྱི་འདུག་གམ།   ཁྱོད་ཚོ་གཞུང་དམག་བརྒྱ་སྐོར་ཞིག་དང་།   ཡུལ་དམག་བཞི་བརྒྱ་བཅས་སྡོམ་དམག་མི་ལྔ་བརྒྱ་ཙམ་གྱིས་མེ་མདའ་བརྒྱ་ཕྲག་མང་པོ་འཕང་ནས་མི་གཉིས་བསད་པ་དེ་ཕ་ག་རེ་ལས་རྒྱུ་ཡོད་རེད།    ང་ཚོ་ཨ་མདོ་སྟོད་མས་དེ་སྔ་ཡུལ་ཤུལ་མཁར་ལྔ་ཤོག་དྲུག་དང་།  དེམ་ཕྱི་ཉི་ཤུ་རྩ་ལྔའི་ཁ་གཏད་འཇལ་ཏེ་མི་རྟ་མང་པོ་བསད་མྱོང་ཡང་དམག་མི་དེ་འདྲ་མང་པོ་མེད་པ་དང་།   མེ་མདའ་དེ་འདྲ་མང་པོ་རྒྱག་དགོས་ཡོང་མ་མྱོང་།  ཁྱོད་ཚོ་འདྲ་པོ་མི་མང་ན་རོ་མང་རོགས་རང་རེད།   ང་ཚོ་ཨ་མདོ་སྟོད་མ་དགྲ་དུས་དེ་རིང་བཟོས་ན་ཁ་གཏད་སང་ཉིན་ཤི་པའི་ལྷ་ཤེད་ཡོད་ཟེར་བཤད་དེ་མེ་མདའ་ཨམ་ཕྲག་ནས་བཏོན་ཏེ་ཕྱིར་དོན་པ་ཡིན།  དེ་མ་ཐག་སྨ་ལམ་ཕྱག་མཛོད་ངས་རྗེས་རྗེས་ལ་ཡོང་ནས་དང་རྣམ་ང་ཚོ་སྔོན་མ་ནས་ངོ་ཤེས་པ་རེད་པ་ད་ལྟ་ཁྱོད་རང་འབྲང་ལ་ལོག་རྒྱུག་སང་ཉིན་ང་ཚོ་གྲོིས་བྱས་ཆོག་པ་དང་ཕན་ཚུན་གྱི་དོན་གྲུབ་ཐུབ་ངེས་རེད་ཟེར་དེ་ནུབ་ང་ཚོ་ས་དཔྱད་ལེགས་ས་ཞིག་ལ་བསྡད་པ་ཡིན་ཕྱི་ཉིན་སྨ་ལམ་ཕྱག་མཛོད་དང་དམག་མིའི་རུ་དཔོན་རྒྱ་འུ་གཅིག་བཅས་མཐར་གྲོས་འགྲིག་ནས་གཡང་འགྲུབ་དེར་ཡོང་མ་དགོས་ཐོག་མངའ་སྒར་དང་།   གཞུང་དམག་གི་མི་ཁག་གཅིག་ཉིན་ཤས་རྗེས་གཡང་འགྲུབ་དང་།  འབུམ་གྲགས་སྐོར་བཅས་ཡོད་ས་ཡོང་རྒྱུ་དང་།  ང་ཚོའི་འབྲང་གཞིས་ཡང་དེར་ཡོང་ནས་ཁོ་ཚོ་ཕེབས་སྒུག་ཞུ་རྒྱུ་དང་།  འགོ་པ་མཆོད་རྟེན་གྱི་རྒྱུ་དངོས་གང་ཡོད་ང་ཚོས་འགན་འཁུར་ཐོག་མངའ་རིས་སྒར་རྫོང་ལ་རྩིས་འབུལ་ཞུ་རྒྱུ་བཅས་བྱས་ནས་ང་ཚོ་འབྲང་སར་ཕྱིན་ཏེ།   ཁ་ཆད་ལྟར་ང་ཚོའི་འབྲང་གཞིས་གཡང་འགྲུབ་དང་།  ཁྲོ་བུམ་བསྐོར་བཅས་ཡོད་སར་སྤོ་བསྡད་བྱས་རྗེས་ཉིན་ཁ་ཤས་ཐོག་སྨ་ལམ་ཕྱག་མཛོད་ཡོད་ས་དམག་མི་སུམ་བརྒྱ་སྐོར་ཞིག་དེར་སླེབས་བྱུང་བས་ང་ཚོས་ཁལ་གཡག་གཉིས་བཤས་ཏེ་སྣེ་ལེན་གང་གཟབ་བྱས་ཐོག་ང་ཚོ་སླར་ཡང་གྲོས་མོལ་བྱས་ཏེ་གཡང་འགྲུབ་སོགས་ཀྱི་ངན་སླབས་བརྒྱབས་ནས་ཕྱིར་སྨད་ཕྱོགས་སུ་འཁྲིད་རྩིས་བྱས་པས་ས་གནས་དེ་གའི་སྡེ་དུད་རྣམས་ཁོ་ཚོར་རྩིས་སྤྲོད་བྱས་པ་དང་།  དེ་མིན་འབྲེལ་ཡོད་བུ་དང་བུ་མོ་ཕན་ཚུན་འགྲོ་འོང་བྱས་པ་རྣམས་གཉའ་རིན་དཔོན་འཕྲོལ་བཟོ་རྒྱུ་བཅས་ཐག་གཅོད་བྱས་པས་མ་ཚད་འགོ་བ་མཆོད་རྟེན་དང་། ཨ་མདོའི་འབུམ་གྲགས་སོགས་ཀྱིས་ནག་ཚང་བུ་ལག་བསྐོར་བཅས་བཅོམ་འཕྲོག་བྱས་པའི་ཐད་འགོ་བ་མཆོད་རྟེན་གྱི་རྒྱུ་དངོས་ནས་ཚར་སློག་གསུམ་དང་།  མགོ་རྣམས་དང་།  ལུག་ལེན་སོགས་རེས་དོས་དྲུག་དང་ནོར་དྲུག་བཅུ་ཐམ་པ།  ར་ལུག་བདུན་བཅུ།  འབུམ་གྲགས་ཀྱིས་ཟས་པའི་ལུག་ལྔ་བཅུ་དང་།   ཚར་རྩག་ལྔ་།  རས་དོས་གཅིག་ཆུ་ལེན་ནོས་ནིས་ཀྱིས་ཟོས་པའི་ར་ལུག་སུམ་ཅུ་དང་།  ནོར་བཞི་རས་དོས་གཉིས་བཅས་དོ་བདག་ལ་ཕྱིར་སྤྲོད་བཅས་བྱས་ཏེ་ཐག་གཅོད་གྲུབ་རྗེས་གཡང་འགྲུབ་དང་།  འབུམ་གྲགས་སྐོར་བཅས་སོགས་ཨ་མདོའི་སྡེ་དུད་རྣམས་དང་ང་ཚོ་ཕྱིར་ལོག་ཡོང་བའི་ལམ་བར་ཤིང་ཐུར་ན་ཐོག་ཟེར་སར་སླེབས་སྐབས་གཡང་འགྲུབ་སྐོར་བཅས་ཀྱིས་ཕྱུགས་ཟོག་རྣམས་སྐྱོ་པོ་ཆགས་ནས་འགྲོ་ཁག་པོ་བྱུང་ཁར་གཡང་འགྲུབ་ཀྱི་ཤག་པོ་སྤྱི་ཁྱབ་དཔལ་འབྱོར་ཟེར་པ་དེས་གཡང་འགྲུབ་སྐོར་བཅས་ཀྱི་ཕྱུགས་རྣམས་ཤ་ཤེས་སྐྱོ་པས་ལམ་བར་ཁག་པོ་ཡོད་གཤིས་འདི་ལོའི་དགུན་དུས་བར་ཟླ་ཤས་རིང་ཕྱིར་ལོག་བྱ་རྒྱུ་ནར་འགྱང་བྱ་རོགས་རྗེས་སུ་ཕྱིར་ལོག་ཡོང་རྒྱུའི་འགན་ང་ཚོས་ཁུར་ཆོག་ཟེར་པ་དང་།  ཡང་ཤན་རྩ་རྫོང་གི་སྐུ་ཚབ་ཟེར་བ་ཞིག་ཡོང་བ་དེས་ཀྱང་གཡང་འགྲུབ་སྐོར་བཅས་ད་ལྟ་སེམས་ཅན་སྐྱོ་པོ་སོང་ཙང་ལོ་གཅིག་རིང་ཕྱིར་ལོག་བྱ་རྒྱུ་ནར་འགྱང་བྱེད་རོགས་རྗེས་སུ་ཕྱིར་ལོག་བྱེད་པའི་འགན་ང་ཚོས་ཁུར་ཆོག་ཟེར་པ་སོགས་བཤད་ནས་ང་ཚོ་ཕན་ཚུན་གླེང་མོལ་མང་པོ་བྱ་དགོས་བྱུང་མཐར་ང་ཚོས་གཡང་འགྲུབ་ཕྱིར་ལོག་བྱེད་དུ་བཅུག་སྟེ་ང་ཚོ་ཚང་མ་ཨམ་སྟོད་ནང་སླེབས་སྐབས་མཚོ་དམག་ཟེར་ས་དེར་ཨམ་སྟོད་ཀྱི་སྡེ་ཚོགས་པ་ཚོགས་ཡོད་པ་དེར་ཨམ་སྟོད་དཔོན་རྒྱལ་པོ་དང་།   བྱང་སྤྱིའི་སྐུ་ཚབ་སླེབས་འདུག་པ་དེར་ཕྱིན་ནས་ཁོ་ཚོར་ང་ཚོ་སྡེ་འགུག་ཕྱིན་པའི་ལོ་རྒྱུས་ཚང་མ་བཤད་རྗེས་ཞག་བཅུ་ཙམ་ངལ་གསོ་བརྒྱབས་པ་དང་དེ་ནས་དཔོན་རྒྱལ་པོ་དང་།  བྱང་སྤྱིའི་སྐུ་ཚབ་ང་བཅས་མཉམ་དུ་ནག་ཆུར་ཕྱིན་ནས་བྱང་སྤྱིའི་ལྷ་རྟ་ལ་ང་ཚོ་སྡེ་འགུག་ཕྱིན་པའི་གནས་ཚུལ་དང་། ཕྱིར་ལོག་ཡོང་བ་ཨམ་སྟོད་ཀྱི་མེ་དུད་བདུན་ཅུ་དོན་དགུ་ཡོད་པ་དེར་མི་གྲངས་བཞི་བརྒྱ་ལྷག་ཙམ་དང་།  ཨམ་སྟོད་ག་ཇ་དང་། ཀྲ་རུ་ཤོག་ཆེན་སོགས་ཤོག་ཁག་ནས་མི་གཅིག་བརྒྱ་ཉི་ཤུ་ལྷག་ཙམ་དང་།  མེ་དུད་སུམ་བརྒྱ་སྐོར་ཡོད་པ་བཅས་སྙན་སེང་ཞུས་པ་ཡིན་བྱང་སྤྱི་ལྷ་རྟ་ནས་ཉེས་ཚོར་ཆེན་པོ་བྱས་པས་མ་ཚད་ཁྱོད་ཀྱི་ལས་ཀ་ཡག་པོ་བྱས་འདུག་སླད་ཕྱིན་ཁྱོད་ལ་རེ་བ་ཆེན་པོ་ཡོད་ཟེར་ང་ལ་ཇ་སྒམ་གཅིག་སྤྲད་བྱུང་།   
    ང་ཚོ་སྟོད་ལ་སྡེ་འགུག་ཕྱིན་ནས་ཕྱིར་སླེབས་མ་སླེབས་ལ་ལ་རྒྱབ་དཔོན་པོ་དང་།   དེ་མིན་མངའ་རིས་སྒར་འོག་འགོ་དམངས་འགའ་ཤས་ནས་མགར་པ་དབང་རྣམ་སྡེ་འགུག་ཡོང་པར་སྙད་ནས་སྟོད་ཕྱོགས་ཡོང་སྟེ་མི་བསད་རྒྱུ་འཕྲོག་བྱས་པ་དང་། ཁྲིམས་མེད་ལུགས་མེད་བྱས་སོང་ཟེར་ས་གནས་སྲིད་གཞུང་ལ་སྙན་ཞུ་ཕུལ་བ་དང་།  བཀའ་ཤག་སྲིད་གཞུང་གིས་མགར་བ་དབང་རྣམ་གྱིས་སྟོད་ཕྱོགས་སུ་སྡེ་འགུག་སྐབས་ཁྲིམས་མེད་ལུགས་མེད་བྱས་པ་དེ་ལྟར་ཡིན་ཚེ་ཁོ་པ་གསོན་བཟུང་གང་བདེ་བྱེད་དགོས་ཟེར་བཀའ་རྒྱ་གཤམ་སྤེལ་བྱས་འདུག་པ་དེ་བྱང་སྤྱི་ལྷ་རྟ་ར་ནས་ཤེས་རྗེས་ལྷ་རྟས་མགར་བ་དབང་རྣམ་སྟོད་ཕྱོགས་སུ་སྡེ་འགུག་གཏོང་མཁན་ང་ཚོ་བྱང་སྤྱི་གཉིས་ཡིན་པས་མ་ཚད་ཁོ་པས་སྡེ་འགིག་གི་ལས་ཀར་ངལ་བ་ཁྱད་བསད་ཀྱི་ལེགས་པོ་བསྒྲུབས་ཡོད་པ་དང་།  ཉེས་འགེལ་གང་ཡང་མེད་ཟེར་བཀའ་ཤག་སྲིད་གཞུང་ལ་སྙན་ཞུ་ཕུལ་པར་བརྟེན་གོང་གསལ་མགར་བ་དབང་རྣམ་གསོན་བཟུང་གང་བདེ་ཟེར་པའི་བཀའ་རྒྱ་རང་ཡལ་དུ་གྱུར་པ་རེད། 
     ང་རང་ལོ་སུམ་ཅུ་སོ་དྲུག་སྐོར་ནག་ཆུར་བྱང་སྤྱི་ར་རྩ་རྒྱ་རྒན་དང་།  ཚ་རྟོར་མཁན་ཆུང་གཉིས་སྐབས་བཀའ་ཤག་སྲིད་གཞུང་གི་བཀའ་ལྟར་བྱང་རིགས་ཁུལ་ནས་དམག་མི་བརྒྱད་བརྒྱ་འདུ་འཛོམས་བྱས་པ་དེའི་མདའ་དཔོན་བར་རྟ་བྱིང་གིར་དང་རུ་དཔོན་ཨམ་སྟོད་དཔོན་གྱི་ཚེ་བློ་བཀོད་འཛུགས་པ་བྱས་པ་དང་།   ང་རང་རྒྱ་དཔོན་ཞིག་བྱེད་དུ་བཅུག་བྱུང་དམག་མི་དེ་ཚོ་ཁག་སོ་སོ་བྱས་ནས་ནག་ཆུའི་ཉེ་འགྲམ་ཚར་རི་པོ་ཆེན་དང་།    རྩ་ར་ལུགས་གུ     རྩག་ཆུའི་འགོ་སྒམ་བཅས་ལ་དམག་སྒར་བརྒྱབས་ནས་སྡོད་བཅུག་པ་དང་།    མདའ་དཔོན་ཞ་སྒམ་པ་ཟླ་རེར་ཐེངས་རེ་ཡོང་ནས་དམག་རྩིས་ལེན་པ་དང་།   ཞིབ་བཤེར་བྱེད་པ་སོགས་ཀྱི་འདུག་སྐབས་དེར་བྱང་རིགས་དམག་མི་བརྒྱད་བརྒྱ(རྩྭ་ཐང་དམག་ཡང་ཟེར)དེ་འདུ་འཛོམས་བྱེད་དགོས་དོན་རྒྱ་མི་བོད་ལ་ཡོང་རྒྱ་འགོག་མཁན་རེད་ཟེར་སྲོལ་འདུག་པ་དེ་རྗེས་སུ་ཧ་གོ་གསལ་ལྟར་ན་མི་དམངས་བཅིངས་འགྲོལ་དམག་བོད་སྐྱོད་བྱ་རྒྱུ་བཀག་འགོག་བྱད་པ་ཞིག་ཡིན་འདུག་དམག་སྒར་དེ་ལོ་དེའི་བོ་ཟླ་ལྔ་པར་བཙུགས་པ་དང་།  བོད་ཟླ་བཅུ་གཅིག་པའི་ནང་ལ་མི་ཚང་མ་གནས་སྐབས་ཕྱིར་ལོག་བཏང་བ་དང་།   རྗེས་སུ་བརྡ་ཐོ་ནམ་འབྱོར་ལ་རུག་འཛོམས་བྱ་རྒྱུ་བྱས་པ་རེད།   གོང་གསལ་དུས་ཚོད་དེའི་རིང་ང་བྱང་སྤྱི་གཉིས་པ་དང་།  ཉྭ་སྒམ་པའི་བཀའ་ལྟར་ཧོར་ཚོ་སུམ་ཅུ་སོ་དགུའི་ཁོངས་ནས་གྱེས་པའི་གོ་ན་ཤོག་ཀླུ་ཟོག་སྐོར་བཅས་ཀྱི་ཨ་མདོ་ཤོག་ཆུང་མར་དགྲ་ཇག་ཐེངས་ཁ་ཤས་བརྒྱབས་ནས་ཤོག་ཆུང་ཤོག་གི་རྒྱ་མགོའི་ཨམ་དོན་ལྡན་རྒྱ་ར་མ་ཟེར་པ་སོགས་འབྲོག་དུད་ཁག་ཅིག་གི་ནོར་ལུག་མང་པོ་ཇག་འདེད་བྱས་པའི་དོན་དུ་ཀླུ་ཟོག་སྐོར་བཅས་ནང་ཐེངས་གཅིག་ཕྱིན་ཨ་མདོ་ཤོག་ཆུང་ཤོག་དང་གོ་ན་ཀླུ་ཟོག་སྐོར་བཅས་བར་གྱི་རྩོད་གཞི་ཐག་གཅོད་དང་ཕན་ཚུན་འགྲིག་ཐབས་བྱས་པ་ཡིན་ཡང་དེ་རྗེས་བོད་ས་གནས་སྲིད་གཞུང་གིས་བཀོད་འཛུགས་བྱས་པའི་ཨམ་སྟོད་སར་བྱང་རིགས་ཀྱི་སོ་པ་རེས་མོས་ལྟར་སྨད་མ་ཤོག་བཞི་བྱང་སོར་ལུང་ཆུང་སྐྱིད་པོ་སོགས་ལ་བསྡད་ཡོད་པ།   གློ་བུར་ཇག་པ་སླེབས་ཡོང་ནས་ཁམས་པ་ནག་ཐོ་སོགས་མི་ཁ་ཤས་བསད་པ་བཅས་ཀྱི་ཐད་བྱང་སྤྱི་གཉིས་དང་།   མདའ་དཔོན་ཞྭ་སྒམ་པས་བཀའ་ཕབ་སྟེ་བྱང་རིགས་རྩྭ་ཐང་དམག་བརྒྱད་བརྒྱའི་ནང་ནས་ཁག་ཅིག་དེའི་རྩད་གཅོད་ར་མདའ་འགྲོ་དགོས་ཀྱི་རེད་ཟེར་གྱི་འདུག་པས་མདའ་དཔོན་ཇིང་གེར་དང་།  རུ་དཔོན་ཚེ་བློ་གཉིས་ནས་ད་ང་ཚོ་ག་འདྲ་བྱས་ན་དགའ་པ་འདུག་ཟེར་ང་ལ་དྲིས་བྱུང་།   
    ངས་བྱང་སྤྱི་གཉིས་ཀྱི་སར་ཕྱིན་ནས་བྱང་རིགས་ཀྱི་སོ་བ་བསད་པ་དང་།   ང་ཚོ་ཨམ་སྟོད་ཀྱི་མི་བསད་པའི་ར་མདར་བྱང་རིགས་དམག་མི་བརྒྱད་བརྒྱའི་ནང་གི་དམག་མི་ཕྱིན་ན་ལམ་བར་མི་སེར་རྡབ་སིག་ཆེན་པོ་ཡོང་རྒྱུ་ལས་ཡོད་མ་རེད་དེ་ལས་ང་ཚོ་ཨམ་སྟོད་ཀྱི་མི་བསད་པའི་དགྲ་ལན་ང་ཚོ་རང་གིས་འཕྲོད་ཐབས་བྱ་རྒྱ་དང་བྱང་རིགས་ཀྱི་སོ་བ་བསད་པའི་རྩད་གཅོད་ར་མདའ་ཡང་ང་ཚོ་ཨམ་སྟོད་ཀྱི་ཡོང་ངེས་ཡིན་པས་ང་ཚོ་གཏོང་རོགས་གནང་ང་ཚོར་གཞུང་གི་མེ་མདའ་དང་།  མདེའུ་གང་ཡང་སྐུར་རོགས་གནང་ཞུས་པས་བྱང་སྤྱི་གཉིས་ནས་འོ་ན་ཁྱོད་ཟེར་པ་ལྟར་བྱས་ན་ཡག་པོ་འདུག་ཁྱོད་ཚོ་འགྲོ་རྒྱུ་གྱིས།   མེ་མདའ་དང་། མདེའུ་དེ་སྔོན་དམག་མིར་སྤྲད་པའི་ནང་ནས་ཁ་ཤས་ཁྱེར་ན་འགྲིག་གི་རེད་ཟེར་འབྲུ་ཁལ་བཅུ་དང་།  ཇ་སྒམ་གཅིག་སྤྲད་བྱུང་།   ད་དུང་བྱང་སྤྱི་གཉིས་ཀྱིད་ཁྱོད་རང་དམག་སྤྱི་དབང་རྣམ་རེད་ཟེར་མིང་གྲགས་རྒྱུ་ཡོད་པ་ཞིག་བྱེད་དགོས་ཟེར་གྱི་འདུག   དེ་ནས་ང་ཚོ་ཨ་མདོར་ཕྱིར་ལོག་བྱས་ནས་དཔོན་རྒྱས་པོས་ང་རང་དང་།   ནོར་བསམ།  ངག་ཚེ།  ལི་པའི་བུ་དག་བཅས་དམག་དཔོན་མི་བཞི་ཟེར་ང་ང་ཚོ་བཞིའི་གཙོས་རྟ་དམག་བརྒྱ་ལྷག་ཙམ་ཞིག་ཡག་ར་དང་ཨོམ་བོ་ཤོག  འབུམ་རྒྱུད་ཤོག   རྩང་རྒྱུད་ཤོག   རྩང་རྒྱུད་ཁྲིད་སྐོར་བར་སྟེ་སོགས་ལ་ཕྱིན་ནས་དེ་སྔོན་ལྷག་ལུས་ཡོད་པའི་རྩོད་གཞི་ཐག་གཅོད་དང་ཁམས་པ་ནག་ཐོ་སོགས་ང་ཚོའི་མི་ཁོ་ཚོས་བསད་པའི་མི་སྟོང་་དང་ཤོར་པའི་ཅ་དངོས་ཚུར་བླངས་པ་བཅས་བྱས་པའི་མི་ཚད་ལམ་བར་ལ་ཕན་ཚུན་མེ་མདའ་རྒྱག་རེས་བྱས་ནས་མི་རྟ་ཤི་རྨས་ཀྱང་ཁ་ཤས་བྱུང་པ་འདིར་ཞིབ་ཕྲ་བཀོད་མེད་ང་ཚོ་དེ་ནས་ཕྱིར་འཁོར་མཚམས་ང་དེ་ཕྲལ་ནག་ཆུར་གོང་གི་གནས་ཚུལ་སྙན་ཞུ་དང་གཞུང་གི་མེ་མདའ་དང་མདེའུ་རྩིས་འབུལ་ཞུ་པར་ནག་ཆུར་ཕྱིན་པ་ཡིན་ང་དང་མཉམ་དུ་དཔོན་རྒྱལ་པོ་ཡང་ཡོད།   ང་ནག་ཆུར་འབྱོར་མཚམས་བྱང་སྤྱི་གཉིས་ལ་ང་ཚོ་དེམ་ཆེའི་ནང་ལ་ཕྱིན་ཏེ་ཨམ་སྟོད་ཀྱི་མི་ཁོ་ཚོས་བསད་པའི་སྐོར་དང་།  ཨམ་སྟོད་ཀྱི་སྡེ་དུད་འགའ་ཤས་དེམ་ཆི་ནང་ལ་བྲོས་ཕྱིན་པ་ཚུར་ལོག་བྱ་རྒྱུ་སོགས་ཀྱི་ཐད་ཕན་ཚུན་རྩོད་གཞི་ཐག་གཅོད་བྱས་པ་དང་།   བྱང་རིགས་ཀྱི་སོ་བ་བསོད་མཁན་ཕལ་ཆེར་ཧ་སག་གི་བྲོས་སྡེ་ཁག་ཅིག་ཡིན་བཟོ་ཡོད་པ་བཅས་ཞིབ་ཕྲ་སྙན་སེང་ཞུས་པས་མ་ཚད་ང་ཚོས་ལམ་བར་ཧོར་ག་རྒྱ་འགྲམ་ནག་གི་བློན་པོ་ཏག་སྤུག་ཨར་ཁ་བསད་པའི་མགོ་ལག་རྩིས་འབུལ་ཞུས་པ་བཅས་བྱས་པ་ཡིན་དེ་མྱུར་ང་ནག་ཆུར་ཟླ་བ་དྲུག་ཙམ་བསྡད་པ་ཡིན།  
   སྐབས་དེར་ནག་ཆུ་རྫོང་ལ་བྱང་རིགས་རུ་དྲུག་ཤོག་ཁག་སོ་སོའི་རེས་མོས་ས་ཚིགས་རྒྱུག་མཁན་ང་ཚོ་ཨམ་སྟོད་ཤོག་རེད་འདུག་པ་དེ་ཚོ་དང་ང་མཉམ་དུ་ཨམ་སྟོད་ཀྱི་ཁང་བའི་ནང་དུ་བསྡད་ཡོད་ཉིན་གཅིག་ཞོག་པ་སྔ་མོ་ཞིག་ལ་རུ་མི་རྒྱལ་མཚན་ཟེར་བ་དེའི་སྐྱེ་དམན་ང་ཚོའི་སར་རྒྱུག་ཡོང་སྟེ་འདང་ནུབ་ས་གནས་སྲིད་གཞུང་གི་དམག་ཕོན་ཆེན་ཞིག་སླེབས་འདུག་པ་དེ་ཚོའི་ང་ཚོ་སེ་རུག་མ(ནག་ཆུ་གྲོང་རྡལ་མང་ཚོགས)སྡོད་དུ་བཅུག་གི་མི་འདུག་ཁྱོད་ཚོས་གྲྭས་ས་ཚིགས་རྒྱུགས་མཁན་ངག་ཚེ་ནང་ནས་ཕྱིར་འབུད་བྱས་ཚར་སོང་ཟེར་གྱི་འདུག་པས་ང་ལམ་སེང་ལང་སྟེ་ལྟ་སྐབས་ངག་ཚེ་གཙོས་ང་ཚོ་ཨམ་སྟོད་ཀྱི་མི་ཚང་མ་སྒོའི་ཕྱིར་ཕུད་ཚར་པས་མ་ཚད་གྲོ་ཆས་དང་།   ཉལ་ཆས་ཚང་མ་སྒོའི་ཕྱིར་དབྱུགས་བཞིན་པ་དང་།   དམག་མི་བཅུ་སྐོར་ཞིག་གིས་ཁོ་པ་ཚོས་ཉལ་ཆས་ནང་ལ་དབོར་བཞིན་འདུག་ངས་ལམ་སེང་ཁྱོད་ཚོས་ག་རེ་བྱེད་རྩིས་ཡིན་འདིར་སུས་སྡོད་ཟེར་གྱི་འདུག་བཤད་པས་དམག་མིའི་བཅུ་དཔོན་ཞིག་གིས་ང་ཚོ་སྔོན་མ་ཡོང་དུས་འདིར་སྡོད་ཀྱི་ཡོད།   ད་ལམ་ཡང་འདིར་སྡོད་ངེས་ཡིན་ང་ཚོ་རྩ་སྔ་ཤ་དང་།  ཆུ་ཕྱི་ཤ་བྱས་ཡོང་བ་ལས། ཁང་པ་བརྒྱབ་ལ་ཁུར་ནས་ཡོང་བ་མིན་ཟེར་གྱི་འདུག   ངས་འོ་ན་ཁྱོད་ཚོས་ས་རྫོང་གཉིས་ལ་ཞབས་འདེགས་ཞུ་ཐུབ་ན་ང་ཚོ་ལོག་པས་ཆོག་ཟེར་ལབ་པར་ཁོ་པོས་ང་ཚོ་སྡེ་པ་གཞུང་ལ་སྲོལ་ཕྲལ་མཇལ་མཁན་ཡིན་པ་ལས།  ས་རྫོང་ལ་ཞབས་ཞུ་བྱེད་མཁན་མིན་ཟེར་ཁོང་ཁྲོ་ཟ་བཞིན་ཁར་ཕྱིན་སོང་དེ་ཕྲལ་ང་བྱང་སྤྱི་ར་རྩ་རྒྱལ་དགན་སར་ཕྱིན་ནས་དམག་མིས་ང་ཚོའི་ཁང་པ་འཕྲོག་སོང་ང་ཚོ་རྫོང་ལ་ས་ཚིགས་རྒྱག་དགོས་དམ་ཡང་ན་ལོག་ཕྱིན་ན་འགྲིག་གམ་ཞུས་པས་ར་རྩ་རྒྱ་རྒན་གྱིས་ཁྱོད་ཀྱིས་དམག་མིའི་མདའ་དཔོན་ལ་ཞུས་ན་དགའ་གི་རེད་ཟེར་ཡང་ངས་མདའ་དཔོན་སྔོ་མོ་ལུང་ལ་ཞུ་སྐབས་ཁོ་པས་ཁྱོད་ཚོ་སྔར་མུས་བཞིན་བསྡད་ན་འགྲིག་གི་རེད་འོན་ཀྱང་དམག་མིའི་ཅ་དངོས་མཐོར་མ་འཇུག་ཟེར་ང་ཕྱིར་ནང་ལ་སླེབས་སྐབས་རོགས་པ་ཚོས་དམག་མིའི་ཅ་དངོས་ཚང་མ་ཁང་པའི་ཕྱིར་བཏོན་ཚར་འདུག་དེ་ཕྲལ་དམག་མི་གསུམ་དེར་ཡོང་སྟེ་ཁྱོད་ཚོས་བྱེད་བདེན་ཡིན་པེ་ཟེར་གཤེ་གཤེ་གཏོང་བཞིན་དཔོན་རྒྱལ་པོའི་སར་ཕྱིན་སོང་།   ཏོག་ཙམ་ནས་དཔོན་རྒྱལ་པོས་ངའི་སར་རྒན་པོ་ཐོས་པ་ཟེར་པ་དེ་བཏང་ཡོང་སྟེ་དབང་རྣམ་ལམ་སེང་དམག་མིའི་རུ་བརྒྱ་ལྷན་རྒྱལ་སར་འགྲོ་དགོས་འདུག་ཟེར་ལན་སྤྲད་བྱུང་བས་ང་ལམ་སེང་སྤུག་སྡིས་དང་།   འབུམ་དགའ་ཟེར་བ་གཉིས་རོགས་པར་ཁྲིད་ནས་རུ་བརྒྱ་ལྷན་རྒྱལ་སར་སླེབས་པ་དང་།  ཁོ་གཉིས་སྒོ་གཡས་གཡོན་ལ་ལང་དུ་བཅུག་པ་དང་།  ང་རང་མེ་མདའ་ཐུང་མདའ་རུམ་ལ་བཅུག་ནས་རུ་དཔོན་རྩར་སླེབས་སྐབས་རུ་དཔོན་གྱིས་ང་ཚོ་སྡེ་པ་གཞུང་གི་སྲོལ་ཁྲལ་མཇལ་མཁན་དམག་མིའི་ཁང་ཁ་ཁྱོད་ཚོས་འཕྲོག་པ་རེད་པ་ཟེར་བྱུང་།   ངས་སྲོག་ཁྲལ་ཨེ་ང་ཚོས་སྲོག་ཁྲལ་དང་རྒྱུ་ཁལ་གཉིས་འཇལ་ཡོད།  ཁང་པ་དེ་ང་ཚོ་ཨ་མདོ་སྟོད་མའི་འབྲི་ཐུས་ལྔ་བཅུ་སྤྲད་ནས་ཉོས་པ་ཞིག་ཡིན་པ་ལས་འཕྲོག་པ་མིན་ཟེར་བཤད་ཕྲལ་ཁོང་ཁྲོའི་རྣམ་འགྱུར་བསྟན་ཕྱིར་དོན་དེ་ནང་ལོག་པ་ཡིན་དེ་ནས་ཁྱོད་རང་ལམ་སེང་དམག་མིའི་བརྒྱ་དཔོན་སྨད་ཀུན་བཟང་སར་ཤོག་ཟེར་གྱི་འདུག་ཟེར་ང་སྨད་ཀུན་བཟང་སར་སླེབས་མ་ཐག་ཁོ་པས་ང་གཉིས་ཤག་པོ་ཟེར་ངས་འོན་ལམ་སྟེ་ང་གཉིས་ཤག་པོ་བཞག་པ་དང་ཁོ་པས་དེ་རིང་ངས་ཁྱོད་ལ་ཅ་ལག་ཡག་པོ་ཞིག་བཙོང་རྒྱུ་ཡོང་ཟེར་མེ་མདའ་ཨིམ་རིག་སྤུས་དག་ཅིག་ང་ལ་བཙོང་པ་དང་ང་ཚོ་ཚང་མས་སྡེ་པ་གཞུང་གི་ཞབས་ལེགས་མཉམ་དུ་བསྒྲུབ་དགོས་ཟེར་བ་དང་ཆབས་གཅིག་དམག་མིའི་ཅ་ལག་དང་།  ཉལ་ཆས་ཡང་དགོང་དག་ས་རུབ་ཙམ་ལ་ཁོ་རང་ཚོས་དབོར་སོང་།   
   ཡང་དེ་རྗེས་ཉིན་གཅིག་ང་ནག་ཆུ་ཞབས་རྟེན་དགོན་པར་སྐོར་བ་འགྲོ་སྐབས་ལམ་བར་རུ་མི་ཕུར་རྨུག་ཚང་གི་སྒོ་འགྲམ་སླེབས་སྐབས་དེ་གར་ས་དབང་ཟུར་ཁང་གི་གཟིམ་དཔོན་རེད་ཟེར་པའི་སྐུ་དྲག་གོས་ཆེན་གྱོན་པ་ཞིག་དེར་ལང་ནས་བཀའ་སྒྱུར་གཏོང་བ་དང་།  དེའི་རྒྱུག་ཁྱི་ཁ་ཤས་ཀྱི་ཨམ་སྨད་ཀྱི་ས་ཚིགས་རྒྱུག་མཁན་དཔོན་ཚེ་དོན་ཟེར་བ་དེ་ཉེས་རྡུང་གཏོང་བཞིན་འདུག་ངས་དེ་ཕྲལ་འདི་ག་རེ་བྱས་པ་རེད་དམ་བཤད་པས་སྐུ་དྲག་གོས་ཆེན་གྱོན་པའི་མི་འདིས་ང་ཚོར་རྟའུལ་ལམ་སེང་མ་སྒྲིག་པས་མ་ཚད་ད་དུང་ཁ་ནས་གྱོང་པོ་ཤོད་ཀྱི་འདུག་ཁྱོད་ཁོ་པའི་རྒྱབ་རྩ་ཡིན་པས་ཟེར་ངས་ལམ་སེང་ཕ་ཤི་ངུ་དབང་དང་།  ཟོག་བོར་འདྲི་དབང་མེད་པ་སྐད་ཆ་དྲི་མ་ཉན་ལ་རེད་དམ་བཤད་མ་ཐག་སྐུ་དྲག་དེས་ངའི་བྲང་ཚོམ་ལ་འཇུས་བྱུང་།   ངས་ཀྱང་ལམ་སེང་ཁོ་པའི་བྲང་ཚོམ་དམ་པོར་བཟུང་པ་དང་།   ལག་ཡ་གཅིག་གིས་མེ་མདའ་བཏོན་ནས་ཁོ་པའི་རོག་པ་ཚང་མ་བྲོས་ཚར་འདུག་ངས་ཁོ་པ་ཕར་འཐེན་ཚུར་འཐེན་ཁ་ཤས་བྱས་ཏེ་བཏང་པ་བ་གར་ཁོ་པ་བྱང་སྤྱིའི་མདུན་དུ་སླེབས་པ་དང་། བྱང་སྤྱི་ར་རྩ་རྒྱ་རྒན་གྱིས་ཁྱོད་ཀྱིས་ས་དབང་ཟུར་ཁང་གི་གཟིམ་དཔོན་ལ་མེ་མདའ་རྒྱག་རྩིས་བྱས་འདུག་པ་དེ་གང་མིན་གྱི་རྒྱ་བ་བྱས་པ་ཞིག་རེད། ཟུར་ཁང་ནི་ང་ཚོའི་གོང་གི་མི་རེད། ཁྱོད་རང་ཡང་ང་ཚོའི་གོང་གི་མི་ཡིན་བསམ་གྱི་འདུག་གམ་འོན་ཀྱང་ས་ཆ་འདི་ང་ཚོའི་ས་ཆ་རེད་ཡུལ་གྱི་ཆུ་འཐུང་ན། ཡུལ་གྱི་ཁྲིམས་སྲུང་དགོས་ཀྱི་རེད་ཁྱོ་རང་ཉི་མ་དེ་རིང་ནས་བཟུང་གནས་ཚང་ནང་ལ་སྡོད་པ་ལས་མེ་མདའ་རྒྱག་རྩིས་བྱེད་མ་མྱོང་། ཁྲལ་འབང་སྙོམས་ཆུང་ཁོ་ཚོས་ཉེས་རྡུང་བཏང་བ་དེ་ངས་འདྲི་ཙམ་བྱེད་དབང་ཡོད་ཀྱི་རེད་བསམ་བྱུང་། དང་ཐོག་ལག་པ་སྐྱག་མཁན་ཁོ་ཚོ་ཡིན་པ་ལས་ང་མིན་ཟེར་བཤད་པ་ཡིན་དེའི་རྗེས་ཇུས་ཏོག་བྱེད་མཁན་མེད་པ་གང་ཡིན་ནམ་བསམ་ནས་བྱང་སྤྱི་ར་རྩ་རྒྱར་སྒན་སར་འགྲོ་སྐབས་ཁོ་པས་དབང་རྣམ་ཁྱོད་རང་རྟག་པར་མེ་མདའ་ཞིག་རུམ་ལ་བཅུག་ནས་འགྲོ་རྒྱུ་ཡོད་པ་མ་རེད་ཟེར་གྱི་འདུག་ངས་ག་དུས་ཡིན་ནའི་ལག་པ་མི་ལ་མི་ཤོར་པ་བྱེད་རྒྱུའི་དམ་བཅའ་བཞག་ཡོད་འོན་ཀྱང་ཁྱི་མྱོ་ཡང་བདག་པོ་ངོ་ཤེས་ཀྱི་རེད་ལབ་པའི་ཁོ་པས་ཁྱོ་རང་ཚིག་པ་མ་ཟ་ཟེར་པ་ལས་གཞན་གང་ཡང་ཟེར་གྱི་མི་འདུག།
     ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ཐམ་པ་ཙམ་ལ།  དཔོན་རྒྱལ་པོ་དང་ང་རང་། རྒན་པོ་་ཐོས་པ་བཅས་ནག་ཆུར་ཡོད་མུས་ལ་རྒྱ་རིགས་དཔོན་པོ་གཅིག་གཙོས་རྟ་པ་བཅུ་སྐོར་ལ་རྔ་མོང་༣༠ཙམ་ཡོད་པ་སླེབས་ཏེ་ཨ་མདོའི་མི་གར་ཡོད་འདྲི་རྩད་བྱས་པར་རྒྱལ་པོ་ནས་མངགས་ཏེ་ང་རང་སོང་བར་རྒྱ་དཔོན་གྱིས་ཨ་མདོའི་གནས་ལུགས་དང་སོག་པོ་དང་།མཚོ་སྔོན་ཟི་ལིང་གི་འགྲུལ་ལམ་གང་ཡིན་སོགས་དྲིས་པར་ངས་འགྲུལ་ལམ་ཆུང་ཆུང་སྐྱིད་པོ་དང་།  སྨུག་སུའི་སོག་ལམ། བ་ཡན་ལ་ཙས་གསུམ་པ་བཅས་ཤར་ནུབ་བར་གསུམ་ནས་འགྲོ་བ་དེ་གསུམ་འཕོམ་ས་འཛེ་མེ་སྐྱ་ཕྲི་མ་རེད། གདང་ལ་ཕན་ལ་ཨམ་སྟོད་དང་། ཧོར་གང་ཅི་སོགས་ཡོད་ཚུལ་རྣམ་བཤད།རྒྱ་དཔོན་གྱིས་སང་ལོ་ང་ཚོའི་དམག་དང་འགྲུལ་པ་ཕན་ཆེ་ཡོང་གི་ཡོད་པས་ཁྱོད་རང་ས་སྣེ་ལམ་རྒྱུད་དུ་མཛེ་མེ་སྐྱ་ཁྲི་བར་ཡོང་དགོས་ཟེར་དཔོན་རྒྱལ་པོ་ང་གཉིས་ལ་མི་རིགས་རྙན་པར་མའོ་ཀྲུའུ་ཞིའི་སྐུ་པར་ཡོད་པ་རེ་དང་འབྲས་དང་རྒྱ་བྲོ་དོ་གཉིས་རེད་ཇ་རྡར་མོ་རེ་བཅས་གནང་བྱུང་ང་རང་ནས་སང་ལོ་ས་སྣེ་ལམ་རྒྱུས་ཡོང་རྒྱུའི་ཁས་ལེན་བྱས་དེ་ནས་ཟླ་གཅིག་ཙམ་ནས་རྒྱལ་པོ་ང་གྲོངས་པ་རེད། དེ་རྗེས་ང་རང་བྱང་ལ་སོང་སྟེ་སྔོན་མ་ལབ་གསལ་བཞིན་མཛེ་མེ་སྐྱ་ཕྲི་མ་དང་། གེར་དེམ་སོགས་ལ་སྡད་བོད་ཟླ་༨ནང་དམག་མིའི་དོས་སྐྱེལ་རྔ་མོང་དང་དམག་མི་བཅས་སླེབས་ཏེ་ངག་ཚེའི་སར་རྒྱ་དཔོན་ཞིག་དང་།  ཐུང་ཟི་སྨན་པ་གཅིག  ང་རང་བཅས་སོང་སྟེ་རྙན་པར་དང་འབྲས་རྒྱ་བྲོ་དོ་གཉིས།  ཇ་རྡར་གཉིས་སོགས་ངག་ཚེར་སྤྲད་སོང་། རྒྱ་དཔོན་གྱི་ལུག་ཚོང་ཟེར་བར་ལུག་སྐྱེལ་བར་ངག་ཚེ་དང་མཉམ་དུ་མཛེ་མེ་རྒྱ་སྒར་ལ་སོང་ཁོ་ཚོར་རྙ་ཁལ་གང་དགོས་སྒྲིག་རྒྱུདང་། བ་ཡན་ལ་རྩེས་གསུམ་པ་བར་ལམ་བཟོ་མུས་དང་།  དེ་ཕན་གཞུང་ལམ་བྱི་ལོག་རྟག་ཁ་ནས་འབུ་རོབ་དམར་ཁྲ་མའི་ལ་དོན་ཏེ་བཟོ་རྒྱུ་བྱས།   དེ་ནས་རྒྱ་རིགས་ཞ་ལེབ་ཟེར་བ་དང་།  དཔའ་བོ་དངོས་གྲུབ་སོགས་ལྷ་སར་སོང་།  ༡༩༥༨ལོར་ང་ཚོའི་གྲ་པ་དྲེད་དྲེད་ཀྱི་ནོར༢༠དང་ག་རྒྱ་བློ་གྲོས་ཀྱི་ཁལ་བཅུ་གཉིས་བཅས་ཇག་དེད་ཤོར་བ་ཡག་རའི་མགོ་འཕྲ་བོ་ཟེར་བས་འདེད་མི་གཙང་རྒྱུས་ཨོམ་པོ་སྐོར་བཅས་རེད་ཟེར་བ་དང་།  མ་ཟད་དེ་སྔོན་ཨོམ་པོའི་ཞུ་སྒེར་འཕགས་པ་ཤེས་རྟེན་གཉིས་ཀྱི་གུར་འབུམ་རི་རྒོད་ཀྱི་ཕ་བསད་པ་སོགས་ཀྱི་སྔར་གྱོད་ཀྱང་ཡོད་པས།    ང་དང་།   སྦོད་རུའི་དགྲ་ལྷ།  ཐོབ་རྒྱལ་སོགས་རྟ་པ་ཉི་ཤུ་ཡག་རའི་མགོ་འཕྲ་ནས་ས་སྣེ་ལམ་རྒྱུས་བྱས་ཏེ་ཨོམ་པོར་དགྲ་རྒྱག་པར་སོང་བས་ཉིན་བཅུ་སྐོར་ནས་ཨོམ་པོའི་ས་ཆར་སླེབས་མགོ་འཕྲོ་ནས་བརྗོད་པར་ཤར་གྱི་སྡེ་ནི་གཙང་རྒྱུད་བར་སྡེ་རེད།   ནུབ་ཕྱོགས་ཨོམ་པོ་དང་ཁྲི་སྐོར་འདྲ་འདྲེས་ཡོད་པ་བར་སྐབས་ལུང་པའི་ནང་དུད་ཚང་བཞི་ཡོད་པ་ནི་ཨོམ་པོ་བློ་བཟང་སྐོར་བཅས་རེད།   དེའི་མར་ཙམ་དུ་དར་གདང་ཅན་གྱི་དུད་ཚང་ཆེན་པོ་ཡོད་པ་དེ་ནི་འོད་ཡ་རིན་མགོན་དཔོན་ཚང་རེད་ཟེར་དེ་འཚམས་ང་རང་གཙོས་མི་ཁག་ཅིག་ནུབ་ནས་རྒྱུག་སྟེ་གཞུང་སྒེར་བློ་བཟང་སྐོར་བཅས་ཀྱི་ནོར་རྣམ་དེད་པ་དང་། ཁོ་ཚོ་ཚོ་གཅིག་གི་འོད་ཡ་རིན་མགོན་གྱི་ནོར་ལུག་དེད་དེ་ང་ཚོ་ཁག་གཉིས་འཕོམ་ཏེ་ཁལ་ཚུགས་གཅིག་ཙམ་སོང་སྐབས་ཕྲི་ཐོག་སྒེར་ཁོ་ཚང་ཟེར་བ་རུ་བ་སྤོ་བ་དང་ཐུག་སྟེ་མི་ཞིག་ཕར་ཙམ་བྲོས་པའི་རྟ་དེ་འཕྲོགས་པ་དང་།  ཕྲི་ཐོག་བར་སྡེ་གཉིས་ཡོང་མིན་ཁྱོད་ཚོས་ལྟོས་དང་།   ང་ཚོས་ཨོམ་པོ་འདེད་དགོས་པའི་རྒྱུ་མཚན་དང་ང་མགར་པའི་དབང་རྣམ་སྐོར་བཅས་ཡིན་ཞེས་དེ་ལན་བསྐུར་དེའི་སང་ཉིན་མོག་ཆུ་དོན་ཙམ་ལ་རྟ་པ་བཞི་བཅུ་ཙམ་ར་མདར་ཡོང་གི་འདུག་ང་ཚོ་དེལ་འབུར་ཞིག་ལ་ཇ་བཀོལ་བཞིན་ཡོད་པར་ཁོ་ཚོ་ཚུར་མ་ཡོང་བར་ལྷོ་ལུང་ཞིག་ལ་འཛུལ་སོང་དེ་གར་ར་ལུག་གཞན་པ་གསུམ་བརྒྱ་ཙམ་དང་། ནོར་བཞི་བཅུ་སྐོར་ཞིག་བཞག་པ་དེ་འཕྲོས་དེད་ནས་སོང་ཡང་ཁོ་ཚོ་རིག་རྒྱུ་མི་འདུག་དེ་དགོང་ལུང་ཆེན་ཞིག་ལ་བསྡད་མཚན་ལ་་ཕྱོགས་བཞིར་སྲུང་ཆ་བསྡད་ཕྱི་ནང་རི་ལྡེབ་ཕན་ཚུན་རྟ་པ་ལྔ་རེ་དང་ལུང་ནང་ང་རང་གཙོས་རྟ་པ་ལྔ་བཅས་སྔོན་ཙམ་སོང་སྟེ་ལ་ཆེན་དོན་པས་མི་རྟའི་རྗེས་དང་གཡས་གཡོན་དུ་སྒུག་ཡོད་པ་ཤེས་ཏེ་དེལ་འབུར་ཞིག་ལ་བསང་ཞིག་བཏང་བ་དང་།  རིན་རྒྱམ་མ་རིན། ཚེ་རིང་དབང་འདུས།  བྲའུ་བཅས་ཀྱི་ཕར་ངོས་བྲག་མགོ་ལྟ་རྒྱུ་ཡིན་ཀྱང་མ་སོང་བར་ནུབ་ཀྱི་བྲག་ཕྲ་ཡོད་སར་ཡོང་བས་དེར་ཁོ་ཚོས་མདུན་སྒུག་སྤྲད་ཡོད་གཤིས་མི་མདའ་རྒྱག་རེས་བྱས་པས་མི་རིན་ལ་མདའ་རྨས་བྱུང་སྟེ་འགྱེལ་བ་བར་བསད་སོང་བསམ་ཏེ་ང་ཚོ་དེར་རྒྱུག་པས་རིན་རྒྱམ།   མ་རིན་གཉིས་ཀྱི་རྟ་ཡང་ཤོར་བ་དང་ཁོ་ཚོས་མེ་མདའ་ཁ་ཤས་ཚུར་བརྒྱབས་ཏེ་བྲོས་སོང་ལ་འགོར་རྟ་པ་གསུམ་ག་ལེར་འགྲོ་གི་ཡོད་པར་ཐོབ་རྒྱལ་གྱིས་མེ་མདའ་ཐེངས་གཉིས་གསུམ་བརྒྱབས་ཏེ་ང་ཚོ་ལུང་པ་སྐྱིད་པོ་ཞིག་ལ་བསྡད།  ཁོ་ཚོ་ནི་ཚོ་གསུམ་བྱས་ཏེ་བྲོས། དེ་ཉིན་རྟ་གསུམ་ལོན་པ་རིན་རྒྱམ།  མ་རིན་གཉིས་ལ་རྟ་ཚབ་རེ་སྤྲད་དེ་ནས་ག་བེར་སྲིབ་བརྒྱུད་འདམ་ཆུ་དོན་ཏེ་རིམ་གྱིས་སོང་ནས་རྡོ་དམར་སྦུག་ལ་སླེབས་མཚམས་ནོར༣༠༦དང་།  ལུག་༤༠༠ནང་བགོས་བྱས་ཏེ་རི་རྒོད་ཀྱི་ཕ་བསད་པ་ར་ནོར་༢༠དང་།  དྲེད་དྲེད་ལ་ནོར་ཚབ་༢༠ག་རྒྱ་བློས་གྲོས་ལ་ཁལ་ཚབ་ཁལ་༡༢བཅས་སོ་སོར་སྤྲད།  ཕ་ཡུལ་དུ་སླེབས་སྐབས་ཨ་ཁུ་མགར་རྒན་དང་དག་ཚེ་ལྷག་པར་རྒྱ་དཔོན་སོགས་ནས་དགྲ་རྒྱག་པ་དེ་མ་འགྲིག་པ་རེད་ཟེར་གྱི་ཡོད་སྐད། དེ་ནས་ཉིན་ཉི་ཤུ་ཙམ་ནས་ཁྲི་ཐོག་ཀོང་སྲས་དང་། རྒྱ་རིགས་དཔོན་པོ་གཅིག   ཐུང་ཟི་ཀྲམ་རྡོ་རྗེ་ཟེར་བ།   འོད་མ་རིན་མགོན་དང་། གཞུང་སྒེར་བློ་བཟང་སོགས་རྟ་པ་བཅོ་ལྔ་ཙམ་ཡོང་བ་དང་མཉམ་དུ་ངག་ཚེ་བཅས་དམར་ཆུ་རྒྱ་སྒར་ལ་སོང་སྟེ་དབང་རྣམ་ཁྲིམས་མགོ་སྒུར་མི་ཡིན་ན་ལམ་སེང་ཤོག་ཟེར་བར།   ང་རང་དང་ཡི་དམ་དགྲ་ལྷ། བྲའོ།  སྲི་ནོར་སོགས་རྒྱ་སྒར་ལ་སོང་བས།   ཁོ་ཚོ་འབི་སྐམ་རག་བདག་མའི་ལྷས་ཟེར་བར་བསྡད་འདུག   དེར་འབྲང་བབ་པས་དམར་ཆུ་རྒྱ་སྒར་ནང་ཀྲུང་ཀྲུང་མིང་ཟེར་བའི་འགོ་ཁྲིད་ཅིག་དང་།   ཐུང་ཟི་ངག་དབང་བཅས་སླེབས་ཏེ་གྱོད་དོན་ཕར་ལབ་ཚུར་གླེང་གི་འགྲིག་མིན་བྱུང་ཉེར་ཁྲི་ཐོག་ཀོང་སྲས་དང་། ཨོམ་པོ་བློ་བཟང་གཉིས་ཀྱི་བབ་གསེབ་དང་འགྲིག་ཐབས་ཡོང་རེ་བྱས་མཐར་ཨོམ་པོ་བློ་བཟང་ང་གཉིས་མནའ་ཤག་སྒྲིག་སྟེ་གྱོད་འགྲིག་ནས་ནོར་ལུག་རྣམས་ངོ་བོ་དང་མེད་ཕྱིན་རྐང་སྒྲིག་རྒྱུ་དང་།   རི་རྒོད་ཀྱི་ཁ་བསད་པར་མི་སྟོང་མེད་པ། ག་རྒྱ་བློ་གྲོས་ཀྱི་ཁལ་དང་དྲེད་དྲེད་ཀྱི་ནོར་ལ་ཚབ་རང་འཇགས་བཞགས་པ་བཅས་ཐག་བཅད་དེ་སོ་སོར་གྱེས། 
   དེ་རྗེས་དཀྲོག་གཏམ་གྱི་གླེང་ཕྱོགས་རྐྱེན་པས་བྱང་དུ་བྲོས་བྱོལ་སོང་ནས་དུས་ཡུན་གང་འཚམས་རིང་ནང་ཁུལ་ཟི་སློང་བྲོས་པོ་ཕན་ཚུན་བསོད་རེས་འཕྲོག་རེས་ཀྱི་ནང་བཅིང་འགྲོལ་དམག་ལ་ཐུག་དོགས་ཀྱི་སྐྲག་སྣང་དང་ཞེ་སྣང་ཕར་བྲོས་ཚུར་བཀབ་ཀྱི་ངང་ཟི་འཇགས་བཏང་མཁན་བཅིང་འགྲོལ་དམག་མི་ལའང་བྲོས་འཐབ་འགའ་ཤས་རྒྱུད་རྗེས་ཟིང་བྲོས་ཀྱི་འཚོ་བར་རྦད་དེ་ཞེན་པ་ལོག་སྟེ་ནག་ཆུར་ཐོགས་མེད་རིན་པོ་ཆེ་སོགས་འབྲེལ་ཡོད་བླ་དཔོན་ཡང་ཁམས་བཟང་མདུན་ལམ་བཟང་པོ་མོད་ཐོས་དང་།   བརྩོན་ལེན་གནང་མཁན་འབྲེལ་ཡོད་མི་སྣའི་སྐད་ཆར་ཡིད་སྟོན་ཡོད་ངེས་སྙམ་པ་སོགས་ཕྱི་ནང་ཆ་རྐྱེན་མང་པོ་ལ་བརྟེན་སེམས་ཐག་གཙང་བཅད་ཀྱི་མགོ་སྒུར་བཙོན་ལེན་ལ་དང་ལེན་ཞུ་རྒྱུ་བྱས་ཏེ་སྔོན་ལ་ཚ་བོ་བསམ་དཀར་དང་།   འགུར་བ་གཉིས་ལ་མེ་མདའ་བཞི་དང་། རྟ་བཞི་བཅས་དམག་སྒར་ལ་བུལ་རྒྱུ་བསྐུར་ཏེ་བཏང་། ང་རང་གནས་སྐབས་བྱང་དུ་ཡོད་པའི་བྲོས་པོ་རྣམས་འགུག་ཐབས་བྱེད་པར་སོང་ནས་ཉིན་ཉེར་ལྔའི་ཐོག་འབོང་རྫའི་ཆུ་ནག་འདུར་ལ་ཡོང་རྒྱུ་བྱས།   དེ་ནས་གའུ་རི་གསེང་དུ་ཡོད་པའི་སྨན་ལྷ་སྐོར་བཅས་དང་དེ་ཕན་ཆོད་ཀྱི་སྤུག་རྟིལ་སོགས་ཚང་མ་ལོག་རྒྱུ་བྱས་རྗེས་སུས་དགྲ་རུ་བློ་བཟང་དང་རྙུང་འབྲུག་གྲགས།ཡོན་ཏན་བཅས་ཁ་ཤས་མ་གཏོགས་ཚང་མ་ལོག་པ་རེད།    ང་ཚོ་ཆུ་ནག་འདུར་ལ་ཁ་ཆད་ལྟར་ཡོང་བས་དེར་བསུ་མར་མགར་པའི་ཉེ་འབྲེལ་ཁ་ཤས་འདུག་པ་དང་འཕོན་ཏེ་ཚུར་ཡོང་ནས་དཀྱིལ་རིའི་མཚོ་རྟིང་ལ་དམག་སྒར་དང་།  ལས་དོན་ཡོད་སར་འབྱོར།   དམག་མིའི་འགོ་ཁྲིད་ཅོ་ཐོ་ཡོན་དང་།  ལས་དོན་གྱི་འགོ་ཁྲིད་འཇམ་དབྱངས་ཧྲུའུ་ཅི་བཅས་མཇལ་འཕྲད་ཞུས་ང་ལ་མེ་མདའ་བཅུ་གཅིག་ཡོད་པ་རྩིས་འབུལ་ཞུས་རུང་མེ་མདའ་གཅིག་ལོ་འཁོར་ཙམ་རང་འཇགས་བཞགས་བྱུང་།    ངས་ཁྱེད་རྣམས་འདི་ཕན་ཆོད་ཕེབས་དགོས་པ་མེད་བྲོས་པོ་རྣམས་ལོག་པ་ཡོད་ཞུས།   དེ་ནས་ཉིན་བཅུ་ཙམ་ནས་ང་ཚོའི་འབྲང་གཞིས་སྐོར་བཅས་མི་བརྒྱ་དང་གཅིག་འདུག་པའི་ལག་ཆ་མེ་མདའ་བརྒྱད་ཡོད་པ་རྩིས་འབུལ་དང་།   སྲིད་གཞུང་གི་མི་རེར་ཇ་བག་ཆུང་རེ་དང་འབྲུ་རྒྱ་བཅོ་ལྔ་རེ།   གུར་མེད་པ་རྣམས་ལ་གུར་དང་ཐབ་སྣོད་སོགས་གནང་།   དེ་མཚམས་དམག་མི་མང་ཆེ་བ་ལྷོར་ལོག་ལས་དོན་དང་དམག་ལྔ་བཅུ་ཙམ་ང་ཚོ་དང་མཉམ་དུ་ཐང་མདོ་ཟེར་བར་སྤོས་སྐབས་དེར་འཇམ་དབྱངས་ཧྲུའུ་ཅིས་དབང་རྣམ་ལོག་པར་ང་ཚོ་དགའ་བྱུང་ཁྱེད་རང་ཚོ་སྐྱིད་ཀྱི་ཨེ་འདུག་ཟེར་སྐྱིད་ཀྱི་འདུག་ཟེར་བ་དེ་ན་ང་ཚོ་རྟ་རྒྱུག་རྩེད་ཨེ་གཏོང་ཟེར་ནས་རྟ་རྒྱུག་པ་དང་།   སྡེ་རྣམས་རོགས་རེས་ཚོགས་ཆུང་བཙུགས་བོད་ཟླ་བདུན་པའི་ཟླ་སྨད་ཙམ་དུ་པད་ཀྲུའུ་རིན་ཟེར་བ་ཡོང་སྟེ་ང་ལ་ཁྱོད་རང་ནག་ཆུ་ཆབ་གྲོས་ཀྱི་ཨུ་ཡོན་ལ་བསྐོ་བཞག་བྱས་པ་རེད་ཟེར་ཕོག་ཀྱང་སྤྲད་བྱུང་མ་ཟད་ཁྱོད་ལ་རེ་དོགས་ཀྱི་བསམ་ཚུལ་གང་ཡོད་ཟེར་བས་ང་དོགས་པ་མེད་ཀྱང་ང་རང་གི་བྲོས་པོ་རྣམས་ཚང་མ་ལོག་པའི་འགན་ལེན་ཞུས་རུང་།    
    འགའ་ཤས་མ་ལོག་སྟབས་སེམས་ཁྲལ་ཏོག་ཙམ་འདུག་ཞུས་པར་ཁྱོད་རང་དེར་སེམས་ཁྲལ་མི་དགོས་ཁྱོད་རང་བདེ་འཚམ་གྱི་ལོག་ཐུབ་པར་ཧ་ཅང་ཡག་པོ་རེད།    རྗེས་སུ་འགྲོ་སྐབས་ས་རྒྱུད་དང་རོགས་པ་བྱེད་དགོས་ཟེར་བར་ངས་དེ་ལྟར་ལོས་བྱེད་ཞུས།   དེ་ནས་ཉིན་ཉི་ཤུ་སྐོར་ནས་པད་ཀྲུའུ་རིན་ནག་ཆུར་ལོག་བོད་ཟླ་དགུ་པའི་ནང་འཇམ་དབྱངས་ཧྲུའུ་ཅི་མཉམ་དུ་ནོར་བསམ་སྤུན་གཉིས་དང་།   ང་རང་བཅས་མོ་གྲའི་ནང་ནག་ཆུར་ཚོགས་འདུ་ལ་ཡོང་།   སླེབས་དགོས་ཐོག་མེད་རིན་པོ་ཆའི་སྐུ་མདུན་ལ་བསྡད།   ཕྱི་ནང་ཕིང་ཀུང་ཨུད་དང་ཀྲོན་ཧྲུའུ་ཡི་འགོ་ཁྲིད་རྣམས་པས་མཇལ་འཕྲད་གནང་བ་མ་ཟད་སྟག་དྲུག་ཀྲོན་ཡོན་དང་།    རོང་པོ་ཆོས་རྗེས།  ཐོགས་མེད་བླ་མ།   སྐད་ཚང་བླ་མ་སོགས་མཉམ་དུ་ང་རང་ལ་དགའ་བསུའི་སྣེ་ལེན་ཀྱང་གནང་བྱུང་།   ཉིན་ཤས་ནས་འཇམ་དབྱངས་ཧྲུའུ་ཅི་ནས་ནོར་བསམ་སྤུན་གཉིས་དང་།  ང་རང་བཅས་སྐུ་མདུན་ཤོག་ཟེར་དོན་བཞིན་སོང་བ་དེ་གར་དམག་མིའི་འགོ་ཁྲིད་རེ་གཉིས་ཤིག་ཀྱང་འདུག་ཁོ་ཚོས་ཁ་སྔོན་རི་དྭགས་འགར་བར་སོང་བས་དབང་རྒྱས་ལྷུན་འགྲུབ་སྐོར་བཅས་ལ་ཟིང་འཁྲུག་ཐུག་སྟེ་ཅ་དངོས་འཕྲོག་བཅོམ་དང་ཁོ་རང་རྨས་པ་སོགས་བྱུང་འདུག    ད་ཆ་ཟིང་འཁྲུག་ཞོད་འཇགས་ལ་འགྲོ་དགོས་པས་འགྲོ་ལུགས་གང་འགབ་བཀའ་འདྲི་གནང་བར་ངས་དམག་མི་སོགས་མང་པོ་འགྲོ་མི་དགོས་ཟིང་འཁྲུག་ཨ་མདོ་དང་།  ཡག་ར་ཉུང་ཤས་ལས་མེད་སྟབས་ང་ཚོ་སོང་ན་འགྲིག་ཅེས་ཞུས།   ངག་ཚེས་ཀྱང་དེ་ལྟར་ཞུས་སོང་བས་འགྲོ་རྒྱུ་གཏན་འཁེལ་གྱི་ཕྱི་ནང་འཇམ་དབྱངས་ཧྲུུའུ་ཅི་དང་།  ནོར་བསམ་སྤུན་གཉིས།  ང་རང་སོགས་མོ་ཊའི་ནང་སོང་བས་སྟོད་མ་ཆུ་ནས་མི་ཞིག་བྲག་སུལ་ནག་པོའི་སྡེ་རྣམས་ཀྱི་རྟ་དྲག་ཚད་ཨད་སར་བྱེད་དགོས་པས་ལེན་དུ་བསྐུར་ཏེ་བཏང་། ང་ཚོས་དེ་ནས་རྟ་གླས་ཏེ་བྲལ་སུལ་གྱི་སྡེ་འཚོགས་སར་སོང་དེ་མཚམས་གྲོས་སྡུར་གྱིས་ནོར་བསམ་སྤུན་དང་།    ང་རང་།   འགུར་བ་སོགས་རྟ་པ༡༦བྱང་དུ་སོང་མཐར་དྲེད་མོང་ལྷ་ཁང་ཟེར་བའི་ཕན་ཙམ་ནས་འགོ་ལོག་སྔོན་མ་ངོ་ཤེས་པ་ཞིག་ཡོད་པ་མི་གྲངས་བདུན་ཅུ་ཙམ་འདུག་པ་མགོ་བླང་སྟེ་མེ་མདའ་དྲུག་འདུག་པ་རྩིས་བླང་ཁོ་ཚོ་ཨ་མདོའིི་ནང་ལོག་རྒྱུ་བྱས།   འཕྲན་རབ་དང་ཚུབ་ཆུང་ཟེར་བ་རོགས་པར་ཁྲིད་ནས་དུ་རུ་ཕྱོགས་ལ་སོང་སྟེ་མཚོ་བྲག་རི་ནས་སོ་ལྟས་པས་གྲོང་ཁ་ཤས་རིག་རིག་པས་དེ་དགོང་དེར་བསྡད།    སང་ཉིན་ཉི་ཤར་སྐོར་གཞན་རྣམས་སྒང་མགོ་བསྡད།   ང་རང་རྟ་ཁྱེར་ཏེ་སྦ་རིག་སའི་ཐང་མཚམས་ལ་སོང་བས་མི་ཁ་ཤས་ཚུར་ཡོང་བ་བླ་མ་བློ་གྲོས་བསྟན་པ་དང་།   ཕྲི་ཐོག་དར་ཆོས་ཀྱི་བུ།   ཡག་རའི་རིན་དཔལ་བཅས་རེད་འདུག་ཕན་ཚུན་ངོ་ཤེས་པ་དང་ལྷག་ཏུ་ཡག་རའི་བླ་མ་ནི་ངག་ཚེ་དང་འབྲེལ་ཡིན་སྟབས་ཁོ་ཚོི་དགའ་སྣང་ཆེན་པོས་མགོ་སྒུར་ཏེ་ལོག་རྒྱུ་བྱས་མེ་མདའ་རྩིས་བླང་ཁོ་རང་ཚོས་བཤད་དོན་ལྟར་དཔལ་མོའི་ཐོག་རྫོང་དུ་སྡེ་ཡོད་སར་བློ་གྲོས་བསྟན་པ་དང་འཚུབ་ཆུང་བཏང་།   ང་ཚོ་མགོ་སྒུར་ཞུས་པའི་རུ་བ་དང་མཉམ་དུ་ལོག་པའི་ཉིན་བཅོ་ལྔ་བྲག་སུལ་དམག་སྒར་ལས་དོན་སར་འབྱོར་དེ་རྗེས་བློ་གྲོས་བསྟན་པ་དང་འཚུབ་ཆུང་ཀྱང་ཉི་མ་ཉི་ཤུ་ཙམ་ནས་སླེབས་ཞག་བཅོ་ལྔ་ནས་འཇམ་དབྱངས་ཧྲུའུ་ཅི་ང་དང་།  པད་ཆོས།  རིན་དཔལ་བཅས་ཀུན་ཁྱབ་སྐོར་བཅས་བསུ་བར་བཏང་བྱུང་བས་ཁ་ཆད་སར་འཕོམ་ཏེ་འབྲག་ཁག་ལྔ་ཡོད་པ་མགོ་བླངས་ཏེ་མེ་མདའ་གཉིས་འདུག་པ་རྩིས་ལེན་བྱས་པ་མ་ཟད་བསོད་གོག་གྲོང་གཉིས་ཀྱང་མཉམ་དུ་ལོག་རྒྱུ་བྱས་པར་ཁོ་ཚོ་ཉིན་འགའ་ཤས་ནས་སླེབས་བྱུང་།   དེར་ཁྱོན་བསྡོམས་ང་ཚོས་བཙོན་ལེན་བྱས་ཏེ་མགོ་བླངས་པའི་མི་གྲངས་༢༠༠ཙམ་འདུག་དེ་ལྟར་ལམ་ནོར་ལྡོག་ཤེས་དང་།   བརྩོན་ལེན་ནུས་པ་འཕྲན་བུ་ཐོན་པ་སོགས་ལ་རྟེན་སྔོན་མ་རང་ཉིད་ཀྱི་རྒྱག་རེས་དང་མི་བསོད་སོགས་ཁོ་ན་བྱེད་མཁན་ཞིག་ལ་སྤྱི་ཚོགས་རྙིང་པའི་ནང་དེ་མུར་མི་ཚེ་སྐྱེལ་དགོས་པ་ཡིན་ན་ཁྲིམས་ཤིའམ་གྲི་ཤིར་འགྲོ་རྒྱུ་ལས་མེད་རུང་ཏང་དང་མི་དམངས་སྲིད་གཞུང་གིས་ང་ལ་ཆབ་སྲིད་དང་། འཚོ་བའི་གསོ་སྐྱོང་གནང་སྟེ་ངའི་མི་ཚེ་མཇུག་གི་མདུན་ལམ་བདེ་སྐྱིད་ལྡན་པ་འདི་ལྟ་བུ་ནི་ཏང་དང་མི་དམངས་སྲིད་གཞུང་གི་བཀའ་དྲིན་ཁོ་ན་ཡིན་པ་ལོ་ན་བརྒྱད་ཅུ་སྙས་ལ་རྒྱབ་པའི་རྒས་པོ་ང་ཡི་བསམ་བློ་ར་འཆར་བཞིན་པར་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གནས་ཚུལ་རྣམས་རང་གི་ཡི་གེ་མ་ཤེས་རུང་གཞན་ལ་འབྲི་རོགས་ཞུས་ཏེ་ལོ་རྒྱུས་ཀྱི་དཔྱད་གཞིར་ཕན་རེས་བྲིས་པ་ཡིན་ལགས།  

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a7yd བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41260087
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1