དགའ་ལྡན་ལྔ་མཆོད་དུས་ཆེན་བསྲུང་བརྩི་བྱ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 23 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »དགའ་ལྡན་ལྔ་མཆོད་དུས་ཆེན་བསྲུང་བརྩི་བྱ།
དགའ་ལྡན་ལྔ་མཆོད་དུས་ཆེན་བསྲུང་བརྩི་བྱ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/15ལྟ་ཀློག (11949)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      ༧ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ནི་རང་ཅག་གི་དཔལ་ལྡན་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་མོ་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་དུས་ཆེན་ཡིན་པས་རང་ཅག་བུ་སློབ་རྣམས་ཀྱིས་རྗེ་༧ཙོང་ཁ་བ་ཆེན་མོ་རྗེས་དྲན་གྱི་ཆེད་གླིང་མེ་༼གླིང་བར་དུ་སྒྲོན་པའི་མཆོད་མེ་༽འབུལ་བ་དང་འབྲེལ་ཕྱག་དང་སྐོར་བ་སོགས་སྡིག་སྤོང་དགེ་སྒྲུབ་ལ་འབད་ན་བསོད་ནམས་དཔག་ཏུ་མེད་པ་འཐོབ་པས་དེ་དོན་ཐུགས་ལ་འཇགས་པར་ཞུ།

    རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་ནི་བོད་རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ་༡༣༥༦ལོར་མདོ་སྨད་སའི་ཆ་ཤར་ཙོང་ཁའི་ཡུལ་ཏེ་དེང་གི་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། 

     དགུང་ལོ་གསུམ་ལ་བཞེས་སྐབས་ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ།

      དགུང་ལོ་བདུན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་པས་མཁན་པོ་མཛད་པ་དང་། ཏ་དབེན་གཞོན་ནུ་སེང་གེའི་སློབ་མ་གཞོན་ནུ་སེང་གེའི་སློབ་མ་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་བློ་བཟང་གྲགས་པ་ཞེས་གསོལ།

      དགུང་ལོ་བཅུ་དྲུག་ལ་སོན་སྐབས་ཆབ་མདོ་བརྒྱུད་དབུས་སུ་ཕེབས། 

      དགུང་ལོ་བཅུ་བདུན་པའི་སྟེང་དབུས་སུ་བྱོན་ནས་ཚལ་གུང་ཐང་དུ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་སྨན་དཔྱད་ཡན་ལག་བརྒྱད་པའི་གཞུང་ལ་སྦྱང་བ་གནང་།

      ཆུ་གླང་ཕྱི་༡༣༧༣ལོའི་སྟོན་དུས་འབྲི་གུང་མཐིལ་དུ་ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་། ཐེག་ཆེན་སེམས་བསྐྱེད་སོགས་ཞུ་གནང་མཛད། 

      དགུང་ལོ་བཅུ་དགུ་པར་གསང་ཕུའི་གླིང་སྟོད་ཆོས་གྲྭར་ཞུགས་ནས་ཕར་ཕྱིན་གྲྭ་སྐོར་མཛད། 

      དགུང་ལོ་ཉི་ཤུ་རྩ་གཅིག་པར་གཙང་ཕྱོགས་སུ་ཕེབས་ནས་ཉ་དབོན་ཀུན་དགའ་དཔལ་བཟང་དང་། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ། མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་བཙུན་ཆོས་ཀྱི་དཔལ་བ། ས་སྐྱ་བསོད་ནམས་རྒྱལ་མཚན། སྣར་ཐང་ལོ་ཙཱ་པ་སོགས་བསྟེན་ནས་གཞུང་ཕར་ཚད་སོགས་དཔྱིས་ཕྱིན་པ་གསན་སྦྱོང་མཛད་པས་མཁས་པའི་གྲགས་པ་ཐོབ། 

      དགུང་ལོ་ཉེར་ལྔའི་ཐོག་ཕར་ཕྱིན་ཊཱིཀྐ་མཛད།

      དགུང་ལོ་ཉི་ཤུ་རྩ་བདུན་པར་ཡར་ལུང་དུ་ཕེབས་ནས་མཁན་ཆེན་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྩེད་ཐང་གི་ཆོས་གྲྭར་ཞུགས་ནས་དཀའ་ཆེན་བཞིའི་གྲྭ་སྐོར་གནང་། 

     དགུང་ལོ་ཉེར་དགུ་བར་ལྷ་སར་ཕེབས་ཏེ་ཚལ་གུང་ཐང་དུ་བཀའ་འགྱུར་ཞིབ་གཟིགས་གནང་།

      དགུང་ལོ་སོ་དྲུག་ཐོག་རྗིང་ཕྱིའི་བྱམས་པ་ཞིག་གསོ་མཛད། 

      དགུང་ལོ་སོ་དགུ་པར་གཉལ་སྡོད་རབ་གྲོང་དུ་དཀའ་བཅུའི་གྲྭ་སྐོར་མཛད།

      དགུང་ལོ་ཞེ་དྲུག་ཐོག་རྭ་སྒྲེང་དུ་བྱང་ཆུབ་ལམ་རིམ་ཆེན་མོ་དང་། 

      དགུང་ལོ་ཞེ་དགུར་སྔགས་རིམ་ཆེན་མོ་སོགས་མཛད། 

      དགུང་ལོ་ང་གསུམ་སྟེང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྲོལ་བཏོད། འབྲོག་རི་བོ་དགའ་ལྡན་ཕྱག་བཏབ། དགུང་ལོ་ང་དགུ་པར་དགའ་ལྡན་ཡངས་བ་ཅན་གྱི་རྨང་བཏིངས། འགྲེལ་བ་བཞི་སྦྲགས་མཛད། 

      དགུང་ལོ་རེ་གཅིག་ཐོག་དགའ་ལྡན་ཡངས་པ་ཅན་རྟེན་དང་བརྟེན་པར་བཅས་པར་གྲུབ་པའི་རབ་གནས་མཛད་པ་སོགས་གྲུབ་མཐའ་ཀུན་ལ་རིས་མེད་ཀྱིས་སློབ་གཉེར་མཛད་ནས་ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་སྐྱེ་འགྲོ་ཀུན་གྱི་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཀུན་གྱི་གུས་ཤིང་བཏུད་པའི་གནས་སུ་གྱུར། ཆོ་འཕྲུལ་སྨོན་ལམ་དང་དགའ་ལྡན་སྒྲུབ་མཆོད་ཆེན་མོ། གཉལ་གྱི་ལུང་ར་ཆེན་མོ། རྗིང་ཕྱིའི་བྱམས་པ་ཞིག་གསོ་བཞི་ནི་རྗེའི་མཛད་ཆེན་བཞིར་གྲགས། 

      མཐར་དགུང་གྲངས་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ༡༤༡༩ལོའི་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་ལ་གཟིམ་ཁང་འོད་སྦུག་ཏུ་སྐུ་མྱ་ངན་ལས་འདས། 

      གསུང་འབུམ་པོད་བཅུ་དགུ་བཞུགས།


འགྲེལ་ཚུལ་གཞན།  

     བོད་ཟླ་བཅུ་བའི་ཚེས་ཉི་ཤུ་ལྔ་ཉིན་ནི་ཙོང་ཁ་པ་ཆེན་པོའི་དགོངས་རྫོགས་ཀྱི་དུས་མཆོད་ཉིན་མོ་ཞིག་རེད། དེའང་ས་ཕག་ལོའི་༼ སྤྱི་ལོ་༡༩༡༤༽སྟོན་དུས་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་། འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་ཆོས་མང་དུ་གསུངས་ཤིང་དེ་རྗེས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཀྱིས་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་བ་སྨོན་ལམ་རྒྱ་ཆེར་མཛད། སྐུ་བེར་དང་དབུ་ཞྭ་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་གཞག་མཛད་ནས་ཟླ་བ་བཅུ་བའི་ཚེས་ཉེར་ལྔར་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། དེའི་ཕྱི་ལོ་ལྕགས་བྱི་༼ སྤྱི་ལོ་༡༤༢༠༽ཟླ་བ་བཅུ་བའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་། ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་སྨིན་སྒྲུབ་མཛད་པ་དང་དུས་མཚུངས་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ་དགེ་འདུན་མང་པོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་དེང་སང་གི་བར་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་སྐྱ་སེར་ཐམས་ཅད་ཀྱིས་རྣམ་དཀར་ལ་བརྩོན་ཞིང་གླིང་མེ་སྤོར་བའི་རྒྱུན་བྱུང་། ལྷ་སའི་ཉེ་འཁོར་གྱི་ཆོས་སྡེ་ཁག་དང་། རྩེ་ཕོ་བྲང་། གཙུག་ལག་ཁང་། ལྷ་ཞོལ་གྲོང་མིའི་གནས་ཁང་གི་ཡང་སྟེང་ངམ་སྒེའུ་ཁུང་གི་མདུན་ངོས་མར་མེའི་མཆོད་སྤྲིན་འབུལ་སྲོལ་དེ་བཞི་མཆོད་ལས་ཀྱང་ལྷག་པ་མ་ཟད་བསང་གི་དུད་པ་སྤྲིན་ལྟར་འཁྲིགས་པ་གཏོང་བ་དང་། རྒན་བྱིས་ཚང་མས་དང་བས་ཀུན་ནས་བསླངས་ཏེ་དམིགས་བརྩེ་མ་འདོན་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་ཡོང་བའི་སྨོན་ལམ་རྒྱ་ཆེན་པོས་མཚམས་སྦྱར་ནས་གླིང་མེའི་མཆོད་པ་རྒྱ་ཆེ་གཟབ་རྒྱས་ཤིག་འབུལ་སྲོལ་ཆགས་པ་དེའི་ཐོག་ནས་སེར་སྐྱ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དུད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་པར་བྱེད་ཀྱི་ཡོད་པ་རེད།


燃灯节是农历十月二十五日,是藏传佛教格鲁派创始人宗喀巴大师的圆寂日、格鲁派寺院为纪念大师把这一天定为燃灯节。燃灯节万供法会也是藏传佛教格鲁派寺院的重大节日。宗喀巴(1357___1419)藏传佛教格鲁派的创立者,(公元1419年10月25日)享年63岁。


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 6 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལེ་ལོ་བ། སྤེལ་དུས:2018/12/1
རྗེ་ཙོང་ཁ་བ་ནི། བོད་རབ་བྱུང་དྲུག་པའི་མེ་བྱ་ཕྱི་ལོ་ ༡༣༥༧ ལོར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང༌། ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་མདོ་སྨད་ཙོང་ཁར་འཁྲུངས། རྗེ་ཀརྨ་རོལ་པའི་རྡོ་རྗེ་ལས་དགེ་བསྙེན་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཁྱད་པར་ཆོས་རྗེ་དོན་རིན་གྱིས་གཅེས་པར་བསྐྱངས་ཤིང་། ཞལ་ཏ་ལམ་སྟོན་བཅས་དབུས་སུ་ཕེབས་པའི་བདག་རྐྱེན་མཛད། དབུས་གཙང་དུ་བྱོན་ཚུན་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན། གསང་ཕུ་སོགས་གདན་ས་ཆེན་པོ་རྣམས་སུ་བཤད་སྒྲུབ་ཀྱི་བྱ་བས་དུས་འདའ་བར་མཛད། དགུང་ལོ་ཉི་ཤུ་ལྷག་ཙམ་དུ་སོན་སྐབས་ཡར་ལུང་རྣམ་རྒྱལ་དུ་ཕེབས་ཏེ་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲི་བྷ་དྲའི་མཁན་རྒྱུད་ཚོགས་ཆེན་པའི་མཁན་པོ་བཀའ་བཞི་ཚུལ་རིན་པས་མཁན་པོ་དང༌། ཚོགས་པ་བྱེ་རྫིང་མཁན་པོ་འདུལ་འཛིན་ཤེར་དཀོན་གྱིས་ལས་སློབ། སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། དགུང་གྲངས་སོ་དྲུག་པར་འཁོར་དག་པ་རྣམ་བརྒྱད་དང་ལྷན་དུ་དཔོན་སློབ་དགུ་འོལ་དགའ་ཆོས་ལུང་དུ་ཕེབས་ཏེ་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད་ཅིང༌། དབེན་གནས་ལྷ་སྡིངས་སུ་ཐུགས་དམ་ཉམས་བཞེས་སྐབས་ཟབ་མོ་དབུ་མའི་ལྟ་བ་ཐུགས་སུ་འཁྲུངས། གོང་མ་ཏཱ་མིང་ཡུང་ལོ་རྒྱལ་པོ་ཐུགས་དད་ལྷག་པར་འཕེལ་ཏེ་མི་སྣ་ཆེད་དུ་མངགས་ཀྱིས་ནན་ཏན་ཆེན་པོས་སྔ་ཕྱི་ལན་གསུམ་ཙམ་གདན་ཞུ་གནང་རུང་ཞལ་བཞེས་མ་མཛད། སྐུ་ཚབ་ཏུ་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གོང་མའི་མཆོད་གནས་སུ་བཏང་། འོལ་དགའ་རྫིང་ཕྱིའི་བྱམས་པའི་སྐུ་ཞིག་གསོ། གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་འབུལ། ས་གླང་(༡༤༠༩) ལོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས། གདན་ས་དགེ་ལྡན་དགོན་པ་ཕྱག་བཏབ་ཏེ། བཤད་སྒྲུབ་བསྟན་པའི་རྒྱུན་རྒྱ་ཆེར་སྤེལ་བ་ནས་བཟུང་དགེ་ལྡན་རིང་ལུགས་འཛིན་པ་ཞེས་པའི་མིང་ཆགས་ཤིང་། བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་འཕེལ་རྒྱས་བྱུང་། དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཕག་༡༤༡༩ལོར་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་སྐུ་བེར་དང་དབུ་ཞྭ་གནང་སྟེ་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དོན་གྱིས་གོ་བར་མཛད། ལོ་དེའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོ་ཉི་དྲོས་ཙམ་ལ་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། གསུང་འབུམ་པོད་བཅོ་བརྒྱད་ཡོད་པ་སྐུ་གཤེགས་རྗེས་རྒྱལ་ཚབ་རྗེས་བསྐུལ་མ་གནང་བ་ལྟར་གཞིས་ཀ་བྲག་དཀར་ནང་སོས་དཔར་སྐྲུན་བྱས་ཏེ་དགའ་ལྡན་དུ་ཕུལ་བ་དགའ་ལྡན་པར་རྙིང་ཞེས་དེ་སྔོན་ཟུང་ཆུ་ཁང་ཚན་དུ་བཞུགས་ཡོད། ཞལ་སློབ་རྒྱལ་ཚབ་དར་མ་རིན་ཆེན་དང༌། མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་བ་དགེ་འདུན་གྲུབ་སོགས་དངོས་སློབ་གྲགས་ཆེ་བ་བརྒྱ་དང་བཞི་བཅུ་ཞེ་བདུན་བྱུང༌། ཙོང་ཁ་པ་ཆེན་པོ་སྐུ་གཤེགས་རྗེས་ལྕགས་བྱི་༡༤༢༠ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་བདུན་ཕྲག་མང་པོའི་རིང་བསྒྲུབས་པ་དང་ཙོང་ཁ་པ་ཆེན་པོའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་བོད་ཡུལ་མཐའ་དབུས་ཀུན་ཏུ་དགའ་ལྡན་ལྔ་མཆོད་ཆེན་མོར་གྲགས་པ་བྱུང་།
 སྤེལ་མཁན:  སྤེལ་དུས:2016/11/2
༡༣༥༦ལོར་མདོ་སྨད་སའི་ཆ་ཤར་ཙོང་ཁའི་ཡུལ་ཏེ་དེང་གི་མཚོ་སྔོན་ཞིང་ཆེན་ཁོངས་སྐུ་འབུམ་དགོན་པ་ཆགས་ཡུལ་དེར་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་བལྟམས། ཞེས་གསུང་འདུག།རྩིས་འདི་སྤྱི་རྩིས་རེད་དམ།
 སྤེལ་མཁན: Gdlk སྤེལ་དུས:2016/11/2
རྗེ་ཙོང་ཁ་པ་ནི་བོད་བརྒྱུད་ནང་བསྟན་ལ་ཤུགས་རྐྱེན་ཐེབས་ཤོས་ཀྱི་མཁས་དབང་ཞིག་རེད། 宗喀巴是最有影响力的藏传佛教学者之一。 ཙོང་ཁ་པའི་མཚན་དངོས་ལ་བློ་བཟང་གྲགས་པ་ཞེས་ཞུ་ཞིང་། ཙོང་ཁ་ཞེས་པ་ནི་ཁོང་གི་འཁྲུངས་ཡུལ་ཏེ་ཨ་མདོའི་ས་ཆ་ཞིག་གི་མིང་ངོ་། ། 宗喀巴的原名叫罗桑扎巴,宗喀巴中的宗喀源于他的出生地安多宗喀地区。 ཙོང་ཁ་པ་ཁོང་ནི་1357 ལོར་ཨ་མདོའི་ཙོང་ཁའི་ཡུལ་དུ་སྐུ་བལྟམས། 宗喀巴于1357年出生在安多宗喀地区。 ཙོང་ཁ་པ་ནི་དགེ་ལུགས་པའི་གྲུབ་མཐའ་འམ་ཞྭ་སེར་བསྟན་པའི་སྲོལ་གཏོད་གནང་མཁན་ཡིན་ནོ། ། 宗喀巴是格鲁派(也被称为“黄教”)的创始人。 ཙོང་ཁ་པ་ཁོང་གི་འཁྲུངས་ཡུལ་དུ་དེང་དུས་སྐུ་འབུམ་དགོན་པ་བཞེངས་ཡོད་དོ།། 如今,在宗喀巴的出生地坐落着塔尔寺。 དགུང་ལོ་གསུམ་བཞེས་པ་ན་རོལ་པའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་དུ་བསྒྲུབས་ཏེ་མཚན་ཀུན་དཀའ་སྙིང་པོ་གསོལ། 宗喀巴3岁时,第四世活佛若白多杰给他灌顶加持,授了近事戒,取法名根嘎宁波。 ཁོང་དགུང་ལོ་བརྒྱད་ཀྱི་སྐབས་སུ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ། 八岁时,依敦珠仁钦受沙弥戒,取法名为罗桑扎巴。 དགུང་ལོ་བཅུ་དྲུག་གི་སྐབས་སུ་ཁོང་དབུས་སུ་ཕེབས་ཤིང་སྐུ་ཚེ་གང་པོ་འཁྲུངས་ཡུལ་དུ་ཕྱིར་མ་ལོག 十六岁时,宗喀巴前往卫藏地区,自此再未还乡。 ཁོང་དགུང་ལོ་༥༢ ཕེབས་སྐབས་ལྷ་སར་སྨོན་ལམ་ཆེན་མོ་འཚོགས་གནང་ཞིང་། ༡༤༠༩ལོར་མ་དགོན་དགའ་ལྡན་དགོན་པ་ཕྱག་བཏབ་གནང་། 五十二岁时,宗喀巴在拉萨开启了新年大法会,于1409年建造了甘丹寺。 ཁོང་གི་ཐུགས་ཀྱི་བུ་སློབ་ཆེན་པོ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་དང་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྣམ་གཉིས་ཀྱིས་༡༤༡༦ ལོར་འབྲས་སྤུངས་དགོན་དང་༡༤༡༩ལོར་སེ་ར་དགོན་པ་ཕྱག་བཏབ་གནང་། 在他的鼓舞下,他的学生扎西白丹和悉达益西分别于1416年和1419年建造了哲丰寺和色拉寺。 ༡༤༡༩ལོར་ཙོང་ཁ་པ་ཁོང་གཟུགས་སྐུ་རེ་ཞིག་ཆོས་དབྱིངས་སུ་བསྡུས་ཤིང་། དེ་ནས་བཟུང་ལོ་ལྟར་བོད་ཟླ་༡༠པའི་ཚེས་༢༥ལ་ཁོང་གི་དགོངས་རྫོགས་སུ་བོད་ཡུལ་དང་སོག་པོ་དག་ཏུ་དགའ་ལྡན་ལྔ་མཆོད་འཚོགས་ཀྱི་ཡོད། 宗喀巴于1419年圆寂,他的纪念日于藏历(农历)每年10月25日举行,是藏族和蒙古族的宗教节日,叫做“葛登阿曲”。 ཁོང་གི་ལྗགས་རྩོམ་བསྟན་བཅོས་༢༡༠ཡོད་ཅིང་ཕྱོགས་སྡོམ་བྱེད་ན་པོད་དུམ་༢༠ཙམ་ཡོད། ཁོང་གིས་མདོ་བརྒྱུད་ཟུང་འབྲེལ་ལ་ཐུགས་གཙིགས་ཆེན་པོ་གནང་། 总之,他撰写了210个专著,收录到20个书卷中。同时,宗喀巴强化了佛经与密宗相结合的道路。 ཙོང་ཁ་པ་ནི་འཇམ་དཔལ་དབྱངས་དང་གུ་རུ་རིན་པོ་ཆེ་བཅས་ཀྱི་སྤྲུལ་པ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། 宗喀巴被认为是文殊菩萨和莲花生大师的化身。qnft
 སྤེལ་མཁན:  སྤེལ་དུས:2013/12/2
དགའ་ལྡན་ལྔ་མཆོད། མི་ལོ་བརྒྱ་ཕྲག་མང་པོའི་སྔ་རོལ་ནས་སྐྱེས་ཆེན་ཞིག་གནམ་དུ་གཤེཌ་པའི་མུན་ནག་གི་ཉིན་མོ། དགའ་ལྡན་ལྔ་མཆོད། ངེས་དོན་གངས་ཅན་མཁས་པའི་གཙུག་རྒྱན་་དེར་མི་ཡུལ་ནས་རྗེས་དྲན་ཞུ་བའི་འོད་སྣང་གི་མཚན་མོ། དགའ་ལྡན་ལྔ་མཆོད། ཉི་མ་ལྷ་སའི་གླིང་ནས་དད་སེམས་ཀྱི་འོད་ཟེར་ཕྱོཊ་བརྒྱར་འཕྲོ་བཞིན་འཛམ་གླིང་དུ་འཁྲུངས་སོང་། དགའ་ལྡན་ལྔ་མཆོད། རི་བོ་སྒང་དྲུག་ལྗོངས་ནས་ཡི་རང་གི་མེ་ཏོག་མཁའ་ལ་གཏོར་གྱིན་འཁྲུངས་སྐར་ལ་རོལ་སོང་། དགའ་ལྡན་ལྔ་མཆོད། དགོན་གྲོང་གང་སར་གྱི་ཁང་པའི་ཕྱི་ནང་ཀུན་ན་སྒྲོན་འོད་སྣ་ཚོཌ་ཀྱི་སྐར་ཚོཊ་རྣམ་པར་བཀྲ་སོང་། དགའ་ལྡན་ལྔ་མཆོད། སྐྱ་སེར་མང་པོ་ཡི་ལག་པ་གཡས་གཡོན་དག་ན་སྤོས་དར་སྣ་ཚོཌ་ཀྱི་མཆོད་སྤྲིན་ཕང་ཕུང་འཁྲིཌ་སོང་། གཟུཌ་བརྙན་པ·རྨ་ཁས་རྗེའི་རྗེས་དྲན་མཚོན་བྱེད་དུ་གཞོན་ནུ་དཔའ་ཤོད་ནས་སྨོན་པའོ།།
 སྤེལ་མཁན:  སྤེལ་དུས:2013/12/2
སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་བྱས། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ། དུས་ཆེན་ཁྱད་པར་བ་ལ་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་གསོག་དགོས་སོ། །
 སྤེལ་མཁན:  སྤེལ་དུས:2013/12/1
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །བཀའ་དྲིན་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41263305
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1