ཟུང་ལྡན་རྒྱན་གྱི་གནད་འགག་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »ཟུང་ལྡན་རྒྱན་གྱི་གནད་འགག་བཤད་པ།
ཟུང་ལྡན་རྒྱན་གྱི་གནད་འགག་བཤད་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2013/12/17ལྟ་ཀློག (2805)རྩོམ་ཁུངས: དྲྭ་བཏུས།པར་འདེབ།

                                                             རྩོམ་པ་པོ་མི་གསལ

      ད་ནི་ཟུང་ལྡན་ལ་གནད་འགག་འགའ་ཞིག་འཆད་རྒྱུ་རེད།  ཐོག་མར་སྦྱོར་ཚུལ་གྱི་སྟེང་ནས་དཔྱད་ན། རྩ་བར་གསལ་བ་བཞིན་ཚིག་སྦྱོར་གྱི་སྐབས་ཟུང་དུ་བསླེབ་རྒྱུའི་ཡི་གེའི་ཚོགས་པ་སྟེ་སྒྲ་གཟུགས་གཅིག་པའི་མིང་སྔ་ཕྱིའི་བར་ཡི་གེ་དང་། མིང་། ཚིག །བརྗོད་པའམ་ཚིགས་རྐང་ཇི་ཙམ་ཞིག་གིས་བར་དུ་ཆོད་ཀྱང་འགལ་བ་མེད་ལ།དེ་དག་གིས་བར་ཆོད་མེད་པར་མཉམ་གཅིག་ཏུ་བཟླས་པ་ཡང་རུང་བར་བསྟན་པ་ནི་ཟུང་ལྡན་རྒྱན་གྱི་རང་དབང་ཆེ་ཤོས་དེ་ཡིན། རང་དབང་དེ་ལ་བརྟེན་ནས་ཟུང་ལྡན་རྒྱན་ལ་དབྱེ་བ་མང་པོར་གྱུར་ཡོད། འོན་ཀྱང་དབྱེ་བ་དེ་དག་ལ་མིང་རེ་བཏགས་ནས་ཁྲིམས་རྩ་ལ་བཅུག་རྗེས་དེ་དག་ལ་ཡང་རང་དབང་ངོ་མ་ཞིག་མེད་པར་གྱུར་ཡོད། དེ་ཡང་ཁྲིམས་དབང་ལྟ་བུའི་བཀག་རྒྱ་ཆེ་ཤོས་ནི། རྩ་བ་ལས། “ ཡི་གེའི་ཚོགས་པ་བསྐོར་བ།” ཞེས་པའི་བརྗོད་པ་དེས་སྟོན་གྱི་ཡོད །ཐོག་མར་ཡི་གེ་ཞེས་པའི་སྐད་དོད་གོང་ནས་བརྗོད་ཟིན་པ་བཞིན་ལེགས་སྦྱར་སྐད་ནང་ཝརྞ་ཞེས་པ་ཡོད་ཅིང་། དེ་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་བའི་སྐད་ཀྱི་གདངས་མཚོན་བྱེད་དབྱངས་དང་། གསལ་བྱེད་ལ་བྱ་བ་ཡིན། ལེགས་སྦྱར་ནང་སཾཧཏེ་ཞེས་ཡོད་པ་བོད་སྐད་དུ་ཚོགས་པ་ཞེས་པར་འཇུག་པས། དེ་གཉིས་བསྡེབས་ན་ད་གཟོད་ཡི་གེའི་ཚོགས་པ་ཞེས་པ་ཐོན་བྱུང་། ལེགས་སྦྱར་སྐད་དང་བོད་སྐད་གཉིས་ཀྱི་བརྡ་སྤྲོད་པའི་ནང་ཚོགས་གསུམ་བཤད་སྐབས་ཀྱི་ཡི་གེའི་ཚོགས་པ་ཞེས་པ་དང་འདི་དོན་གཅིག་ཡིན། སྐབས་འདིར་ཤེས་དགོས་པ་ཞིག་ནི་ཟུང་ལྡན་རྒྱན་སྐབས་ཀྱི་ཡི་གེའི་ཚོགས་པ་ཡང་མིང་ཁོ་ན་ཡིན་དགོས། མིང་ལ་དབྱེ་ན་ཁྱད་ཆོས་ཀྱི་མིང་དང་། དངོས་པོའི་མིང་། ལས་ཚིག་གི་མིང་སོགས་དུ་མ་ཡོད་ཀྱང་། བསྐོར་རྒྱུའི་མིང་གཉིས་དེ་གཟུགས་འདྲ་ཡང་གོ་བ་ཐ་དད་དུ་ཡོད་པ་ཞིག་དགོས་པ་ནི་ཟུང་ལྡན་རྒྱན་གྱི་གནད་འགག་དང་པོ་ཡིན།  འོན་ཀྱང་བོད་སྔ་རབས་པ་དག་གིས་མཛེས་མཛེས་སོགས་རྩ་བ་ལས་མ་བསྟན་ཅིང་རྒྱ་གཞུང་ལ་མ་གསལ་བ། གོ་བ་ཡང་ལོགས་སུ་མེད་པ་དེ་འདྲ་བསྐོར་ནས་མེ་ལོང་མའི་དཔེར་བརྗོད་དུ་བྱས་པ་ནི་དེའི་གནད་འགག་མ་ཤེས་ནས་རྩ་གཞུང་གི་ཁྲིམས་གཏོར་བཤིག་བཏང་བ་རང་རེད་སྙམ།ད་དུང་བོད་ཀྱི་ཆེད་མཁས་པ་ལ་ལས་འཇིག་རྟེན་འཇིག་རྟེན་ཞེས་པ་ལྟ་བུ་ཚིག་འབྲུ་གཉིས་ཕན་ཅན་གྱི་ཟུང་དགོས་པ་བཀག་ནས།ལྷག་ལྷག་ཅེས་པ་ལྟ་བུ་ཚིག་འབུ་རེ་རེ་བ་ཟུང་བཟླས་ན་ལེགས་ཚུལ་བཀོད་པ་དང་།རྗེས་འཇུག་པ་ཕལ་ཆེར་གྱིས་རིན་ཅེན་ནོར་བུ་བཞིན་ཆེ་མཐོངས་ཀྱིས་ལུང་འདྲེན་ཡང་ཡང་བྱས་འདུག་པ་གོང་དུ་བཤད་ཟིན་ལྟར།དེ་ལྟར་བོད་རྒན་དག་གིས་འདོད་པ་ལྟར་དགོས་ཚུལ་མེ་ལོང་མའི་རྩ་གཞུང་དང་རྒྱ་འགྲེལ་དག་གི་སྟོད་སྨད་གང་དུ་དངོས་ཤུགས་གང་དུ་ཡང་གསལ་མི་འདུག་གོ།

   གནད་འགག་གཉིས་པ་ནི། རྩ་བ། “ ་་་་་་་་བསྐོར་བ་ནི། །ཟུང་ལྡན་་་་་་་་” ཞེས་པའི་སྐབས་འདིར་བསྟན་ཡོད། དེ་ཡང་ལེགས་སྦྱར་སྐད་དུ་ཡམཀ་ཞེས་པ་བོད་སྐད་དུ་ཟུང་དང་ལྡན་པ་སྟེ་གཉིས་དང་ལྡན་པ་ཞེས་པའི་དོན་ཡིན་པས་བསྐོར་རྒྱུ་ཟུང་སྟེ་གཉིས་གཉིས་སུ་བསྐོར་དགོས་པ་ལྟ་བུར་རྒྱ་འགྲེལ་དག་གིས་བཀྲལ་འདུག།འོན་ཀྱང་སྔོན་གྱི་མཁས་པ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། ( དབྱངས་ཅན་ངག་གི་རོལ་ཚོར། ) “ ཡི་གེ་དབྱངས་དང་གསལ་བྱེད་ཚོགས་པ་གཉིས་ཕན་ཆད་བསྐོར་བ་དེ་ཡང་བཟླས་ཏེ་བརྗོད་པ་ནི་ཟུང་ལྡན་ཡིན་ཏེ་སྔར་ལེའུ་དང་པོར་ཡང་།ཚོགས་པའི་སྤྱོད་ཡུལ་བསྐོར་བ་ནི། །ཁོ་ན་ཟུང་དང་ལྡན་པར་རིག།ཅེས་རྗེས་ཁྲིད་ཀྱི་ཞར་བྱུང་དུའང་བཤད་ཟིན་པ་དེ་འདིར་རྒྱས་པར་བརྗོད་པའོ།། ” ཞེས་བཀྲལ་བ་ནི་བོད་སྐད་ཀྱི་ལུགས་ལྟར་ཚིགས་རྐང་གཅིག་ལ་ཐོག་མཐའ་བར་གསུམ་དུ་ཡོད་པ། “ སྣང་བྱེད་བདག་པོའི་སྣང་བས་ཕྱོགས་ཀུན་སྣང་།།” ཞེས་པ་ལྟ་བུ་སོགས་ལ་དགོངས་པ་ཡིན་མོད།གོང་དུ་བརྗོད་པ་བཞིན་ལེགས་སྦྱར་སྐད་ཀྱི་ཡམཀ་ཞེས་ཟུང་ལྡན་རྒྱན་ཞེས་པའི་ཚིག་ཟིན་ལྟར་ན་གོང་གི་ཚིགས་རྐང་འདི་ལྟ་བུ་ཐོག་མའི་སྣང་དང་བར་གྱི་སྣང་གཉིས་ཟུང་ལྡན་དང་།བར་གྱི་སྣང་དང་མཐའི་སྣང་གཉིས་ཟུང་ལྡན་ཡིན་པ་ལྟ་བུར་འགྲེལ་དགོས་པར་འདུག་སྙམ།ལར་ནས་ལེའུ་དང་པོར་ཚོགས་པའི་སྤྱོད་ཡུལ་ཞེས་སོགས་གསལ་བ་ནི་འདི་དང་རྗེས་ཁྲིད་གཉིས་ཀྱི་ཁྱད་པར་འབྱེད་ཆོས་ཙམ་སྟོན་པ་ལས་ཟུང་ལྡན་རྒྱན་གྱི་མཚན་ཉིད་སྟོན་པ་མིན་པས།དེ་སྐབས་འདིར་བསྲེས་ནས་བཀྲལ་བ་མི་ལེགས་པ་ལྟ་བུ་འདུག་པས་ད་དུང་སྤྱོད་ལྡན་ཚོས་བརྟག་དགོས་པར་སྣང་།
          ཟུང་ལྡན་དང་། རྗེས་ཁྲིད།ཚིག་བསྐོར་གསུམ་གྱི་ཁྱད་པར་ནི།
        ཟུང་ལྡན་རྒྱན་ལ་ཡི་གེ་དང་། མིང་། ཚིག།བརྗོད་པ་སོགས་ཀྱིས་བར་ཆོད་མ་ཆོད་གང་ཡང་རུང་བ་ལ། བསྐོར་བྱ་གཟུགས་འདྲ་བའི་ཡི་གེའི་ཚོགས་པ་སྟེ་མིང་ལན་གཉིས་གཉིས་སུ་བཟླས་ནས་བསྐོར་བ་ལ་བྱ་ཞིང་།
རྗེས་ཁྲིད་ནི་ལེའུ་དང་པོར།  །རྐང་པ་རྣམས་དང་ཚིག་རྣམས་ལ།ཡི་གེ་བསྐོར་བ་རྗེས་སུ་ཁྲིད། །ཞེས་གསུངས་པ་བཞིན། རྐང་པ་དང་ཚིག་དག་ལ་མཐའ་རྟེན་དང་།མགོ་འདོགས་སོགས་གཅིག་མིན་ལ་མ་ལྟོས་པར་གཙོ་བོ་མིང་གཞི་ཡི་གེ་གཅིག་པ་ཅན་ལན་དུ་མར་སྐྱར་བཟློས་བྱེད་པ་སྟེ།ཡང་ཡང་བསྐོར་བ་ཞིག་ལ་འདོད་དོ།
ཚིག་བསྐོར་ནི་རྩ་བར། གསལ་བྱེད་ཀྱི་ནི་གནས་ཉིད་དུ།།་་་་་་་་་ཚིག་བསྐོར། ཞེས་གསལ་བ་བཞིན།བྱ་ཚིག་ཅིག་ལན་གཉིས་སམ་དེ་བས་མང་བ་བཟླས་ཏེ་བསྐོར་ཡང་དོན་ཐ་དད་དུ་སྟོན་པ་ཞིག་ལ་འདོད།
   མདོར་ན་ཟུང་ལྡན་རྒྱན་ཡིན་ན་མིང་བསྐོར་བས་ངེས་ཤིང་།རྗེས་ཁྲིད་ཡིན་ན་ཡི་གེ་བསྐོར་བས་ངེས།ཚིག་བསྐོར་ཡིན་ན་བྱ་ཚིག་བསྐོར་བས་ངེས་ཞེས་བཤད་ན་འཐད་པར་སེམས།འོན་ཀྱང་རྣམ་དཔྱོད་ཅན་དགས་གིས་དཔྱད་ནས་དགེ་སྐྱོན་མང་ཙམ་གསུང་རོགས་ཞུའོ།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41446201
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1