སྣར་ཐང་དགོན་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »སྣར་ཐང་དགོན་པ།
སྣར་ཐང་དགོན་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/18ལྟ་ཀློག (3856)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

མིང་དུ་གྲགས་པའི་སྣར་ཐང་བཀའ་བསྟན་གྱི་དཔར་ཤིང་།



༄༅། །སྣར་ཐང་དགོན་པ་ནི་པོ་ཏོ་བའི་ཡང་སློབ་གཏུམ་སྟོན་གྱིས་རབ་བྱུང་གསུམ་པའི་ཆུ་བྱ་ལོར་བཏབ་པ་དེར་ཤ་ར་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་ཁྲིད་རྒྱུན་དང༌།ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པའི་འདུལ་བ་གཙོ་བོར་འཛིན་ཅིང༌།རབ་བྱུང་བཞི་པའི་དུས་སུ་མཁན་པོ་བཅོམ་ལྡན་རིག་པའི་རལ་གྲི་དང་དབུས་པ་བློ་གསལ་ཡབ་སྲས་ཀྱིས་སྡེ་སྣོད་གསུམ་གྱི་གཙུག་ལག་བོད་དུ་འགྱུར་བ་ཡོད་དོ་ཅོག་བཀའ་འགྱུར་དང་བསྟན་འགྱུར་གཉིས་སུ་བསྒྲིགས་ཏེ་པར་དུ་བསྐྲུན་པར་གྲགས་ཀྱང༌།ད་ལྟ་མཐོང་རྒྱུ་ཡོད་པ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ལོར་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་མཐུན་རྐྱེན་མཛད་དེ་པར་དུ་བསྐྲུན་པ་དེ་ཡིན།  རིག་གསར་ཁྲོད་མང་ཆེ་བ་འཇིག་སོང་།   དགོན་འདི་གཙང་བཀྲ་ཤིས་ལྷུན་པོའི་མ་དགོན་དུ་གྲགས།  



སྣར་ཐང་དགོན་གྱི་ལོ་རྒྱུས་རྒྱས་པ་ཤེས་འདོད་ན་གཤམ་དུ་གཟིགས།

          ཆོས་སྡེ་འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་ཕྱོགས་ཆུ་མིག་ཆུས་ཁོངས་ཀྱི་གཞུང་ལམ་འགྲམ་དུ་ཆགས་ཤིང་། གཞིས་རྩེ་གྲོང་ཁྱེར་ནས་ཆོས་སྡེ་དེ་བར་སྤྱི་ལེ་༢༠ཙམ་བསྐྱོད་དགོས་ཀྱི་ཡོད། དེ་ནི་སྤྱི་ལོ་༡༩༦༢ལོ་ནས་བཟུང་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་སྡེ་ཚན་དུ་གཏོགས།

         དེ་ཡང་རི་བོ་གླང་བོ་ཆེའི་སྣ་ཞགས་བརྐྱངས་འདྲའི་འདབས་སུ་བཏབ་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྣར་ཐང་དགོན་ཞེས་མཚན་ཐོགས་པར་གྲགས། བོད་རབ་བྱུང་དང་བོའི་ས་ཡོས་སྤྱི་ལོ༡༠༣༩ལོར་ཇོ་བོ་ར་ཇེ་མངའ་རིས་བརྒྱུད་དབུས་གཙང་དུ་ཕེབས་པའི་ལམ་བར་སྣར་ཐང་གི་སའི་འདབས་གཞོགས་ལའི་རྩེར་ཉེ་གནས་ལ་གླང་བོ་ཆེའི་སྣ་འདྲ་བའི་རི་ཕ་གིའི་འཇག་ཐང་སྟེང་དུ་གང་འདུག་ལྟོས་ཤིག་གསུངས་པར། ཉེ་གནས་ཀྱིས་འཇག་ཐང་གི་བྲག་རྡོག་ཐོག་ལ་གསེར་སྦྲང་བཅུ་དྲུག་འདུག་ཅེས་ཞུས། ཇོ་བོ་རྗེས་ཁྱོད་རང་ལས་སྣང་མ་དག་པས་མ་མཐོང་བ་མ་གཏོགས་དེར་གནས་བརྟན་བཅུ་དྲུག་གསོ་སྦྱོང་མཛད་ཀྱིན་ཡོད། མ་འོངས་པ་ན་གནས་དེར་དགོན་སྡེ་ཆེན་པོ་ཞིག་ཀྱང་འབྱུང་ངོ་ཞེས་ལུང་བསྟན་པ་བཞིན་བོད་རབ་བྱུང་གསུམ་པའི་ཆུ་བྱ་སྤྱི་ལོ་༡༡༥༣ལོར་དགེ་བཤེས་ཤ་ར་བའི་དངོས་སློབ་གཙང་བ་འདུལ་འཛིན་གཏུམ་སྟོན་བློ་གྲོས་གྲགས་པས་སྣར་ཐང་དགོན་ཕྱག་བཏབ། འདི་ནི་བཀའ་གདམས་པའི་གྲུབ་མཐའ་འཛིན་པའི་དགོན་པ་ཞིག་ཡིན། ཤོད་རྒྱུན་དུ་དགོན་པ་འདི་དར་རྒྱས་ཆེ་ཤོས་ཀྱི་སྐབས་སུ་སྒྲིག་ཞུགས་དགེ་འདུན་ཞལ་གྲངས་སུམ་སྟོང་ལྷག་ཙམ་ཡོད་སྐད་ཀྱང་ལོ་རྒྱུས་ཐོག་དགོན་སྡེ་འདིར་དར་གུད་རིམ་པ་བྱུང་ནས་མཐར་དམངས་གཙོའི་བཅོས་བསྒྱུར་སྐབས་སུ་པར་ཁང་ཆེ་མོ་ཙམ་མ་གཏོགས་ལྷག་མེད། པར་ཁང་དེ་གཞི་རྒྱ་ཅུང་ཆེ་ཞིང་པར་ཁང་གི་སྒོ་ཐོད་དུའང་ཆིང་གི་གོང་མ་གཡུང་ཀྲེའི་ཕྱག་བསྟར་མ་ཧྥུ་ཨེན་དགོན་ཞེས་པའི་སྒོ་པན་ཞིག་ཀྱང་བཀལ་ཡོད།

          སྣར་ཐང་པར་ཁང་ནི་བོད་ཀྱི་པར་ཁང་ཆེན་པོ་གསུམ་གྱི་ནང་ནས་བྱུང་སྔ་ཤོས་ཡིན་པས་དེ་པར་ཤིང་བགྲང་གིས་མི་ལངས་པར་ཉར་ཚགས་བྱས་ཡོད་ལ་དེ་དུས་ལག་བྲིས་དཔེ་ཆ་རྩ་ཆེའི་རིགས་ཀྱང་མང་བོ་ཡོད། སྣར་ཐང་པར་ཁང་དུ་ཕོ་ལྷ་མི་དབང་བསོད་ནམས་སྟོབས་རྒྱལ་གྱིས་རྒྱུ་ཡོན་སྦྱར་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཐུགས་འགན་བཞེས་ནས་སྤྱི་ལོ་༡༧༣༢ནས་༡༧༤༢ལོ་སོ་སོར་སྔ་རྟིང་ཐོག་པར་བརྐོས་ཟིན་པའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་རེའི་པར་ཤིང་བཞུགས། འདི་ནི་བོད་ཀྱི་པར་ཤིང་སྔ་ཤོས་དེ་ཡིན་ལ་བཀའ་འགྱུར་སྣར་ཐང་དཔར་མ་ཞེས་པར་གཞི་ཚད་ལྡན་ཞིག་ཏུ་འཛིན་པ་རེད། པར་ཤིང་དེ་ལས་བྱུང་བའི་པར་གཞི་དང་པོ་དེ་སྔར་གཞིས་རྩེ་བཀྲས་ལྷུན་དགོན་དུ་བཞུགས་སྐད།

          སྔར་སྣར་དགོན་དུ་གྲྭ་ཚང་གཉིས་དང་། མཆོད་ཁང་གཙོ་གྲས་ཁག་བཅུ་གསུམ་ཙམ་ཡོད་པ་དེ་དག་གི་ནང་རྟེན་གཙོ་བོ་རྒྱ་གར་ནས་དྲངས་པའི་སྨན་འཇིམ་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོ་དང་། རྒྱ་གར་རྡོ་རྗེ་གདན་མཆོད་རྟེན་དང་ཤིང་བརྐོས་རེ། གསེར་ཟངས་ཀྱི་ཤྰཀྱ་ཐུབ་པ་སོགས་བཞུགས། དེ་མིན་སྐུ་རྟེན་དང་ལྡེབས་བྲིས་སོགས་མང་བོ་ཡོད་པ་ཕུད། ད་དུང་མིང་དང་ཆིང་རྒྱལ་རབས་དུས་ཀྱི་སྐུ་ཐང་རྙིང་མ་ཡང་མི་ཉུང་ཙམ་ཡོད། དེ་བཞིན་མིང་རྒྱལ་རབས་ཀྱི་གཡུང་ལེ་ཁྲི་ལོ་བཅུ་བདུན་དང་ཉེར་གཅིག་སོ་སོའི་དུས་ཀྱི་བཀའ་ཤོག་ཁག་གཉིས་ཙམ་ཉར་ཚགས་བྱས་ཡོད། གཞན་ཡང་གདུང་རྟེན་ལྷ་ཁང་དུ་གདན་རབས་རིམ་བྱོན་གྱི་སྐུ་གདུང་ལི་མ་ལས་གྲུབ་པའི་བཀའ་གདམས་མཆོད་རྟེན་ཆེ་བ་ཐོག་ཚད་མས་གཙོས་ཆུང་ཤོས་མཐོ་གང་ཙམ་བར་ཡོད་པ་བརྒྱ་ཕྲག་བརྒལ་བ་དང་། རྒྱལ་བའི་བཀའ་འགྱུར་གསེར་ཆོས་ཆ་ཚང་ཡང་བཞུགས། གདུང་རྟེན་གྱི་ཁྲོད་ནས་ཆེ་ཤོས་ནི་ཉེ་གནས་པ་སྙན་གྲགས་བཟང་བོས་བཞེངས་པའི་མཁན་ཆེན་བློ་བཟང་གྲགས་ཀྱི་གདུང་རྟེན་བཀྲ་ཤིས་སྒོ་མང་མཆོད་རྟེན་ཐོག་ཚད་ལྔ་ཙམ་ཡོད་པ་དེ་ཡིན། མཆོད་རྟེན་དེའི་བང་རིམ་དང་བོའི་ཐོག་ཕྱོགས་བཞིར་ལྷ་ཁང་གསུམ་རེ་དང་། བང་རིམ་གཉིས་པའི་ཐོག་ཕྱོགས་བཞིར་ལྷ་ཁང་རེ་བཅས་ཁྱོན་བསྡོམས་ལྷ་ཁང་བཅུ་དྲུག་ཡོད་པ་དེ་དག་གི་ནང་རྟེན་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། སྤྱན་རས་གཟིགས་ཕྱག་བཞི་པ། གཏུམ་སྟོན་བློ་གྲོས་གྲགས་བཅས་ཀྱི་སྐུ་བརྙན་བཞུགས་ཡོད་པ་བཅས་ཡིན་ཡང་དུས་རིམ་ཁག་དང་ལྷག་པར་དུ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ཤུལ་མེད་བཟོས། ད་ལྟ་ལྷ་ཁང་གཅིག་ཙམ་གསར་སྐྲུན་བྱས་ཡོད་པ་བཅས་སོ། །



སྡེ་འདིར་བཞུགས་པའི་ཁང་བརྩེགས་མཆོད་རྟེན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41591868
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1