རྭ་སྒྲེང་དགོན་པ་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »རྭ་སྒྲེང་དགོན་པ་ངོ་སྤྲོད་མདོར་བསྡུས།
རྭ་སྒྲེང་དགོན་པ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2013/12/21ལྟ་ཀློག (5594)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁོང་བཞུགས་ས་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཡོན་ཏན་གཞི་གྱུར་མ་ལྗགས་རྩོམ་གནང་ཡུལ་གྱི་ས་ཁྲི་ཡིན།

དབེན་གནས་ཡང་དགོན།

    ལྕགས་སྦྲུལ་༼སྤྱི་ལོ་༡༤༠༡ལོར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའ་དཔལ་གྱིས་ཕྱག་བཏབ། དེའི་ཕྱི་ལོར་གནས་འདིར་བྱང་ཆུབ་ལམ་རིམ་ཆེན་མོ་ལྗགས་རྩོམ་མཛད། འཆད་ཁྲིད་ཐོག་མའང་གནས་འདིའི་ཆོས་རའི་ནང་དུ་མཛད། ལྷ་ཁང་གི་རྒྱ་ཁྱོན་ལ་སྤྱི་ཁྲུ་ངོས་སྙོམས་གྲུ་བཞི་མ་༡༨༠དང་མཐོ་ཚད་རྒྱ་མཚོའི་ངོས་ས་སྤྱི་ཁྲུ་༤༣༠༠ཙམ་ཡོད། དེ་སྔོན་རྒྱལ་བ་སྔགས་རིམ་པས་རྗེའི་ཆོས་ཁྲིའི་སྟེང་དུ་བཞེངས་པའི་བྱམས་པའི་སྐུ་དང་། རྗེ་བཀྲ་ཤིས་རྡོ་ཁ་མ་སོགས་རྟེན་གསུམ་མང་དུ་མཆིས། རིག་གནས་གསར་བརྗེའི་སྐབས་འཐོར་ཞིག་སོང་རྗེས་རབ་རྒྱན་ཆུ་ལུག་ལོ་ནས་བཟུང་རྗེ་བཙུན་སངས་རྒྱས་མཁས་བཙུན་མཆོག་གིས་ཕྱི་ནང་གཉིས་ཀ་བསྐྱར་བཞེངས་དཔྱིས་ཕྱིན་པར་གནང་། ནང་རྟེན་དུ་འཇམ་མགོན་བླ་མས་ལམ་རིམ་ཆེན་མོ་རྩོམ་སའི་ཆོས་ཁྲིའི་སྟེང་དུ་བཞེངས་པའི་རྒྱལ་བ་བྱམས་པ་དང་།རྗེ་བླ་མ། རྗེ་བཙུན་འཇམ་དཔལ་དབྱངས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོདང་རྗེ་བཙུན་ཤེས་རབ་སེངྒེ་སོགས་ཀྱི་སྐུ་བརྙན་སོགས་རྟེན་གསུམ་བྱིན་ཅན་མང་དུ་བཞུགས།


རྭ་སྒྲེང་དགོན་པའི་ལོ་རྒྱུས་གནད་བསྡུས།

གྲུབ་མཐའ། བཀའ་གདམས་ཕྱིས་དགེ་ལུགས།

འདེབས་ལོ། བོད་རབ་བྱུང་དང་པོའི་མེ་བྱ་སྤྱི་ལོ་༡༠༥༧༼མེ་ཕོ་སྤྲེལ་ལོ་༡༠༥༦༽ཡིན།

འདེབས་མཁན། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན།

ཆགས་ཡུལ། ལྷ་ས་གྲོང་ཁྱེར་འཕན་པོ་ལྷུན་གྲུབ་རྫོང་། ཕོད་མདོ་ཆུས། ཐང་འགོ་ཤང་།

རྭ་སྒྲེང་དགོན་པའི་ལོ་རྒྱུས་མདོར་ཙམ་གླེང་བ།

     རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་མཁན་ཆེན་ཞི་བ་འཚོ་དང་གདུང་རྒྱུད་གཅིག་པའི་ཟ་ཧོར་རྒྱལ་བོ་དགེ་བ་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་གཉིས་ཀྱི་སྲས་འབྲིང་བོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡི་དངོས་སློབ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རྭ་སྒྲེང་དགོན་ཕྱག་བཏབ་ནས་ཇོ་བོ་ལུགས་ཀྱི་བཀའ་གདམས་ཆོས་རྒྱུད་དར་སྤེལ་མཛད། དེ་ནས་རྗེ་ཙོང་ཁ་བ་ཆེན་པོ་གནས་དེར་ཕེབས་ནས་ཆོས་སྐོར་མཛད་པ་བཀའ་གདམས་པ་དང་མཐུན་པར་གོ་ནས་མཁན་དངོས་སློབ་རིང་ལུགས་ཀྱང་དགེ་ལུགས་སུ་བསྒྱུར། 

     དགོན་གནས་དེ་བོད་ས་གནས་སྲིད་གཞུང་བཙུགས་པ་ནས་གཞུང་སྐྱོང་དགོན་པའི་ཁོངས་སུ་གཏོགས་ཀྱང་། དགོན་པར་མེ་སྐྱོན་བྱུང་དུས་བྱ་བཏང་རིན་ཆེན་བཟང་བོ་དང་འཇམ་དབྱངས་རིན་ཆེན་གྲགས་པ་གཉིས་ཀྱིས་ལྕགས་མོ་ཡོས་ཀྱི་དཔྱིད་ཟླ་འབྲིང་བོའི་ཚེས་གཅིག་ནས་འགོ་བཙུགས་ཏེ་གཙུག་ལག་ཁང་དང་རྟེན་གསུམ་བཅས་ཉམས་གསོ་རྒྱ་ཆེར་མཛད། ཕྱིས་སུ་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཡང་ཡང་ཕེབས་ཏེ་ཟླ་བ་རེ་གཉིས་དེར་བཞུགས་ཏེ་ལྷ་ཆོས་ཀྱི་སྒོ་ནས་བསྐྱངས། ཁྱད་པར་ལྕགས་སྟག་ལོ་སྟེ་སྤྱི་ལོ་༡༦༥༠ལོར་རྒྱལ་བ་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོས་རྒྱལ་བའི་བསྟན་པ་སྤྱི་དང་། ཁྱད་པར་བཀའ་གདམས་གསར་རྙིང་གཉིས་ཀའི་བསྟན་པའི་རྩ་ལག་ཏུ་དགོངས་ཏེ་རྗེས་སུ་བརྩེ་བ་བླ་ན་མེད་པས་གཙུག་ལག་ཁང་སོགས་ལ་ཉམས་གསོ་དཔག་ཏུ་མེད་པ་མཛད། དེ་རྗེས་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོས་སྤྱི་ལོ་༡༧༣༩ལོར་རྭ་སྒྲེང་དགོན་པ་དེ་ཁོང་རང་གི་ཡོངས་འཛིན་དགའ་ལྡན་ཁྲི་ཐོག་ང་བཞི་བ་ངག་དབང་མཆོག་ལྡན་གྱི་རེ་བ་ལྟར་སྒེར་འཛིན་དུ་གསོལ་རས་གནང་། ཁོང་སྐུ་འདས་རྗེས་ཁྲི་ཆེན་བསྟན་པ་རབ་རྒྱས་ལ་ཆིང་རྒྱལ་རབས་གོང་མ་ཅཱ་ཆིང་ཁྲི་ལོ་ཉི་ཤུ་བ་རབ་བྱུང་བཅུ་བཞི་བའི་ཤིང་ཕག་སྤྱི་ལོ་༡༨༦༥ལོར་གོང་མ་ཅཱ་ཆིང་གིས་སླར་ཡང་རྭ་སྒྲེང་དགོན་པ་དེ་རྭ་སྒྲེང་ཧོ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་ལ་སྒེར་འཛིན་དུ་གནང་བ་དེ་ནས་བཟུང་ཁྲི་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བརྩེ་བ་བླ་ན་མེད་པའི་སྒོ་ནས་བསྐྱངས་ཤིང་། འཇམ་མགོན་བླ་མ་ཆེན་པོ་ཙོང་ཁ་པས་གནས་དེ་ནས་ཡོན་ཏན་གཞི་གྱུར་མ་དང་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བརྩམས་པར་མཛད་པའི་བཞུགས་ཁྲི་དེང་མཇལ་དུ་ཡོད་དོ། །

    དགོན་གནས་དེར་ཨ་ཏི་ཤ་འཚོ་བཞུགས་སྐབས་བྲིས་པའི་འདྲ་ཐང་། ནག་ཚོ་ལོ་ཙཱ་བས་བརྩམས་པའི་ཇོ་བོའི་རྣམ་ཐར་བཀོད་པ་བརྒྱད་ཅུ་བ་བྲིས་པ། འདྲ་ཐང་དབུ་ཡོག་པ་དང་། ཇོ་བོ་རྗེའི་ཐུགས་དམ་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ༼ རིག་གནས་གསར་བརྗེའི་སྐབས་རྒྱ་ནག་ཏུ་དབོར་ཕྱིན་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བས་བཙལ་གཅོད་གནང་སྟེ་སླར་དགོན་པ་རང་དུ་སྤྱི་ལོ་༡༩༨༧ལོར་གདན་དྲངས།༽ དེ་བཞིན་སྔར་དགོན་པར་གྲྭ་ཁང་སྟོང་། རྟེན་ལུགས་མ་ཆེ་བ་ལྔ་བཅུ་སྐོར་དང་། ཞལ་ཐང་སུམ་སྟོང་དྲུག་བརྒྱ་ལྷག གསུང་རྟེན་པོ་ཏི་ས་ཡ་བཅུ་ལྷག གདུང་རྟེན་བདུན་བརྒྱ་དང་བདུན་ཅུ་དོན་ལྔ་སོགས་ཡོད་པ་རྭ་སྒྲེང་གི་ལོ་རརྒྱུས་ལས་གསུངས། སྤྱི་ལོ་༡༩༥༩གོང་གཞིས་དགོན་རྒྱུད་སྨད་དང་ཉེ་བར་སློབ་གཉེར་གྲྭ་རྒྱུན་ཀྱང་ཕལ་ཆེར་རྒྱུད་སྨད་ལ་ཕེབས། དགེ་འདུན་ཞལ་གྲངས་སུམ་བརྒྱ་སུམ་ཅུ་ལྷག་ཡོད་སྐད་རེད།

   དབེན་པའི་གནས་མཆོག་ཏུ་གྱུར་པ་འདི་ཉིད་ཕྱི་ཚུལ་ལ་བལྟས་ན་ཉམས་དགའ་བ་དང་གནས་དེར་ཕྱིན་པ་ཙམ་གྱིས་སྐྱེ་བོ་ཐམས་ཅད་ཡིད་རབ་ཏུ་དྭངས་བར་བྱེ་པའི་ཁྱད་འཕགས་ཡོན་ཏན་དང་ལྡན་ལ་དད་གུས་སྤྲོ་གསུམ་གྱི་སྒོ་ནས་གནས་མཇལ་ཞུ་བ་དང་། ཕྱག་མཆོད། སྐོར་སྦྱོང་སོགས་མཛད་ན་འདི་ཕྱི་ཀུན་ཏུ་དགེ་བ་རྒྱལ་བ་འབྲོམ་སྟོན་པའི་ཞལ་ལས། གནས་འདིར་གང་དང་གང་གིས་གུས་མཆོད་ནས། །གསོལ་བ་ཡུན་དུ་བཏབ་པ་དེ་ཉིད་ལ། །འཇིག་རྟེན་འཇིག་རྟེན་འདས་པའི་དངོས་གྲུབ་ཀུན། །དེ་ལ་མྱུར་བ་ཉིད་དུ་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་ཚད་དོན་དང་ལྡན་པར་འགྱུར་བ་ཡིན་ནོ། ། 

རྟེན་གྱི་གཙོ་བོ་འཇམ་དཔལ་རྡོ་རྗེ།

         ཁམས་གསུམ་བཟོ་བོས་འདུ་མ་བགྱིད་པར་མཐའ་འཁོབ་ཀྱི་སྐྱེ་བོ་འདུལ་བའི་གཉེན་པོར་རིགས་གསུམ་མགོན་པོས་ཐུགས་རྗེས་དཀྲོང་བསྐྱེད་ཀྱིས་བཞེངས་པ་ཡིན་ཞིང་། དེ་ནས་རིམ་པར་བདེ་བ་ཅན་སོགས་ཞིང་དུ་མར་བྱོན་ནས་རྒྱལ་བོ་ཟས་གཙང་དང་། རྒྱལ་བུ་དོན་གྲུབ་སོགས་ཀྱིས་ཐུགས་དམ་མཛད་ནས་ལིའི་རྒྱལ་བོའི་ཕྱག་ཏུ་འབྱོར་ཞིང་། དེ་ལས་འབྲོམ་གྱི་ཐབས་མཁས་ཀྱི་སྤྲུལ་བས་བླངས་ཏེ་ཇོ་བོ་ཆེན་པོར་ཕུལ། འབྲོམ་སྟོན་པ་ཇོ་བོ་རྗེ་ལ་ཐོག་མར་མཇལ་བའི་ཚེ། དཔལ་གསང་བ་འདུས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་རྡོ་རྗེ་འདིས་མཛད་ནས་འབྲོམ་སྟོན་པ་ལ་དབང་བསྐུལ་བའི་དུས་དཔལ་གསང་བ་འདུས་པའི་ལྷ་ཚོགས་ཞལ་གཟིགས་པའང་འདི་ལ་ཐིམ་ཞིང་། ཇོ་བོ་རྗེས་དགེ་བཤེས་སྟོན་པ་ལ་གནང་ངོ་། །གསུང་འབྱོན་པའི་རིམ་པ་ཡང་། ལིའི་རྒྱལ་བོ་ཤེས་རབ་གོ་ཆར་གར་ལོག་དམག་གིས་བསྐོར་བའི་ཚེ་འཇམ་དཔལ་རྡོ་རྗེ་འདི་ལ་གསོལ་བ་བཏབ་པས། ཞལ་འཛུམ་པ་དང་བཅས། རྒྱལ་བོ་མ་འཇིགས་རང་སེམས་ལྷོད། །ཡི་དམ་ལྷ་ལ་བློ་འཁེལ་ན། །དགྲ་ཡི་འཇིགས་པ་སྨོས་ཅི་དགོས། །འཁོར་བའི་གཡུལ་ངོ་བཟློག་པར་ངེས། །གར་ལོག་དམག་རྣམས་ཕམ་པར་འགྱུར། །ཞེས་གསུང་བྱོན་པ་སོགས་གཞན་ཡང་མང་། མ་ཟད་ལོ་རྒྱུས་ལྟར་ན་བོད་ཀྱི་རྟེན་གསུམ་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་ཡིན་པར་སྣང་། རྒྱལ་བ་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ་ཡང་ཇོ་བོ་འདིའི་སྐུ་མདུན་དུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ཟན་རིལ་བསྒྲིལ་ཏེ་ངོས་འཛིན་ཞུས་པ་ཞིག་ཡིན། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ནས་མ་འོངས་མངོན་གཟིགས་ཀྱིས་བདག་སྐྱོང་དག་པར་མཛད་དེ་དགོན་པ་བསྐྱར་བཞེངས་གནང་རྗེས་ཐུགས་བརྩེ་བ་ཆེན་པོས་གནང་བའོ། །

    གནས་འདི་ནི་སྔོན་རང་ཅག་གི་འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་སྐལ་ལྡན་གྱི་སློབ་མ་རྣམས་ལ་གསུངས་ཡུལ་ཡིན་ནོ། །

    རྭ་སྒྲེང་ཞེས་པའི་མཚན་འདི་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། རྭ་ནི་ཉོན་མོངས་རྡུལ་དང་བྲལ་བ་སྟེ། ། ཆོས་ཀྱི་སྒོ་མོ་ཡིན་པར་གསུངས། །ཉོན་མོངས་རྡུལ་བྲལ་ཆོས་ཀྱི་སྒོ། །སྲིད་རྩེའི་མཐར་ཐུག་སྒྲེང་བར་བྱེད། །ཅེས་གསུངས་པར་ལྟར་ཉོན་མོངས་བག་ཆགས་ཀྱི་རྒྱུ་དང་བྲལ་ཞིང་སངས་རྒྱས་ཀྱི་བསྟན་པ་སྲིད་པའི་རྩེ་མོར་སྒྲེང་བར་བྱེད་པས་མིང་འདིའང་དེ་ལྟར་ཆགས་པར་གྲགས་སོ། །

    སྤྱིར་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་བྱ་བ་གནས་ཆེན་བརྒྱ་རྩ་བརྒྱད་ཀྱི་འགོ་བ། གངས་ཅན་པ་ཀུན་གྱི་སྤྱི་ཆོས་ཆུ་མིག་བརྒྱ་རྩ་བརྒྱད་ཀྱི་འགོ་བ། བཀའ་གདམས་པ་ཀུན་གྱི་སྤྱི་མེས་གྲངས་མེད་རྒྱལ་བའི་ལུང་བསྟན་པའི་གནས་མཆོག་འདི་ཡི་སྙན་གྲགས་ཀྱི་བ་དན་ཕྱོགས་ཀུན་ཏུ་གཡོ་བ་དེའོ། །


༄༅།།རྭ་སྒྲེང་དགོན་པའི་གནས་བཤད་མཚམས་སྦྱོར་མདོར་བསྡུས།

རྭ་སྒྲེང་གཟིམ་འོག་སྤྲུལ་མིང་བསྟན་འཛིན་ཡེ་ཤེས།

     བོད་གངས་ཅན་གྱི་ལྗོངས་འདིར་སྙན་གྲགས་ཀྱི་བ་དན་དཀར་པོ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་པའི་བཀའ་གདམས་གསར་རྙིང་གི་མ་དགོན་རྭ་སྒྲེང་རྒྱལ་བའི་དབེན་གནས་ཞེས་པའི་གནས་མཆོག་འདི་ནི་རྒྱལ་ཁབ་རིམ་པའི་སྤྱི་གླིང་དང་། བོད་ཆོལ་ཁ་གསུམ་གྱི་ཡ་གྱལ་དབུས་གཙང་ཆོས་ཀྱི་ཆོལ་ཁའི་དབུ་རུ་བྱང་ཕྱོགས་ཀྱི་ཆར་གནས་ཤིང་།དེང་དུས་ལྟར་ན་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ལྷུན་གྲུབ་རྫོང་ཐང་མགོ་ཤང་ཁོངས་སུ་ཡོད།

     དགོན་གནས་འདི་ནི་ས་བབས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི༤༣༩༦དང་ལྷ་ས་གྲོང་ཁྱེར་ནས་བརྩིས་པའི་སྤྱི་ལེ་༡༦༦མཚམས་སུ་གནས་ཡོད། དེའི་བྱང་ངོས་ས་ཁད་ཅུང་མཐོ་ཞིང་སྤང་ཐང་ཡངས་པར་དཀར་ནག་ཕྱུགས་རིགས་ལ་བརྟེན་པའི་འབྲོག་སྡེ་ཆེན་པོ་དང་། དེའི་ཕྱོགས་གཞན་དུ་ཞིང་འབྲོག་གཉིས་ཀར་འབུངས་པའི་ས་མ་འབྲོག དགོན་དེའི་ས་དཔྱད་ཀྱང་ཕུ་ཤར་ལ་བསྟན་ཞིང་མདའ་ནུབ་ལ་བསྟན་པ། རྒྱབ་རི་མཐོ་ཞིང་རྔམ་ལ་མདུན་རི་ཞོལ་བ། མཐའ་སྐོར་གྱི་རི་བོ་རྣམས་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་བཟོ་བོ་མཁས་པས་སོར་མོའི་འདུ་བྱེད་ལས་བསྐྲུན་པ་ལྟ་བུ་ཤིན་ཏུ་དོད་པའི་གསོན་གཉམ་ཀྱིས་ཕྱུག་པ། མདུན་དུ་གཙང་ཆབ་སྔོན་མོ་གྱ་གྱུའི་གར་སྟབས་ཀྱི་བཞུར་བ། དགོན་དེའི་ཉེ་འཁོར་དུ་རིང་མཐར་མི་ལོ་ཆིག་སྟོང་ལྷག་ཙམ་དང་། ཐུང་མཐར་བརྒྱ་ཕྲག་གཉིས་གསུམ་སོགས་ལོ་ཚད་མ་ངེས་པའི་ཤུག་པ་ཁྲི་ཕྲག་ཉི་ཤུ་ཙམ་དང་། སེ་བ། སྤ་མ། བ་ལུ། གླང་མ་སོགས་ཤིང་རིགས་དུ་མས་གར་སྟབས་བསྒྱུར་བའི་གསེབ་ཏུ་ཁུ་བྱུག་དང་། མཇོལ་མོ། བྱ་རྒོད། པིང་ཀྱུར། ཕོ་རོག སྐྱ་ཀ་སོགས། གྲགས་དང་མ་གྲགས་པའི་བྱ་རིགས་དུ་མ་འཕུར་ལྡིང་གར་གྱིས་རོལ་བ། དབྱར་མི་ཆེ་དགུན་མི་ཆུང་བའི་ཆུ་མིག་ནེའུ་གསིང་དུ་མས་བརྒྱན་པ། ཤང་དྲིལ་དམར་སེར་སོགས་སྣ་ཚོགས་མེ་ཏོག་གིས་ཕྲ་ཚོམ་སྤ་བ། རྩ་ཆུ་འཛོམས་པས་དཀར་ནག་ཕྱུགས་རིགས་དུ་མ་གསོས་དལ་གྱིས་རྒྱུ་བ། ཇོ་བོ་རྗེ་སོགས་ཀྱིས་ལུང་བསྟན་ཅིང་རྭ་སྒྲེང་གི་མི་དབང་ཞང་འཕྲང་ཁ་བེར་ཆུང་གིས་གནས་གཞི་ཕུལ་ནས་དགོན་པ་འདེབས་དགོས་པར་གསོལ་བ་བཏབ་པ་བཞིན་བཀའ་གདམ་བསྟན་པའི་མེས་པོ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་རབ་བྱུང་དང་པོའི་མེ་སྤྲེལ་(སྤྱི་ལོ་༡༠༥༦)ལོར་རྣལ་འབྱོར་པ་རྣམ་བཞི་བཞུགས་གནས་དགོན་པ་གོང་དང་། དེའི་ཕྱི་ལོ་ནས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཐུགས་དམ་རྟེན་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་། གཡུལ་རྒྱལ་སྒྲོལ་མ། རྒྱ་དཔེ་རྣམས་ཀྱི་བཞུགས་གནས་དབུ་རྩེ་ཀ་གཉིས་མ་སོགས་རིམ་པར་བཞེངས། ཁུ་བྱུག་མཆོད་པ་སོགས་སངས་རྒྱས་ཀྱི་མཛད་ཆེན་བཞིའི་དུས་མཆོད་བཞི་ལེགས་པར་བཙུགས། སྐུ་མཆེད་གསུམ་སོགས་དམ་པའི་སྐྱེས་བུ་གྲངས་ལས་འདས་པ་གསོ་སྐྱོང་གནང་ནས་བཀའ་གདམས་བསྟན་པའི་འཕྲིན་ལས་ཆེས་ཆེར་རྒྱས་པར་མཛད། རྒྱལ་བ་འབྲོམ་སྟོན་པས་དབུ་རྩེ་བཞེངས་ནས་མི་རབས་ནས་མི་རབས་བརྒྱུད་འཛུགས་བསྐྲུན་རྒྱ་བསྐྱེད་དང་མངའ་ཐང་ཇེ་འཕེལ་གྱུར་སྟབས། ཀ་བ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་བཞི་ཙམ་གྱི་རྒྱ་ཁྱོན་ལྡན་པའི་སྟེང་དུ་ཐུག་དང་། གསེར་ཟངས་ཀྱི་རྒྱལ་མཚན་དང་། གན་ཇི་ར། རི་དྭགས་ཕོ་མོ་གསེར་གྱི་རྒྱ་ཕིབས་ཟུང་བཅས་ཀྱིས་མཛེས་པའི་ལྟེ་བའི་གཙུག་ལག་ཁང་དང་། དེའི་ཕྱོགས་བཞིར་རྒྱལ་བ་འབྲོམ་སྟོན་གྱི་གཟིམ་དཀྱིལ་དང་། བཤེས་གཉེན་སྟོན་པའི་གདུང་རྟེན་སོགས་བཞུགས་པའི་གསེར་འབུམ་པ། རྣལ་འབྱོར་རྣམ་བཞིའི་བཞུགས་གནས་རྒྱལ་བ་ཙོང་ཁ་པར་ལམ་རིམ་བླ་མ་རྣམས་ཀྱིས་ཞལ་གཟིགས་གནང་ཡུལ་དགོན་པ་གོང་། བྱ་བཏང་རིན་ཆེན་བཟང་པོས་གནས་བསྟན་བཅུ་དྲུག་དང་ལྷན་དུ་གསོ་སྦྱོང་གནང་ཡུལ་གནས་བཅུ་ལྷ་ཁང་བཅས་ཟུར་བཞིར་ལྷ་ཁང་བཞི། དགོན་པའི་ཐོད་དུ་རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོ་བརྩམས་ཡུལ་ཡང་དགོན་དང་། རྗེ་རེ་མདའ་བའི་སྒྲུབ་ཕུག་རྩེ་ལྷ་ཁང་། བཙན་གཉའ་གྲུབ་ཐོབ་ལྷ་ཁང་། རྗེ་བླ་མས་བདེ་མཆོག་སྒྲུབ་གནས་བསམ་གཏན་གླིང་བཅས་དབེན་ཞིང་ཉམས་དགའ་བའི་རི་ཁྲོད་དུ་མས་མཛེས་པར་བརྒྱན་པ། ལྟེ་བའི་གཙུག་ལག་ཁང་གི་གཡས་ཕྱོགས་སུ་རྭ་སྒྲེང་སྡེ་དགོན་བཅུ་གསུམ་གྱི་བདག་པོ་རྭ་སྒྲེང་རིན་པོ་ཆེ་སོགས་བླ་དཔོན་མི་དྲག་རྣམས་ཀྱི་བཞུགས་གནས་བླ་བྲང་ཐོག་རྩེགས་ལྔ་ལྡན་ཤིན་ཏུ་རྔམ་པ། དགོན་པའི་སྟེང་འོག་བར་གསུམ་དུ་བཀའ་འདམས་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་གདུང་བཞུགས་པའི་མཆོད་རྟེན་གྲངས་ལས་འདས་པ། དགོན་དེར་བོད་ཡུལ་གྱི་རྟེན་གསུམ་རྣམས་ཀྱི་ནང་ནས་ཆེས་སྔ་ཤོས་ཡིན་པའི་ཇོ་བོ་འཇམ་དཔལ་རྡོ་རྗེ་སོགས་བྲིས་འབུར་གྱི་སྐུ་རྟེན་བརྗོད་ལས་འདས་པ། འབུམ་ནག་ཆུའི་ཟིལ་བ་སོགས་པོ་ཏི་དུང་ཕྱུར་ལྷག་གི་གསུང་རྟེན། མཆོད་རྟེན་བཀྲ་ཤིས་དཔལ་འབར་སོགས་ཐུགས་རྟེན་བརྒྱ་ཕྲག་གཅིག་ཙམ་བཅས།

       མདོར་ན་སྡེ་འདིའི་གནས་ཀྱི་བཀོད་པ་དང་། རྟེན་གསུམ་གྱི་ཡོན་ཏན་རྣམས་ཇི་ཙམ་བརྗོད་ཀྱང་བརྗོད་མི་ཚར་བ་ལྟ་བུ་ཡོད། དེ་ལྟ་བུའི་གནས་ས་ཆེན་པོ་དེ་ཉིད་རྒྱལ་བ་འབྲོམ་གྱིས་ཕྱག་བཏབ་ནས་རིམ་པར་རྣལ་འབྱོར་བ་བྱང་ཆུབ་རིན་ཆེན་དང་། དགོན་པ་བ། པོ་ཏོ་བ། ཞང་འོད་འཇོ་བ་སོགས་བཀའ་གདམས་པའི་དགེ་བའི་བཤེས་གཉེན་དང་། ཁྲི་ཆེན་ངག་དབང་ཆོས་ལྡན་སོགས་རྭ་སྒྲེང་ཁྲི་ཆེན་སྐུ་རབས་རྣམས་ཀྱིས་ཆོས་སྲིད་གཉིས་ཀྱིས་སྒོ་ནས་ལེགས་པར་བསྐྱངས་པའོ།།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2013/12/2
རྩོམ་སྒྲིག་པ་ལགས། རྗེ་རིན་པོ་ཆེ་དགུང་ལོ་ཞེ་དྲུག་ཐོག་ཁོང་གིས་བྱང་ཆུབ་ལམ་རིམ་ཆེན་མོ་མཛད་ས་དེ་རེད་དམ། མར་མེ་ནས་གུས་ཕུལ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41584510
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1