དགེ་བའི་བཤེས་གཉེན་མཛོད་ཚང་བློ་བཟང་བརྩོན་འགྲུས་ཀྱི་གསུང་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »དགེ་བའི་བཤེས་གཉེན་མཛོད་ཚང་བློ་བཟང་བརྩོན་འགྲུས་ཀྱི་གསུང་བཤད།
དགེ་བའི་བཤེས་གཉེན་མཛོད་ཚང་བློ་བཟང་བརྩོན་འགྲུས་ཀྱི་གསུང་བཤད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/2/12ལྟ་ཀློག (16498)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བསྟན་འགྲོའི་དགེ་ལེགས་ཀྱི་གཞི་མ།

ཡི་གེ་བ།   བློ་བཟང་དབང་གྲགས།  རྔ་བ། 

       ༧  འོ་ལགས་སོ།  །སྤྱི་སྒེར་གྱི་བསྟན་འགྲོར་གཅིག་ཏུ་དགེ་ཞིང་ཤིས་པའི་ཕྱག་རྗེས་ཤིན་ཏུ་ཟབ་པའི་ཁྲི་ཟུར་མཆོག་སྤྲུལ་རིན་པོ་ཆེ།     ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གཙོས།    ཉིན་ཐོག་མཚན་བཞག་གི་སྒོ་ནས་བསྟན་འགྲོ་འབའ་ཞིག་ཐུགས་ལ་བརྣག་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། གཟུར་གནས་མཁས་དབང་རྣམ་པ།    གཞོན་སྐྱེས་སློབ་གཉེར་བ་རྣམ་པ།  དད་ལྡན་མང་ཚོགས་དང་བཅས་པ་ཁྱེད་རྣམས་ལ་འཚམས་འདྲི་ཞིག་གི་ཚུལ་དུ་ཐོག་མར།   ངས་རྔ་ཡུལ་ཀིརྟི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་གི་སུམ་སྟོང་འདུས་པ་རྒྱ་མཚོའི་ཚབ་བྱས་ཏེ་བཀྲ་ཤིས་བདེ་ལེགས་ཞུ།      

      ཕྲན་རང་ཉིད་ལ་མཚོན་ན།    རྒྱལ་སྲས་ཆེན་པོ་ཞི་བ་ལྷས།   སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད།   །སྡེབ་སྦྱོར་མཁས་པའང་བདག་ལ་ཡོད་མིན་ཏེ།   །ཞེས་གསུངས་པ་ལྟར་ཡིན་ནའང་།    སྔོན་གྱི་ལས་དབང་ཞིག་དང་།     ཁོང་རྣམ་པ་ཚོས་བོང་བ་གསེར་གཟིགས་ཀྱི་སྒོ་ནས་གནམ་གྲུ་ཚུན་ཆད་ཀྱིས་བསུ་བ་བྱས་ཏེ་དེ་རིང་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་འདི་ནས།      སེར་སྐྱ་ཁྲི་ཕྲག་མང་པོར་ནང་ཆོས་རིན་པོ་ཆེའི་གནད་དོན་ཞིག་ཞུ་རྒྱུ་བྱུང་བ་རང་ངོས་ནས་ཆེས་སྐལ་བ་བཟང་པོ་ཞིག་ཏུ་རྩི་བཞིན་ཡོད། དེས་ན་རང་གི་ལྟ་ཚུལ་ལམ་བསམ་ཚུལ་ཞིག་རྣམ་པ་ཚོས་མཁྱེན་སླ་བའི་ཆེད་ཡིག་སྐད་ཀྱི་ཐོག་ནས་ཞུ་ན།     

       རང་ཅག་ནང་པ་སངས་རྒྱས་པ་ཚོས་དགེ་འདུན་པའི་སྡེ་འདི་འཕེལ་ཐབས་ལ་འབད་པ་ཤིན་ཏུ་གལ་ཆེན་པོ་ཞིག་ཏུ་སྣང་གི་ཡོད།    རྒྱུ་མཚན་ནི།   ང་ཚོས་རྒྱུན་དུ་ཐམས་ཅད་ལ་བདེ་སྐྱིད་རྣལ་མ་ཞིག་འབྱུང་ན་ཞེས་ཟེར་གྱིན་ཡོད་པ་ལ།   དེ་འདྲའི་བདེ་སྐྱིད་འབྱུང་མིན་ནི།  བསྟན་པ་རིན་པོ་ཆེ་འདི་དར་མི་དར་ལ་རག་ལས་པ་རེད། ཡིན་ཏེ་བདེན་པ་པོའི་ལེའུར། འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི།  འདི་ལྟ་སྟེ།    ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར།  བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོར་འབབ་པ།  ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ།  ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན་ང་ལ་ཐེག་པ་ཐ་དད་པ་རྣམ་པར་འགོད་པ་མེད་དོ་ཞེས་དང་། དགེ་བཤེས་ཤ་ར་བའི་ཞལ་ནས། སེམས་ཅན་གྱི་ཕན་བདེ་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་པས་བསྟན་པ་ལ་ཅི་ཕན་བྱ་ཞེས་དང་།  

      རྗེ་བླ་མའི་བྱང་ཆུབ་ལམ་རིམ་ཆེན་མོར།  ༨༥སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའང་དམ་པའི་ཆོས་ཁོ་ན་ལ་རག་ལས་པའི་ཕྱིར་རོ་ཞེས་དང་།  ༨༦ སངས་རྒྱས་ཀྱིས་ཐོག་མར་ཐུགས་བསྐྱེད་པ་དང་བར་དུ་ཚོགས་བསགས་པ་དང་ཐ་མར་མངོན་པར་རྫོགས་པར་སངས་རྒྱས་པ་ཐམས་ཅད་སེམས་ཅན་ཁོ་ནའི་དོན་དུ་ཡིན་པས། ཆོས་གསུངས་པ་ཐམས་ཅད་ཀྱང་སེམས་ཅན་གྱི་དོན་ཁོ་ན་སྒྲུབ་པར་བྱེད་པའོ་ཞེས་དང་། ༡༣ ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱོན་ཕྱོགས་རེ་བ་ཟད་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ་ཞེས་དང་། སྐྱོན་སྣ་རེ་ཟད་པའམ་ཡོན་ཏན་སྣ་རེ་སྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་ཞེས་སོགས་གསུངས་པས་ལེགས་པར་གྲུབ་པ་ཡིན་ཏེ།སེམས་ཅན་གྱི་དོན་སྒྲུབ་པ་ལ་སངས་རྒྱས་ལས་ལྷག་པའི་མཁས་པ་ཤིག་ཡོད་པར་འདོད་ན་ནི་ངོ་ཚ་བའི་གནས་ཡིན་པས་སོ། །

      དེས་ན་བསྟན་པ་རིན་པོ་ཆེ་འདི་དར་མི་དར་ནི་དགེ་འདུན་པའི་སྡེ་ལ་རག་ལས་པ་ཡིན་ཞིང་།      མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་ནས་ཀྱང་།     སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་བྱ།   བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས།   དགེ་འདུན་གྱི་སྡེ་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་ཅི་མང་དུ་བྱ་ཞེས་དང་།  རྗེ་སྣེའུ་ཟུར་བའི་ཞལ་ནས།   དགེ་འདུན་དཀོན་མཆོག་མེད་ན་བསྟན་པ་མི་ཡུལ་ན་མི་གནས། དཀོན་མཆོག་གཞན་གཉིས་པོ་ཡང་མི་ཡོང་། དེ་མེད་ན་སེམས་ཅན་གྱི་ཕན་བདེ་ཡང་མི་ཡོང་ཞེས་དང་། དགེ་བཤེས་ཤ་ར་བའི་ཞལ་ནས།   བསྟན་པ་དགེ་འདུན་ལ་རག་ལས་པས་དགེ་འདུན་གང་ཟག་བཟང་པོ་ལ་རག་ལས།  གང་ཟག་བཟང་པོ་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་སྐྱོངས་ཞེས་སོགས་དང་། རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས། བསྟན་པ་ཡུན་དུ་གནས་མི་གནས་ནི་དགེ་འདུན་པའི་སྡེའི་འཕེལ་འགྲིབ་ལ་རག་ལས།   བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་རྒྱུན་སྲོལ་གོམས་གཤིས་དང་བཅས་པ་བརྟན་པོར་གནས་ཐུབ་པའི་ཚེ་སྲོག་ལྟ་བུ་ནི་དགེ་འདུན་པའི་འདུས་སྡེ་འདི་དག་ཡིན་པའི་རྒྱུ་མཚན་ཙམ་ལ་བསམས་ནའང་དགེ་འདུན་པའི་སྡེ་གནས་རྒྱུ་གལ་ཆེ།   ཞེས་གསུངས་པ་རྣམས་ཀྱི་དོན་ལ་ཞིབ་ཏུ་དཔྱད་ཤེས་ན་དེ་དེ་བཞིན་དུ་གྱུར་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། དེས་ན་དགོན་པ་དང་བསྟན་པ་འདི་གནས་དགོས་པའི་རྒྱུ་མཚན་གོ་སླ་བའི་ཆེད་ཚེ་འདིའི་དབང་དུ་བྱས་ནས་ཞུས་ན།ང་ཚོ་ཚང་མར་ཕྱི་དངོས་པོའི་བདེ་སྐྱིད་ཙམ་མ་ཡིན་པར་ནང་སེམས་ཀྱི་བདེ་སྐྱིད་དགོས་སམ་མི་དགོས།  དགོས་ན་ངེས་པར་དགོན་པ་དང་བསྟན་པ་འདི་གནས་དགོས་པ་ཞུས་ཟིན་ལྟར་ཡིན་པས།   རང་ཅག་སེར་སྐྱ་ཚང་མས་དགེ་འདུན་པའི་སྡེ་མིང་དོན་མཐུན་པ་ཞིག་འཕེལ་ཐབས་ལ་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱི་སྒོ་ནས་འབད་དགོས་པ་ནི་སོ་སོའི་ཕྲག་ཁར་བབ་པའི་ལས་འགན་ཟློག་ཏུ་མེད་པ་ཞིག་རེད།   དེས་ན་ཀུན་གཟིགས་པཎ་ཆེན་མཆོག་གིས།   གྲྭ་བ་མང་རྒྱུའི་ལག་ན་མེད་སྤུས་ཀ་གཙང་རྒྱུའི་ལག་ན་ཡོད་ཅེས་པའི་དགོངས་པ་རེ་ཟུང་གིས་ཕྱིན་ཅི་ལོག་ཏུ་བཀྲལ་ནས་གྲྭ་བ་མང་མི་དགོས།  མང་ན་སྐྱོན་ཆེ།  ཉུང་ཉུང་སྤུས་དག་ཅིག་དགོས་ཞེས་འུར་སྒྲོག་གིས་འཆལ་གཏམ་སྤེལ་ནས་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དགེ་འདུན་པའི་སྡེ་ཇེ་ཉུང་དུ་འགྲོ་བའི་ཐབས་ལ་འབད་པ་ལྟ་བུ་འདི་ཤིན་ཏུ་མི་ལེགས་ཤིང་མི་རུང་ལ།  གྲྭ་བའི་གྲངས་ཉུང་བ་ཙམ་གྱིས་སྤུས་དག་ཡོང་རྒྱུར་འདོད་པ་ནི་ནོར་འཁྲུལ་ཆེན་པོ་སྟེ། གྲངས་ཅི་ཙམ་ཉུང་ཡང་སྤུས་མ་དག་པ་ཡོང་བ་ཆོས་ཉིད་ཡིན་པ་དང་། དགོན་པ་ལ་ལའི་འདུ་ཁང་གྲྭ་བས་སྟོང་བཞིན་ཡོད་པ་ང་ཚོའི་མིག་གི་མདུན་ན་ཡོད་པའི་གཟུགས་བརྙན་གསོན་པོ་ཞིག་རེད། དེ་བས་དགེ་འདུན་པའི་སྡེ་སྤུས་དག་གང་ལ་གང་འཚམས་ཤིག་འོང་བ་ལ་ངེས་པར་དུ་འགྱུར་བ་གཏང་དགོས་པའི་རིགས་མདོར་ན་ལྔ་སྟེ།  

༼༡ སྔོན་གྱི་སྲོལ་རྒྱུན་ངན་པ་མ་དག་རྒྱུན་འབྱམས་སུ་ལུས་པ་ཁག་ཅིག              

 ༼༢   སྒོར་མོ་ལ་སྲེད་པ་ཆེ་དྲགས་པ་འགའ་ཤས་ཀྱི་བྱ་སྤྱོད་ཁག་ཅིག 

 ༼༣   ནང་ཆོས་ཀྱི་གནད་དོན་ཆེ་ས་དང་ཟབ་ས་ནས་གོ་ཐུབ་མེད་ཀྱང་སྤྱི་སེམས་ཆེ་མདོག་གི་ནོར་འཁྲུལ།  

༼༤ སྐོར་ཞིག་གིས་སློབ་གཉེར་གང་བྱས་ཚེ་འདིའི་ལག་ཆ་ཙམ་ཏུ་བཟུང་དང་འཛིན་བཞིན་ཡོད་པ། 

 ༼༥ བྱིས་པ་ཚོ་གྲྭ་བར་བཟོ་ཚུལ་དང་བཟོས་ནས་སྐྱོང་ཚུལ་ཐད་ཀྱི་ནོར་འཁྲུལ་ཏེ་ང་ཚོ་ནང་ཚགས་རང་གི་ཐོག་ནས་གསལ་བོར་ཞུས་ན། 

       དང་པོ།   སྔོན་གྱི་སྲོལ་རྒྱུན་ངན་པ་ཁག་ཅིག་མ་དག་རྒྱུན་འབྱམས་སུ་ལུས་པ་སྟེ།  དཔེར་ན། རང་རེའི་བོད་འདིར་གནའ་སྔ་མོ་ནས་ད་ལྟའི་བར་དུ་མི་དྲག་གྲས་དང་སྟོབས་འབྱོར་ཆེན་པོ་ཅན་འགའ་ཤས་ཁྱིམ་པ་ཡིན་ནའང་དགེ་འདུན་པའི་གོང་དུ་འདུག་པ་དང་།  གྲྭ་བ་ཁྱིམ་པའི་གཡོག་ཏུ་བཀོལ་སྲོལ་དར་བ།    གྲྭ་བའི་གྲངས་ཙམ་མང་ཆེད་སྡོམ་པ་ཡོད་མེད་ཅི་རིགས་མཉམ་ཚོགས་བྱེད་པ།   བླ་ལོག་དང་གྲྭ་ལོག་ལ་ལས་གྲྭ་ཆས་གྱོན་ནས་དགེ་འདུན་པའི་གྲལ་མགོར་རང་ངོས་ནས་འཚང་སྟེ་འདུག་པའམ་འདུག་ཏུ་འཇུག་པ།     གྲྭ་བ་ལ་ལས་རྐུ་བྱས་ནས་མ་བྱིན་ལེན་གྱི་ཕམ་པ་བྱུང་ཡོད་ཀྱང་ལས་སྣེ་བསམ་མེད་ལ་ལས་མི་འདི་ཚོ་ལག་པ་མི་གཙང་ཞེས་སྣང་ཆུང་གིས་གྲྭ་ཚང་ནང་ལ་འདུག་ཏུ་འཇུག་པ།   ལ་ལས་ཁྱིམ་ཚང་གི་དབང་ཆ་འཛིན་ཅིང་ཕོ་མོ་གཉེན་སྒྲིག་གི་བཀོད་ཁྱབ་འདོན་པ།  ལ་ལས་རྐང་སྣམ་སོགས་སྐྱ་ཆས་སྣ་ཚོགས་གྱོན་བཞིན་མི་ཟ་མི་འཐུང་མེད་པ་ལྟ་བུའི་སྒོ་ནས་ཁྱིམ་པའི་ཟས་སྤྱོད་དང་དུ་ལེན་པ། ལ་ལས་མི་འཁྲུག་སྡེ་འཁྲུག་སོགས་དཀྲུགས་ཤིང་སྣ་ཚོགས་པའི་མགོ་འདྲེན་བྱེད་ཀྱིན་རང་ཅག་ཁ་བ་ཅན་ལ་ཞབས་འདྲེན་ཞུ་བཞིན་ཡོད་པ་དེ་ཚོའི་རིགས་ཀྱང་།     རྨོངས་ཆེ་བའི་སེར་སྐྱ་འགའ་ཞིག་གིས་འཇོན་ཐང་ཅན་དུ་བརྩི་བ།   ལ་ལས་སྒོར་མོ་ཞིག་རིག་ཚེ་ལྷ་མཐོང་འདྲེ་མཐོང་གིས་ཞབས་འདྲེན་ཇི་ལྟར་ཞུས་ཀྱང་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་བྱུང་བར་མི་ཤེས་པར་མངོན་ཤེས་ཅན་དང་རྟོགས་མཐོན་དུ་བརྩི་བ།    ལ་ལ་རང་འདུག་ས་ནས་ཀྱང་སྡོད་མི་ཚུགས་པར་སྣང་བ་གང་དྲན་གྱིས་ག་ས་གང་དུ་འཁྱམ་བཞིན་རྒྱ་ལ་ཐུག་ཚེ་རྒྱ་ལྟ་བོད་ལ་ཐུག་ཚེ་བོད་ལྟར་བྱེད་པ་ལས་རང་ལུགས་གང་ཡང་མེད་ཅིང་འདུལ་ཁྲིམས་ཟེར་བའི་བསམ་བློ་གཏོང་ས་ཞིག་ཀྱང་མེད་པར་རྟགས་ཙམ་གྱིས་གྲྭ་བར་རློམ་པ་ཚོ་ཡང་ཞབས་འདྲེན་དུ་མི་སེམས་པར་མཐོང་རྒྱ་ཅན་དང་བྱང་མ་ཞིག་ཏུ་བརྩི་བ་སོགས་ལ་འགྱུར་བ་རེ་གཏོང་མ་ཐུབ་ཚེ།  དགེ་འདུན་པའི་སྡེ་སྤུས་དག་ཅིག་འཕེལ་རྒྱུ་དཀའ་བའི་གནས་རེད། དེའི་རྒྱུ་མཚན་གྱིས། ཀུན་གཟིགས་པཎ་ཆེན་མཆོག་གིས་དེ་ལྟ་བུའི་ཀུན་སྤྱོད་འཆལ་བའི་གྲྭ་བའི་གཟུགས་བརྙན་ཅན་མང་བ་ལ་དགོས་པ་མེད་པས་གཙང་སེལ་བྱེད་དགོས་ཞེས་གདམས་པ་རེད་མ་གཏོགས། ཉམ་ཆུང་ཚུལ་མཐུན་གྱི་གྲྭ་བ་མང་མི་དགོས་ཞེས་བཤད་པ་ག་ལ་ཡིན་ཏེ།   གནའ་དེང་གི་སྐྱེས་བུ་དམ་པ་རྣམས་ཀྱིས།  དགེ་འདུན་སྡེ་རྣམས་ཡར་ངོའི་ཟླ་ལྟར་འཕེལ། །ཀུན་ཀྱང་མང་ཐོས་ཚུལ་བཞིན་སྒྲུབ་ལ་བརྩོན། །ཞེས་སོགས་ཀྱིས་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ལེགས་པའི་གྲྭ་ཚོགས་འཕེལ་བའི་ཐུགས་སྨོན་གནང་དང་གནང་བཞིན་ཡོད་པ་རང་ཅག་གི་མཐོང་ཐོས་ཀྱི་ཡུལ་དུ་གྱུར་འདུག་པ་འདི་རེད།  

      ད་དུང་དཔེ་ཞིག་བཞག་ནས་ཤོད་ན།  ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཆུ་གནས་ཆེན་པོ་སོགས་ཀྱང་རྒྱ་མཚོ་ཆེན་པོ་ལྟ་བུའི་ཆུ་ཆེན་ཁག་ནས་ཐོན་པ་རེད་མ་གཏོགས་ཆུ་ཕྲན་ཆུང་ཆུང་རྣམས་དེ་དག་གི་འབྱུང་གནས་སུ་མ་གྱུར་པ་ལྟར།  མཁས་པ་ཆེན་པོ་དང་ཐ་ན་ཆབ་སྲིད་པ་དང་ཤེས་ཡོན་པར་གྲགས་པ་སོགས་ཀྱང་གྲྭ་ཚོགས་མང་ས་དང་མི་ཚོགས་ཆེ་ས་ནས་ཐོན་ཡོང་གི་ཡོད་པ་ལས་གྲྭ་ཚོགས་ཉུང་ས་དང་མི་ཚོགས་ཆུང་ས་ནས་ཐོན་ཐུབ་ཀྱི་མེད་པ་མངོན་གསལ་འདི་རེད། དེས་ན་གྲྭ་བ་མང་ཆེ་དྲགས་ཞེས་དགེ་འདུན་པའི་སྡེ་སྤྱི་ལ་དམའ་འབེབས་བྱེད་པ་འདི།   བོད་སྤྱིའི་ད་ལྟའི་གནས་བབ་སོགས་གང་ལ་བལྟས་ཀྱང་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ཡིན་པ་ངོས་ཟིན་པའི་སྒོ་ནས་དེ་ཚོའི་ཟེར་རྗེས་སུ་འབྲང་མི་རུང་། ལ་ལས་བོད་སྤྱི་བའི་བསམ་བློ་པར་བརླམས་ནས་གྲྭ་བ་མང་དྲགས་ན་བོད་མི་རིགས་གྲངས་ཉུང་འདི་གྲངས་ཉུང་ཡིན་ནིའི་ཁར་ཡིན་ནིར་འགྱུར་ཟེར་བ་ནི།  འཇིག་རྟེན་པའི་ཁ་དཔེར།   ཁ་རོ་ལ་འཁོར་ནས་ཆོ་ངེ་མི་འདོན་པར་གྱང་ལ་འཁོར་ནས་བཏོན་ཞེས་པ་ལྟར་ནོར་འཁྲུལ་ཆེན་པོ་སྟེ།  དེང་སང་བོད་ན་གྲྭ་བ་ཆེས་མང་ཟེར་བའི་སྐབས་ཡིན་ནའང།   བོད་ཀྱི་ཁྱིམ་ཚང་རྣམས་བརྒྱ་ཆར་གཤར་ན་ཁྱིམ་ན་གྲྭ་བ་རེ་ཡོད་སའི་ཁྱིམ་ཚང་བརྒྱ་ཆའི་བཅུ་ཙམ་ཡང་མེད།  ད་ནི་དུས་དང་མིའི་གནས་བབ་སོགས་གང་ལ་བསམས་ཀྱང་གྲྭ་བ་ཇེ་མང་ལ་འགྲོ་རྒྱུ་ནི།   སྐྱེས་ཆེན་དམ་པ་ཚོས་ཐུགས་སྨོན་གནང་ཚུལ་གྱིས་དམིགས་བསལ་རེ་ཡོད་ན་མ་གཏོགས་སྲིད་མཐའ་ཙམ་ཞིག་རེད།     དེས་ན་རི་བོང་གནམ་རྡིབ་ཀྱི་སེམས་ཁུལ་ལྟ་བུར་བྱེད་པ་ལས། གངས་ཅན་པའི་བཟའ་མི་རེར་ཕྲུག་གུ་གཉིས་ཙམ་ལས་སྐྱེ་མི་ཆོག་པའི་ཁྲིམས་ཤིག་ཡོད་ཟེར་པ་ལ་ཁག་བཞག་ནས་ཕ་མ་ཚོ་རང་གི་བུ་རྒྱུད་གསོད་པ་ལ་གོམས་པ་ཆེ་རུ་འགྲོ་བཞིན་ཡོད་པ་འདི་ལ་བསམ་བློ་རེ་གཏོང་མི་རན་ནམ་ཞེས་དྲན་གསོ་བྱས་པ་ཡིན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། སྡུག་བསྔལ་བདེ་བར་འཛིན་པའི་ལོག་ཤེས་ཅན། །ཕྱིན་ཅི་ལོག་གི་རྟོག་པས་བསྒྲིབས་པ་ཞེས་གསུངས་པ་ལྟར། བླ་གྲྭའི་གཟུགས་བརྙན་ཅན་འགའ་ཤས་ཀྱིས་ཆོས་མེད་རིང་ལུགས་པའི་ལྟ་སྤྱོད་ལྟར།  ཟ་ཉལ་འགྲོ་འདུག་གི་བདེ་བ་ལྟར་སྣང་དུ་མ་ཡང་དག་ཏུ་འཁྲུལ་ཞིང་།   རང་ཉིད་གསར་བརྗེ་བ་དང་སྔོན་ཐོན་པར་བརླམས་ནས་འཆལ་གཏམ་སྣ་ཚོགས་ཤོད་མཁན་ཚོ་ནི་སྦལ་བ་རྨ་ཅན་ལྟ་བུ་ལས།  བསྟོད་པ་དང་རྒྱབ་སྐྱོར་བྱེད་རིན་ཡོད་ས་ཞིག་མ་རེད། སྔོན་དུས་སུའང་མ་བག་མར་ལེན་པའི་བསྟན་བཅོས་སོགས་སྙན་སྙན་འདྲ་འདྲ་བསྒྲིགས་པའི་ཡིག་འཆལ་སྣ་ཚོགས་ཡོད་ཀྱང་། དེ་དུས་ལྟ་བ་ངན་པའི་ཀླད་སྐྱོན་མ་ཞུགས་ཤིང་མི་ཚོ་བསོད་ནམས་ཆེ་བ་དང་བླང་དོར་རང་སྟོབས་ཀྱིས་འབྱེད་པའི་རྣམ་དཔྱོད་དང་ལྡན་པའི་ཐུགས་རྗེས། འཆལ་སྤྱོད་དེ་དག་གིས་ཁོར་ཡུག་གཙང་མ་རྣམས་བརླགས་མ་ཐུབ་པའི་ངང་ཚུལ་ཡིད་ལ་བཟུང་བའི་སྒོ་ནས། སེར་སྐྱ་མཉམ་རུབ་ཀྱིས་དགེ་འདུན་པའི་སྡེ་གཙང་མ་དར་རྒྱས་ཡོང་བ་ལ་འབད་པ་གནང་རོགས།    

       གཉིས་པ།  སྒོར་མོ་ལ་སྲེད་པ་ཆེ་དྲགས་པ་འགའ་ཤས་ཀྱི་བྱ་སྤྱོད་དེ།  དཔེར་ན།  ལ་ལ་སྒོར་མོ་ལ་དགའ་ཆེ་དྲགས་ཏེ་རང་གི་གྲྭ་ཚང་ནང་ནས་ཀྱང་ལྷོད་ལྷོད་བྱས་ནས་བཞུགས་མི་བཟོད་པར། མི་སྣེར་མི་མཐུད་ཤིང་སྣེར་ལྕགས་མཐུད་ཅེས་པའི་དཔེ་ལྟར་ཐབས་སྣ་ཚོགས་ཤིག་གི་སྒོ་ནས་གྲོང་ནང་ཚུན་ཆད་དུ་ཉུལ་ཏེ། ནང་ཆོས་ངོ་སྤྲོད་དམ་ཆོས་བཤད་དང་དབང་བསྐུར་ཟེར་བའི་མིང་སྙན་པོ་ཞིག་ལ་བེད་སྤྱོད་བྱས་ནས་ཆོས་སྤོང་གི་ལས་གསོག་བཞིན།  ཁ་ནས་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ཟེར་བའི་གླུ་དབྱངས་ཤིག་ཀྱང་ལེན།   ལྐོག་ནས་མིག་ཟུར་གྱིས་སྒོར་མོ་ལ་ཧྲིག་ཧྲིག་ལྟ་ཞིང་ལག་པས་རུམ་ནང་དུ་བསྡུ་གང་ཐུབ་བྱེད་པ་སོགས་ཁ་དོན་མི་མཐུན་པའི་སྤྱོད་ངན་གྱིས་གནའ་མི་ཚོའི་རྒྱུད་ཀྱི་དད་པ་ཡང་འཕྲོ་བརླག་ཏུ་གཏོང་བཞིན་ཡོད་པར་མ་ཟད།  ལ་ལ་རྒྱ་ཁོག་གང་ཆེ་སར་ཉུལ་ནས་ཆོས་བཤད་མི་ཤེས་ཀྱང་ཤེས་ཁུལ། དབང་བསྐུར་མི་ཤེས་ཀྱང་བསྐུར་ཁུལ། གྲུབ་རྟགས་སྟོན་རྒྱུ་མེད་ཀྱང་ཡོད་ཁུལ་སོགས་གཡོ་སྒྱུ་སྣ་ཚོགས་པ་དང། རྙེད་པས་རྙེད་པ་འཚོལ་བ་ལ་སོགས་པའི་ལོག་འཚོ་ཟུང་དུ་འབྲེལ་ནས་བསྟན་པ་བསྟན་འཛིན་དགེ་འདུན་གྱི་སྡེ་དང་བཅས་པའི་ཞབས་འདྲེན་བྱེད་ཅིང་།  དེ་ཚོ་ཡང་བོད་ནང་དུ་ཐོན་ཚེ་ཕལ་ཆེ་བས་ལྟ་ཚུལ་ངན་པ་འཛིན་རྒྱུ་ཕར་ཞོག      སྒོར་མོའི་གཟི་བརྗིད་མ་བཟོད་ནས་རྩ་བའི་བླ་མ་ཕེབས་བཞག་པ་ལྟ་བུའི་གུས་བཀུར་བྱེད་པ་དང་། དེར་མ་ཟད་ཁྱིམ་པ་སྟོབས་འབྱོར་ཅན་ཚོ་ཡང་ཁྲི་ཁར་བཞག་ནས་མཇལ་ཁ་ལེན་ལ་ལྟ་བུར་བྱེད་ཀྱིན་ཡོད་པ་དང་། ལ་ལ་སྒོར་མོ་ལ་ཇི་ལྟར་དགའ་ཡང་རྙེད་ཐབས་དང་བྲལ་བ་ན་གཞན་སྐྱེས་ཆེན་དམ་པ་ཕྱོགས་ཀུན་ནས་མཐུན་རྐྱེན་འཛོམས་ས་ཚོའི་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་སྲེད་པ་དང་བརྣབ་སེམས་དང་ཕྲག་དོག་ཅི་རིགས་པས་བརྙས་སྨོད་སྣ་ཚོགས་བྱེད་མཁན་འདི་ཚོར་འགྱུར་བ་རེ་གཏོང་མ་ཐུབ་ཚེ།  རང་གཞན་ཀུན་གྱི་བསོད་ནམས་མྱུར་དུ་ཟད་ནས་འདི་ཕྱི་གཉིས་འཕུང་གི་ལས་ངན་མང་པོ་བསག་འོང་བར་མ་ཟད། གཞོན་སྐྱེས་སློབ་གཉེར་པ་མང་པོ་ཞིག་གིས་ཀྱང་ང་ཚོས་དཀའ་ལས་འདི་ལྟར་བརྒྱབས་པ་ལ་དགོས་པ་མི་འདུག   དེ་བས་ཁོང་ཚོ་ལྟར་བྱ་བ་བྱེད་ཐུབ་ན་སྐྱིད་སྙམ་ནས་ཀུན་སློང་ཕྱིན་ཅི་ལོག་ཏུ་གྱུར་ཏེ་སྙིང་བོ་མེད་ཅིང་ཞབས་འདྲེན་གྱི་བྱ་བ་ཁྲ་ཁྲ་ཟང་ཟང་ལ་མགོ་འཁོར་ནས་གྲྭ་བ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་ཉེན་ཤིན་ཏུ་ཆེ་ལ།  རོང་ཆེན་བསྟན་པའི་སྒྲོན་མེ་སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པས་ཀྱང་།   མྱོས་ཆུ་དང་སྒོ་ཀུན་ནས་མཚུངས་པའི་བདུད་ཀྱི་གཡབ་མོའི་འདོད་ཡོན་ལ་མགོ་འཁོར་ནས་ཁང་པའི་ལེགས་ཉེས་དང་འཛིན་ཆས་རིན་ཐང་ཆེ་ཆུང་། འགྲུལ་བའི་མང་ཉུང་དང་གསེར་སྐུ་སོགས་མཛེས་ཆོས་ཁོ་ནར་ངོམ་ནས་བཤམས་བསྒྲིགས་འགྲན་བསྡུར་བྱེད་པ།  བརྣབ་སེམས་ཀྱིས་ཚོང་ལས་མི་འོས་པ་སྣ་ཚོགས་བྱེད་ཅིང་བླ་རྫུན་བྱས་ཏེ་མི་མགོ་སྐོར་བ།  མདོ་སྡེ་ནས་བྱུང་བའི་ཆོ་ག་བཞིན་མི་མཛད་པར་རང་སྣང་གང་དྲན་གྱིས་གྲོང་ཆོག་བྱེད་པ། སྐྱེ་བ་ཕྱི་མར་གར་སྐྱེ་དང་གར་འགྲོ་མི་ཤེས་པར་ལྷ་མཐོང་འདྲེ་མཐོང་བཤད་པ་སོགས་སྒོ་སྣ་ཚོགས་ནས་འདོད་ཡོན་རྒྱ་བསྐྱེད་བྱེད་མཁན་འདི་ཚོ་ཆོས་འབག་གྱོན་མཁན་དང་།   སྦལ་པ་རྨ་ཅན་ལྟ་བུ་ཡིན་ཞིང་ཆོས་སྡེ་ཆེན་པོ་རྣམས་ཉམས་བྱེད་ཀྱི་རྒྱུའི་གཙོ་བོའང་ཡིན་པས།   འདོད་ཡོན་ཅན་གྱི་གྲྭ་བ་སླད་ཆད་མི་འོང་བའི་ཐབས་ལ་འབད་ན་ལེགས།  འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་རྗེ་ཙོང་ཁ་པ་ཆེན་པོས་ལྷུང་བཟེད་ཁ་སྦུབས་ནས་འདོད་ཡོན་ལ་མནན་པ་མཛད་པའི་རྣམ་ཐར་ཀྱང་ཡོད། འོན་ཀྱང་སྤྱི་དོན་དང་གཞུང་དོན་ཡིན་ཚེ་དཔལ་འབྱོར་གྱིས་མགུ་ཁ་གང་རྒྱུ་མེད་པ་ལྟ་བུ་དང་།   དེ་ཡང་ཚོགས་ངན་མི་གསོག་པའི་སྒོ་ནས་བསྒྲུབ་ཤེས་པ་ཞིག་དགོས་ཞེས་གསུངས་ཡོད།    ད་དུང་སེངྒེ་ཕྱི་རོལ་གྱི་དགྲས་གཞོམ་དུ་མེད་ནའང་རང་གི་ཁོག་པར་ཞུགས་པའི་འབུས་འཇོམས་པ་ལྟར། ནང་ཆོས་འདི་ཕྱི་རོལ་ཀྱི་དགྲས་གཞོམ་མི་ཐུབ་ཀྱང་སྟོན་པ་རང་གི་རྗེས་འཇུག་ཏུ་རློམ་མཁན་གྱི་སེར་སྐྱ་བསམ་མེད་ཚོས་འཇོམས་པར་བྱེད་པ་དང་།       སྙིགས་དུས་སུ་བདུད་སྡིག་ཏོ་ཅན་རྣམས།    ཕྱིར་མི་ལྡོག་པའི་རྟགས་མ་ཐོབ་པའི་བྱང་སེམས་ཚུན་ཆད་ཀྱི་རྒྱུད་ལ་ཞུགས་ནས།    ཆོས་ཡང་དག་པ་འདི་ཚོ་ཆོས་མ་ཡིན་པར་བཤད་དེ་སྐྱེ་བོ་མང་པོ་ལོག་ལམ་དུ་ཁྲིད་ནས་བསྟན་པ་འཇིག་པར་བྱེད་པ་ས་དགེ་རྙིང་གསུམ་གྱི་མཁས་གྲུབ་མང་པོས་ལུང་བསྟན་ཡོད་པར་མ་ཟད།    སྟོན་པ་ཐུགས་རྗེ་ཅན་རང་གི་བཀའ་འགྱུར་ནང་ནའང་གསལ་པོར་གསུངས་ཡོད་པས་ཐམས་ཅད་ཀྱིས་གཟབ་གཟབ་གནང་རྒྱུ་ནི་གལ་ཆེན་པོའི་ནང་གི་ཆེན་པོ་རེད།

      གསུམ་པ།ནང་ཆོས་ཀྱི་གནད་དོན་ཆེ་ས་དང་ཟབ་ས་ནས་གོ་ཐུབ་མེད་ཀྱང་སྤྱི་སེམས་ཆེ་མདོག་གི་ནོར་འཁྲུལ་ཏེ།     དཔེར་ན། དུས་རབས་ཉེར་གཅིག་པའི་དཀྱོགས་མཚམས་འདིར་མི་རབས་གསར་བ་རྣམས་ཀྱིས་སྤྱི་ཚོགས་རྙིང་པའི་ནང་གི་ཡོན་ཏན་གྱི་ཆ་གང་ཡོད་རྣམས་ལེན་མ་ཤེས།  སྐྱོན་གང་ཡོད་ཆེད་དུ་གཉེར་ནས་སྤེལ་བ་ལྟ་བུའི་ལམ་སྲོལ་ངན་པའི་ཤན་ཞུགས་དང་འཇུག་བཞིན་ཡོད་པའི་ཁར།  ཆོས་ཕྱོགས་ཀྱི་ཡོན་ཏན་གཏིང་ཟབ་མེད་པའི་ཨ་གསར་ཅན་སྐོར་ཞིག་གིས་ཤེས་རྒྱ་དང་དཔྱོད་རྒྱ་ཆེ་མདོག་གིས།   མང་ཚོགས་ཀྱི་ཁྲོད་ལ་བུ་རྒྱུད་ཚོ་གྲྭ་བར་བྱེད་རྒྱུ་ལས་སློབ་གྲྭར་མངགས་ན་བཟང་ཞེས་རྒྱུ་མཚན་ལྟར་སྣང་དུ་མ་བཀོད་དང་འགོད་བཞིན་ཡོད་པ་འདི་བསྟན་འགྲོའི་གཤེད་དུ་གྱུར་ནས། ཁྱིམ་པ་ལ་ལས་ང་ཚོའི་ཕྲུག་གུ་གྲྭ་བར་བྱས་པ་ནོར་འདུག་སྙམ་སྟེ་འགྱོད་པ་སྐྱེད་མཁན་ཡོང་གི་ཡོད་པ་ནི་ཤིན་ཏུ་མི་རུང་བའི་ནོར་འཁྲུལ་ཆེན་པོ་ཞིག་རེད།  རྒྱུ་མཚན་ནི། ཆོས་ཤེས་ཀྱང་རུང་འདྲ་མ་ཤེས་ཀྱང་རུང་འདྲ།   རབ་ཏུ་བྱུང་བ་ཕར་ཞོག་རབ་ཏུ་འབྱུང་འདོད་ཀྱིས་དགོན་པའི་ཕྱོགས་སུ་གོམ་པ་གཅིག་སྤོས་པ་ཙམ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི།  དམ་པའི་ཆོས་འདུལ་བའི་མདོར།   ཁྱིམ་པ་དང་རབ་ཏུ་བྱུང་བ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ།  དུས་བསྐལ་བའི་བར་དུ་རང་གི་བུ་དང་ཆུང་མ་ལ་སོགས་པ་སྦྱིན་པར་བཏང་བའི་བསོད་ནམས་ལས་རབ་ཏུ་བྱུང་བར་འདོད་པའི་བསམ་པ་རྣམ་པར་དག་པས་དགོན་པར་གོམ་པ་གཅིག་བོར་བ་བསོད་ནམས་ཆེ་ཞེས་སོགས་མཐའ་ཡས་པར་གསུངས་ལ།   ད་དུང་ཕན་ཡོན་རྒྱ་ཆེ་ཞིང་གཏིང་ཟབ་པ་བཀའ་འགྱུར་དང་བསྟན་འགྱུར་སོགས་ན་མཐའ་ཡས་ཀྱང་དེ་རིང་ཁོམ་ལོང་མེད་པས་རྣམ་པ་ཚོས་གཟིགས་རོགས།    ཚེ་འདིའི་ཁེ་ཕན་གྱི་དབང་དུ་བྱས་ནའང་གྲྭ་བ་བྱས་པ་ལ་དགོས་པ་བསམ་གྱིས་མི་ཁྱབ་པ་ཡོད་དེ། གྲྭ་བ་བྱས་པ་ནས་བཟུང་དགེ་རྒན་མཚན་ཉིད་དང་ལྡན་པ་ཞིག་བསྟེན་ནས་རང་གང་དུ་ཞུགས་སའི་གྲྭ་ཚང་དེའི་སྒྲིག་ལམ་ཚུལ་བཞིན་བསྲུངས་ནས་བསྡད་ན།  ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གྱོན་རྒྱུ་སྟེ་ཁ་དོན་རྒྱབ་ཆེད་གང་ལ་ཡང་དཀའ་ལས་རྒྱག་མི་དགོས་པར་འབད་མེད་ལྷུན་གྲུབ་ལྟ་བུ་ཡིན་པར་མ་ཟད་ཚེ་ཕྱི་མའི་དོན་ཡང་ངམ་ངམ་ཤུགས་ཀྱིས་འགྲུབ་འོང་གི་ཡོད་པ་རེད། དེའི་སྟེང་མང་ཐོས་ལ་བརྩོན་ན་དཀོར་སྒྲིབ་དང་བུ་ལོན་ཡང་མི་འབྱུང་བར་མ་ཟད།   དད་རྫས་ལ་ལོངས་སྤྱོད་པའི་ཚེ་ཕུད་དཀོན་མཆོག་ལ་མཆོད་ནས་སྤྱད་ན་ཡང་བུ་ལོན་དུ་མི་འགྱུར་ཏེ།  རྒྱུད་རྡོ་རྗེ་གདན་བཞིར། གང་ཞིག་ཅུང་ཟད་བཟའ་བཏུང་རྣམས།  །བསྔོ་བ་བྱས་ནས་བཟའ་བར་བྱ། །འདི་ལྟར་སྤྱོད་པའི་རྣལ་འབྱོར་ལ། །བུ་ལོན་དུ་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར།             ད་དུང་ཕ་མ་ཚོ་ན་བ་དང་འཆི་བའི་ཚེ་ན་ཡང་བུ་རྒྱུད་གྲྭ་བ་རེ་ཡོད་ས་ཚོར་བདེ་སྐྱིད་ལྷག་པ་ཞིག་ཡོད་པ་ནི་ང་ཚོའི་མངོན་སུམ་གྱིས་གྲུབ་པ་ལྟར་ཡིན་ཏེ། བུ་རྒྱུད་ཁྱིམ་པ་ཕོ་མོ་ཕལ་ཆེ་བ་ཆུང་མ་དང་ཁྱོ་གའི་གཞན་དབང་དུ་གྱུར་ནས་རང་ཉིད་ཀྱིས་ཕ་མར་གཉོར་སྐྱོང་མི་བྱེད་པར་ཕ་མ་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་ནི་མིག་མཐོང་ལག་ཟིན་བྱུང་འདུག་པ་འདི་རེད།  ཡང་ཆོས་ཡང་དག་པ་ཞིག་སྒྲུབ་འདོད་པ་དང་། སྦྱིན་པ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ཆོས་ཀྱི་སྦྱིན་པ་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གཏོང་བར་འདོད་ན་ཡང་གྲྭ་བའི་རྟེན་འདི་ལས་ལྷག་པ་ཞིག་གཏན་ནས་མེད།     ཡོན་ཏན་ཆེན་པོ་ཅན་ཞིག་ཏུ་འདོད་ན་ཡང་མདོ་སྔགས་རིག་གནས་དང་བཅས་པ་སྦྱོང་བརྡར་བྱེད་པ་ལ་གྲྭ་བའི་རྟེན་འདི་ལས་ལྷག་པ་ཞིག་གཏན་ནས་མེད།  དེ་ཡང་ཁོར་ཡུག་གིས་ཀྱང་རོགས་རམ་ཆེན་པོ་བྱེད་ཀྱིན་ཡོད་པ་སྟེ།  མདོ་ཕྱོགས་དཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་སོགས་པའི་འཆད་ཉན་ཡོད་སའི་དགོན་པ་འདི་ཚོར། སློབ་གྲྭ་ཞེས་པའི་མིང་ཞིག་མ་བཏགས་པ་རེད་མ་གཏོགས། དངོས་གནས་ལ་མིང་དོན་མཐུན་པའི་སློབ་གྲྭ་ཆེན་མོའི་ནང་གི་ཆེན་མོ་འདི་ཚོ་རེད།     དེས་ན་ཁྱེད་ཕ་མ་ཚོ་ཡིན་ནའང་བུ་རྒྱུད་རྣམས་ཡོན་ཏན་ཆེན་པོ་ཅན་ཞིག་ཏུ་གྱུར་ནས་བསྟན་འགྲོའི་དོན་ལ་ཕྱག་རྗེས་རླབས་ཆེན་འཇོག་ཐུབ་མཁན་ཞིག་འོང་བར་འདོད་ན།    ཆུང་དུས་ནས་སློབ་གཉེར་རྒྱ་ཆེན་ཡོད་སའི་དགོན་པ་ཞིག་གི་ནང་དུའམ་དེ་ནས་ཐོན་པའི་མིང་དོན་མཐུན་པའི་མཁས་པ་ཞིག་གི་སར་སྐྱེལ་རྒྱུ་གལ་ཆེན་པོ་རེད།   ཡིན་ཏེ་ཡོངས་གྲགས་ཀྱི་སློབ་གྲྭ་ཆུང་འབྲིང་རྣམས་མ་ཟད་ཆེན་མོ་ཁག་ནས་ཀྱང་སྔོན་གྱི་མཁས་པ་རྒྱན་དྲུག་མཆོག་གཉིས་དང་རྗེ་ཡབ་སྲས་ལྟ་བུ་ལྟ་ཅི་སྨོས།   

        དེང་སང་གི་དགོན་པ་ཁག་ནས་ཐོན་པའི་དགེ་བཤེས་ཤིག་གི་ཡོན་ཚད་ཡོད་ས་གཅིག་ཙམ་ཡང་ཐོན་མ་མྱོང་བ་ནི་སྐུར་འདེབས་མིན་པར།  ང་ཚོ་ཚང་མས་ཕྱི་མིག་ཅིག་བལྟས་ན་མངོན་སུམ་ཚད་མས་གྲུབ་འདུག་པ་འདི་རེད།   དེས་ན་མཁས་པ་ཡང་དག་དང་ལྟར་སྣང་གི་ཁྱད་པར་ཤེས་རྒྱུ་གལ་ཆེ་ཞིང་།   རིག་གནས་རྐྱང་རྐྱང་གི་སློབ་གྲྭར་འགྲིམས་ནས་མཐར་ཕྱིན་སློབ་མ་སུ་འདྲ་ཞིག་ཡིན་ཡང་། ཐ་སྙད་རིག་གནས་ཙམ་ཞིག་དང་སྐད་དང་ཡིག་རིགས་འདྲ་མིན་རེ་ཤེས་པ་ཙམ་ཀྱིས་མཁས་པའི་མིང་ཐོགས་པ་རེད་མ་གཏོགས། དོན་ཟབ་ས་ནས་བཤད་ན་དགོན་པ་ཚོའི་འཛིན་གྲྭ་གིས་དམའ་ཤོས་ཁ་དོག་དཀར་དམར་གྱི་མཁས་པ་ཞིག་གི་ཡོན་ཚད་ཡོད་ས་གཅིག་ཀྱང་མེད་པ་ནི་ཤོད་མ་དགོས་པ་ཞིག་རེད། ད་དུང་ཕུགས་རྒྱང་ཆེས་རིང་བའི་བྱ་བ་ཡང་དག་པ་ཞིག་སྒྲུབ་ཐུབ་མིན་ནི་མཁས་པ་རྣལ་མ་ཞིག་ཡིན་མིན་ལ་རག་ལས་པའི་ངང་ཚུལ་ཡང་ང་ཚོ་སེར་སྐྱ་ཚང་མ་དང་ལྷག་པར་དེང་གི་སློབ་གྲྭ་ཁག་གིས་ཤེས་རྒྱུ་གལ་ཆེ་བར་མ་ཟད།  དགོན་པ་ཚོའི་ནང་ན་སློབ་གཉེར་བྱེད་སའི་ཁོར་ཡུག་ཟླ་བྲལ་ཡོད་པ་དང།  གྲྭ་བའི་སྤོས་ཀ་ཇེ་ལེགས་སུ་གཏོང་བྱེད་ཀྱི་སྒྲིག་ལམ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལས་ཀྱང་ཟབ་པ་མཚན་ལ་བཅའ་ཡིག་ཟེར་བ་ཞིག་ཡོད་པ་འདི་ཚོའི་དགེ་མཚན་ཤེས་རྒྱུ་ཡང་གལ་ཆེན་པོའི་ནང་གི་ཆེན་པོ་རེད།     ཡིན་ཏེ།   མིང་དོན་མཐུན་པའི་མཁས་པ་ཞིག་འོང་བར་འདོད་ཕྱིན་ནང་ཆོས་ཀྱི་དགོངས་དོན་མ་ཤེས་ཐབས་མེད་རེད།  ཡིན་ཏེ།  ཤེས་བྱ་ལ་རྟག་དངོས་གཉིས་དང་།  དངོས་པོ་ལ་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་ཡོད་མེད་ཙམ་ཡང་མི་ཤེས་པར་གཞི་གྲུབ་ན་གཟུགས་རགས་པ་དང་།   མངོན་གྱུར་ཡིན་པས་ཁྱབ་པ་དོན་གྱིས་ཁས་བླངས་འདུག་པའི་མཁས་པ་ཞིག་ཡོད་ན།  རྗེ་བླ་མ་ཙོང་ཁ་པ་ཆེན་པོས།  དེ་འདྲ་དེ་ཡང་ཤེས་རབ་ཅན་ཡིན་ན།  །དེ་ལས་གཞན་པའི་དབང་པོ་རྟུལ་བོ་གང་།  །ཞེས་གསུངས་པ་ལྟར་གྱུར་པ་མ་ཡིན་ནམ།  ངས་འདི་ལྟར་བཤད་འོང་དུས་ལ་ལས་འཕྱ་སྨོད་གནང་ཁུལ་བྱེད་སྲིད་ཀྱང་། དགོད་བྲོ་བ་ཞིག་སྟེ།  རྗེ་བཙུན་མི་ལ་རས་པས།  མི་ལས་བལྟས་ན་འཁོར་བ་འཁྲུལ།  །འཁོར་བས་བལྟས་ན་མི་ལ་འཁྲུལ།  །སྙིང་རྗེ་ན་ཕར་རྗེ་ཚུར་རྗེ་རེད། །ཅེས་གདམས་པ་ལྟར་རེད། འོ་ན་དགོན་པ་ཚོར་ཆ་རྐྱེན་དེ་འདྲ་ཞིག་ཚང་འདུག་ན།   གྲྭ་བའི་ནང་ན་ཞབས་འདྲེན་མང་བ་དང་། དགོན་པ་དང་སློབ་གྲྭའི་ནང་གི་ཤེས་ཡོན་ཅན་ཚོར། རྒྱལ་ཁབ་ཀྱི་ངོས་ནས་གདེང་འཇོག་དང་གོ་གནས་སྦྱིན་མི་སྦྱིན་གྱི་ཁྱད་པར་ཡོད་པ་སོགས་འདི་ཅི་ཞིག་གིས་རེད་ཅེ་ན། དེ་ནི་རྒྱལ་ཁབ་ཀྱིས་དགོན་པའི་གནས་ཚུལ་ཇི་བཞིན་མ་ཤེས་པ་དང་།  སྒྲིག་ལམ་མམ་བཅའ་ཡིག་གི་སྟེང་ནོན་མ་བྱས་པས་ལན་པ་རེད།    དེ་ཡང་ངན་སེམས་ཀྱིས་མ་རེད།  དགོན་པ་ཚོའི་ངོས་ནས་རང་ལ་ཡོད་པའི་ཁྱད་ཆོས་དང་ཉེར་མཁོའི་རིགས།   བཅའ་ཡིག་རྩ་ཁྲིམས་དང་མཐུན་ཚུལ་སོགས་ཡར་ཞུ་དང་ཁྱབ་གདལ་བྱེད་མ་ཐུབ་པས་ལན་པ་རེད།  དེའི་རྐྱེན་གྱིས་ཡོན་ཚད་ཤིན་ཏུ་དམན་ཡང་སྔར་བསགས་ལས་ངན་གྱི་བག་ཆགས་སད་པའམ།  སྡིག་གྲོགས་གང་རུང་གིས་བསླུས་ནས་སྔོན་ཐོན་པར་རློམ་པའི་སེར་སྐྱ་བསམ་མེད་ལ་ལས་རང་རང་ཚོས་མ་ནུས་པ་དང་མ་འཇོན་པ་རྒྱུ་མཚན་དུ་མི་བྱེད་པར་ཤེས་བྱེད་ལྟར་སྣང་དུ་མ་ལ་བརྟེན་ནས། མེས་པོ་སྐུ་དྲིན་ཅན་ཚོས་ཤུལ་བཞག་དང་ཆོས་སྲིད་ཟུང་འབྲེལ།  ནང་ཆོས་དང་བླ་མ་ཡོད་ཚད། དགེ་རྒན་དང་བཅའ་ཡིག་སོགས་ཡར་རྒྱས་སུ་འགྲོ་བའི་བཀག་རྡོ་རེད་ཅེས་སྐུར་བ་འདེབས་བཞིན་ཆོས་ལོག་སྤེལ་བ་ནི། དྲིན་ལན་ལོག་འཇལ་དང་དགྲ་དགའ་གཉེན་སྡུག  ཧ་ཅང་རྨོངས་ཆེ་བས་འདི་ཕྱི་གཉིས་འཕུང་གི་ནོར་འཁྲུལ་ཆེན་པོ་སྟེ། བསམ་ཤེས་ན་འཛམ་བུ་གླིང་སྤྱིའི་ཞབས་འདྲེན་དང་གྱོང་གུད་རེད།  དེས་ན་དགོན་པ་ཚོའི་གནས་སྟངས་དང་ཁྱད་ཆོས་དགེ་མཚན་ཅན་རྣམས་རྒྱལ་ཁབ་གཞུང་ལ་ཡར་ཞུས་དང་ར་སྤྲོད་ཡང་དག་པའི་སྒོ་ནས་ཁྱབ་གདལ་དུ་བཏང་ན་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་རོགས་རམ་གནང་འོས་ཡིན་པས།   ཕྱིན་ཆད་དགོན་པ་ཁག་ནས་ཐོན་པའི་རྡོ་རམས་པ་དང་བཀའ་བཅུ་པ།   ལྷ་རམས་པ་དང་སྔགས་རམས་པ་སོགས་ལའང་བབ་བསྟུན་གྱི་གོ་གནས་ཐོབ་པ་དང་།    བཅའ་ཡིག་ཁག་གིས་ནུས་པ་ཐོན་ནས་གྲྭ་བའི་སྤོས་ཀ་ཡང་ཇེ་ལེགས་ནས་ཇེ་གཙང་དུ་སོང་སྟེ།   སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བདེ་འཇགས།   མི་རིགས་ཀྱི་མཐུན་འབྲེལ་དང་སྟོབས་ཤུགས་སོགས་ལ་ཕན་ཐོགས་ཆེན་པོ་ལོས་འབྱུང་བསམས་ནས་ངས་གོ་སྐབས་འདི་དང་བསྟུན་ཏེ་འབོད་སྐུལ་ཞུས་པ་ཡིན། ད་དུང་དེང་སང་དགོན་པ་ཚོས་ཡོངས་གྲགས་སློབ་གྲྭ་རེ་བཙུགས་ནས་ཐུན་མོང་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཞག་སྟེ་ནང་དོན་རིག་པར་ཆེད་སྦྱོང་གི་གོ་སྐབས་ལག་ལེན་དུ་བསྟར་བཞིན་ཡོད་པ་ནི་ཡིད་སྨོན་འཆོར་སའི་གནས་ཤིག་རེད།  

      དེས་ན་སྤྱི་སྒེར་གཉིས་ཀས་གཟུ་བོར་གནས་པའི་སྒོ་ནས་དགོན་པར་གྲྭ་བ་བྱས་པ་དང་།  སློབ་གྲྭར་བཏང་བ་གཉིས་ཀྱི་དགེ་སྐྱོན་གཏིངས་ནས་མཁྱེན་པར་མཛད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དུས་སྙིགས་ཀྱིན་སྙིགས་ཀྱིན་གཏམ་འདི་དག་སེམས་ལ་འབབ་མཁན་དཀོན་པ་ཆོས་ཉིད་ཡིན་ཡང་།  དེ་དུས་བསྟན་པའི་གནས་ཚད་རྫོགས་པ་ལ་ཆེས་ཉེ་བའམ་ཡང་ན་རྫོགས་པ་གང་རུང་ཡིན་པས་བྱ་ཐབས་དང་བྲལ་བ་ཞིག་རེད།    དེའི་དུས་ན་དེང་སང་མཆོག་གསུམ་དང་དད་པ་དག་སྣང་སོགས་མི་དགོས་ཟེར་མཁན་ཚོའི་སྐད་ཆ་དང་།  མི་ངན་དེ་ཚོ་འཇོན་ཐང་ཅན་དང་སྔོན་ཐོན་པ་རེད་ཅེས་གདེང་འཇོག་བྱེད་མཁན་ཡོད་པ་ཐག་གིས་ཆོད་ཀྱང་།    དེ་ལ་ཧ་ལས་རྒྱུ་གང་ཡང་མེད་དེ།  དམ་པ་མང་པོའི་ཐུགས་བསྐྱེད་དང་སྨོན་ལམ་གནང་ཚུལ་གྱིས། གནས་བསྟན་བཅུ་དྲུག་དང་། མགོན་པོ་ཀླུ་སྒྲུབ། རྗེ་ཙོང་ཁ་པ་ཆེན་པོ་སོགས་སླར་ཡང་མི་ཡུལ་དུ་བྱོན་ནས་བསྟན་པ་ཆེ་ཆེར་དར་བའི་དམིགས་བསལ་བྱུང་སྐབས་དང་། རྣམ་འདྲེན་ལྔ་པ་བྱོན་སྐབས་སོགས་སུ་མི་ངན་འདི་ཚོའི་ལག་རྗེས་ཡིག་ཐོག་དང་འོད་སྡེར་སོགས་སུ་ལུས་ཡོད་ཚེ། རྣམ་རྟོག་ཟ་བའི་གནས་སུ་གྱུར་ནས་གད་སྙིག་གི་ཁྲོད་དུ་འདོར་བ་ཐག་གིས་ཆོད་པ་རེད།  དེས་ན་ཚང་མས་མགོ་མ་འཁོར་བར་བྱེད་རྒྱུ་གལ་ཆེ་སྟེ།  དངོས་གནས་བཤད་ན་མི་དེ་ཚོ་ཅོལ་ཆུང་ཨ་གསར་ཅན་དང་ཞབས་འདྲེན་པའི་སྔོན་ཐོན་པ་ཞིག་རེད་མ་གཏོགས། ཤེས་མཐོང་ཆེ་བ་དང་མི་བཟང་པོའི་གྲས་ཀྱི་སྔོན་ཐོན་པ་ཞིག་གཏན་ནས་མ་རེད། དེས་ན་བསྟན་པ་མ་ནུབ་གོང་ནས་ནུབ་པ་ལ་ལག་གཡུག་བྱེད་པ་ལྟ་བུ་འདི་ཆེས་མི་ལེགས་ཤིང་མི་རུང་བ་ཞིག་ཡིན་པར་ཤེས་དགོས་ལ། གོང་ས་ཡབ་སྲས་རྣམས་ཀྱིས་ཀྱང་།   རང་རེའི་བླ་གྲྭ་འགའ་ཤས་ནས་བུ་ཕྲུག་གྲྭ་བ་བྱེད་པ་ལས་སློབ་གྲྭར་བཏང་ན་ལེགས་ཚུལ་སོགས་དུས་རབས་གསར་བའི་མི་དང་ཤེས་རྒྱ་ཆེ་མདོག་གིས་ངན་སློབ་བྱེད་པ་ཞེས་སོགས་བཀའ་བཀྱོན་མང་དུ་གནང་ཡོད་པ་སོ་སོས་གཟིགས་ཤིང་གསན་ན་མཁྱེན་པར་འགྱུར།     འོན་ཀྱང་ངས་སྤྱི་ཚོགས་ཀྱི་སློབ་གྲྭ་འདི་དགོན་པ་ཚོར་ལྟོས་ཏེ་དམན་པ་དང་ནོར་འཁྲུལ་འབྱུང་ས་ཞིག་རེད་ཅེས་བཤད་པ་མ་གཏོགས།  སྤྱིར་ན་ངན་པ་ཞིག་རེད་ཅེས་བཤད་པ་གཏན་ནས་མིན་པས།  ཕ་མ་ཚོས་རང་གི་བུ་རྒྱུད་ལ་གྲྭ་བ་བྱེད་རྒྱུའི་སྐལ་བ་མེད་ཚེ། ནོར་ལུག་གི་རྗེས་སམ་འཇིག་རྟེན་ཀྱི་བྱ་བ་ཕལ་བ་ཞིག་གི་ཆེད་དུ་མི་ཚེ་འཛད་དུ་མི་འཇུག་པར་མ་འོངས་པ་ན་བྱ་བ་རླབས་ཆེན་སྒྲུབ་ཐུབ་མཁན་ཞིག་འོང་དུ་རེ་བས་སློབ་གྲྭ་ཞིག་གི་ནང་དུ་སྐྱེལ་རྒྱུ་གལ་ཆེན་པོ་རེད། ཕྲུག་གུ་ཚོས་ཀྱང་མིག་རྒྱང་རིང་པོའི་སྒོ་ནས་སློབ་གཉེར་བྱེད་པ་ལས་རྗེས་སོར་དངུལ་ཕོག་རེ་རེག་ཆེད་ཙམ་དོན་དུ་གཉེར་ན་དགོས་པ་ཆུང་ཆུང་རེད།  ཡིན་ཏེ་དངུལ་ཕོག་ཅིག་རེག་སོང་ན་ཕལ་ཆེ་བས་ཁ་རྒྱབ་ཙམ་ཞིག་གི་ཆེད་དུ།  སྒོར་མོ་ཕྲན་བུ་ཞིག་གི་ངོ་གདོང་ཙམ་ལ་བལྟས་ནས་སྔར་ཉིན་ལས་རྒྱུ་དེ་ཕྱིར་ཉིན་ལས་ནས་མི་ཚེ་ལས་ཁུངས་ཞེས་པའི་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ་སྐྱེལ་རྒྱུ་ལས། ལོ་རྒྱུས་ཀྱི་རྡོ་རིང་བརྟན་པོ་ཞིག་འཛུགས་ཐུབ་རྒྱུ་ཕར་ཞོག་ཚོང་ལས་རླབས་ཆེན་ཞིག་ཀྱང་མི་འགྲུབ་པ་ནི་ལྟོས་དང་ང་ཚོའི་མིག་གི་མདུན་ན་བཤམས་འདུག་པ་འདི་རེད།   དེས་ན་ཕ་མ་དང་དགེ་རྒན་ཚོས་དང་པོ་ནས་ལམ་ཁ་མ་ནོར་བའི་སློབ་གསོ་གཏང་རྒྱུ་འདི་ཆེས་གལ་ཆེན་པོ་ཞིག་རེད།   ཡིན་ཏེ་བྱིས་པ་འདི་ཚོ་སྣམ་བུ་དཀར་པོ་དཀར་རྐྱང་ལྟ་བུ་ཡིན་པས་ཚོན་ལེགས་པ་དང་མི་ལེགས་པ་གང་གིས་ཁ་སྒྱུར་མིན་ཕ་མ་དང་དགེ་རྒན་ཚོར་རག་ལས་པ་ཞིག་རེད།   དེས་ན་སྤྱི་ཚོགས་ཁྲོད་ཀྱི་སློབ་གྲྭའི་དགེ་རྒན་ཚོར་སྒྲོ་སྐུར་གྱི་མཐར་མ་ལྷུང་བའི་ཤེས་ཡོན་ཆེན་པོ་ཅན་ཞིག་དང།   ལྷག་པར་ཐུན་མོང་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཡོད་པ་གཞིར་བཞག་གི་ཐོག  དཀའ་པོད་ལྔས་མཚོན་པའི་མདོ་སྔགས་གཉིས་ཀའི་དགོངས་དོན་ཁ་ནས་བཤད་ཤེས་པ།  ལག་ཏུ་ལེན་ཤེས་པ། བླངས་པས་ཉམས་མྱོང་ཐོབ་པ་ཞིག་ཆེས་ཤིན་ཏུ་གལ་ཆེ་མོད།  དེ་འདྲ་ཞིག་མ་རྙེད་ནའང་ལྟ་སྤྱོད་མ་ལོག་ཅིང་རང་དོན་མི་ཤོར་བའི་ཐོག་ནང་ཆོས་ཀྱི་གནད་འགག་ཤེས་ཤིང་ལག་ཏུ་ལེན་ལ། སློབ་མ་ཡ་རབས་སྤྱོད་བཟང་ཅན་དུ་སྒྱུར་ཐུབ་པའི་དགེ་རྒན་རེ་མེད་ཐབས་མེད་པ་ལྟ་བུ་ཞིག་རེད་མ་གཏོགས།    སྐྱེས་རབས་ལས། དམན་པར་བརྟེན་པས་མི་དག་ཉམས་འགྱུར་ཞིང་། །ཐད་ཀར་བབ་པ་བསྟེན་པས་སོ་ན་གནས། །ཞེས་པ་ལྟར་འགྱུར་རྒྱུའི་ཉེན་ཁ་ཆེན་པོ་རེད་བསམས་ནས་ངས་གོ་སྐབས་འདི་དང་བསྟུན་ཏེ་འགྲེལ་བཤད་ཅིག་གསར་དུ་བརྒྱབ་པ་ཡིན།     

       བཞི་པ། སྐོར་ཞིག་གིས་སློབ་གཉེར་གང་བྱས་ཚེ་འདིའི་ལག་ཆ་ཙམ་ཏུ་བཟུང་དང་འཛིན་བཞིན་ཡོད་པ་སྟེ།    དཔེར་ན། དེང་སང་མཁས་པ་ཡིན་ཟེར་བའི་གྲྭ་བ་ལ་ལས། འདུལ་བའི་དགོངས་དོན་དང་དགེ་འདུན་པའི་ནང་ཁྲིམས།    མི་རིགས་ཀྱི་མཐུན་འབྲེལ་དང་སེམས་རྒྱུད་འདུལ་ཐབས་སོགས་སུ་བསམ་བློ་གཏན་ནས་གཏོང་གི་མེད་པ་ལྟ་བུ་སྟེ།   ཁ་ནས་ནང་ཆོས་ཀྱི་དགོངས་དོན་དང་མི་མཐུན་པའི་གཏམ་རྫིག་ཉམས་ཅན་རེ་བཤད་དང་ཤོད་བཞིན་པར། ཤེས་ཡོན་གྱིས་དབུལ་བའི་སེར་སྐྱ་མང་པོ་ཞིག་མགོ་སྐོར་གཏོང་བཞིན་ཡོད་པ་ལས།  དོན་དངོས་པོའི་ལག་ལེན་ཀྱི་ཐོག་ནས་དེ་དག་གི་ཁྲོད་ན་གོས་རྣམ་གསུམ་བྱིན་རླབས་ཅན་དང་སྟོན་པའི་འབྲལ་སྤང་རེ་ཡོད་ས་ཅི་ཙམ་ཡོད། སྔ་མོ་ཡར་བཞེངས་ནས་དུས་དྲན་བསྟེན་པ་དང་ཁྲུས་ཀྱི་ཉམས་ལེན་དང་མཆོད་འབུལ་དང་བླ་མའི་རྣལ་འབྱོར་ལ་ཐུགས་ཉམས་བཞེས་མཁན་ཅི་ཙམ་ཡོད། གུང་ཚིགས་སྐབས་དཀྱིལ་དཀྲུང་གིས་བཞུགས་ཤིང་སྔ་ཆབ་བཞེས་ཏེ་དཀོན་མཆོག་རྗེས་དྲན་སོགས་གསུངས་ཤིང་ཕུད་མཆོད་འབུལ་བ་དང་།   ཟས་ལ་བརྟེན་པའི་ཉེས་བྱས་ཉི་ཤུ་མི་འབྱུང་བར་འབད་པ་དང་།    ཕྱི་ཆབ་བཞེས་ཤིང་འཕྲོག་མ་མ་བུ་ལ་ཆངས་བུ་རེ་བསྔོ་མཁན་ཅི་ཙམ་ཡོད།  ཕྱི་དྲོའི་ཁ་ཟས་ལ་འཛེམས་མཁན་དང་གཟིམ་ཚེ་སྤྱོད་ལམ་དང་གཉིད་ཀྱི་ལམ་འཁྱེར་གསུམ་གྱི་ཉམས་ལེན་སྐྱོང་མཁན་ཅི་ཙམ་ཡོད། ཉིན་དེར་དགེ་སྡིག་གང་བསྒྲུབས་བསྔོ་བགྲང་གིས་ངེས་པར་བྱས་ཏེ།   ཡི་རང་བྱེད་ས་དང་འགྱོད་སྡོམ་གྱིས་བཤགས་པ་བྱེད་ས་ཡོད་མེད་བརྟགས་ནས་ལག་དུ་ལེན་མཁན་ཅི་ཙམ་ཡོད་བསམ་བློ་རེ་ཐོངས་དང་དངོས་གནས་ད་ལྟའི་གྲྭ་བ་རེ་ཟུང་གི་གནས་སྟངས་དེ་ཐབས་སྐྱོ་བོ་མ་རེད་དམ། དེ་ལྟར་ཆོས་ཁ་ན་ཡོད་ཀྱང་ལག་ན་མེད་པ་ལྟ་བུའམ།  ཡང་ན་ཆོས་དང་སེམས་རྒྱུད་རྒྱབ་འགལ་དུ་སོང་བ་ལྟ་བུའམ།   ཡང་ན་བསྙེན་བཀུར་སྙན་གསུམ་ལ་དགའ་ཆེ་དྲགས་པའམ། ཡང་ན་སློབ་གཉེར་གང་བྱས་ལྷ་བདུད་དུ་བབ་པ་ལྟ་བུར་གྱུར་པའི་ལག་རྗེས་སུ།     ནམ་ཡང་རང་དོན་འབའ་ཞིག་གི་ཆེད་དུ་སྤྱི་སྒེར་གྱི་བསྟན་པ་ལ་ཞབས་འདྲེན་ཆེན་པོ་བྱེད་ཅིང་མནའ་ཟ་རྫུན་ཟ་དེ་བས་ཀྱང་བྱེད།   བཀའ་བློ་མི་བདེ་བ་དང་ཕོ་མོ་སྨྱན་བྱེད་པའི་ལྷག་མ་ལ་འཛེམས་ཟོན་མེད་པར་སྤྱོད། ཁྱིམ་པའི་གོས་སྣ་ཚོགས་གྱོན་རྒྱུར་མི་འཛེམས་པར་མ་ཟད་འཕྲོད་བསྟེན་ལ་ཕན་ཟེར་བ་སོགས་རྒྱུ་མཚན་ལྟར་སྣང་མང་པོ་ཤོད་བཞིན་མཛེས་ཆོས་སུ་བརྩི།  རྒྱལ་འཛུགས་སྣ་ཚོགས་བྱེད་ཅིང་འཕེལ་ནག་(རྒྱལ་འཛུགས་སར་ཁྲིམས་འགལ་གྱི་བུན་བསྐྱེད་འཇོག་པ)ཀྱང་འཇོག   རང་ཁེ་འདོད་དང་གྲགས་འདོད་སོགས་ཀུན་སློང་མ་དག་པ་སྣ་ཚོགས་པས་ཀུན་ནས་བསླངས་ཏེ། གངས་ཅན་པའི་བསྟན་སྲིད་ཀྱི་སྲོག་རྩ་ཤིན་ཏུ་ཉམས་ཆུང་བའི་སྐབས་འདིར་ཡང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རྫུན་སྒྲིག་གི་ཡིག་འཆལ་དང་ངག་ཅལ་སྣ་ཚོགས་པ་སྤེལ་ནས།    དགྲ་དགའ་གཉེན་སྡུག་གི་ལས་བྱེད་ཅིང་མི་རིགས་ཀྱི་མཐུན་འབྲེལ་ནི་གཏོར།    མགོ་བདེ་དྲན་འཕྲུལ་གྱི་སྒོ་ནས་ཌ་མ་རུ་དང་སྦྲུལ་ལྕེའི་གར་སྟབས་སྒྱུར་བཞིན་མིག་རྒྱང་རིང་ཁུལ་གྱིས་རིགས་མཐུན་ཅོལ་ཆུང་ཚོ་ཁར་འགུགས་ཐབས་དང་དགོན་པ་དང་དགོན་པའི་བར་ལ་འགལ་ཟླ་ནི་བཟོ། འཇིག་རྟེན་གྱི་ཁ་དཔེར།  ཚ་བོ་མིག་དམར་སྐྱེས་ན་ཞང་གི་བདུད། རྭ་གོ་ལོ་སྐྱེས་ན་མིག་གི་བདུད་ཅེས་པ་ལྟར། ལས་འབྲས་དང་སྔོན་དེང་གི་སྐྱེས་ཆེན་དམ་པ་ཚོ་ཁྱད་དུ་གསོད་ཅིང་སྒྲོ་སྐུར་སྣ་ཚོགས་པའི་སྒོ་ནས་འདི་ཕྱི་གཉིས་འཕུང་གི་ལས་ངན་ནི་གསོག ལུང་དྲངས་ན་འདྲེན་རིན་ཡོད་ས། རྒྱབ་རྟེན་དུ་བཟུང་ན་འཛིན་རིན་ཡོད་སའི་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་ལུང་ཡང་དག་པའི་ཚད་མ་རྣམས་ཕར་གཡུགས་ནས།    རང་ཅག་གི་དམིགས་ཡུལ་དང་གནས་བབ་གང་ལའང་མི་མཐུན་པའི་རྒྱལ་ཁབ་འདི་དང་འདིའི་མཁས་པ་དང་ཚན་རིག་པ་ཆེ་གེ་མོ་ཚོས་འདི་དང་འདི་གསུངས་ཞེས་དེ་དག་ལ་འགྲམ་ཆུ་ལྡངས་ནས་ཕུགས་རུལ་ཨ་གསར་གྱི་བྱ་འགུལ་ནི་སྤེལ། དགེ་ཚུལ་སློང་གི་སྡོམ་པ་སྐྱེ་བ་ལ་སྔོན་དུ་ངེས་འབྱུང་གི་བསམ་པ་སྐྱེ་དགོས་པས་འ་ཅག་ཕལ་ཆེར་ལ་སྡོམ་པ་ཡོད་རྒྱུ་མ་རེད་ཅེས་འདུལ་བའི་དགོངས་དོན་གཏན་ནས་མི་ཤེས་པའི་རང་མཚང་སྟོན་ཅིང་སྐུར་བ་འདེབས་བཞིན་དགེ་འདུན་པའི་སྡེ་སྤྱིའི་ཞབས་འདྲེན་ནི་བྱེད། དེ་ལྟར་སེམས་ཁུལ་བྱེད་མི་དགོས་སར་སེམས་ཁུལ་བྱེད་པ་ལས་རང་གི་སྒོ་གསུམ་གྱི་སྤྱོད་ཚུལ་ལ་སོམས་དང་། ཀུན་མཁྱེན་གཉིས་པས། མེད་པར་ལྟ་བས་རྩ་བ་གཅོད།  །ཅེས་དང་། རྗེ་བླ་མས།  དགེ་རྩ་ཆད་རྣམས་ཐུན་མོང་ངོ་། །ཞེས་གསུངས་པས་ན་དོན་གྱིས་ཁྱོད་རང་ཚོས་གནའ་སྔ་མོ་ནས་སྡོམ་པ་བཏང་སྟེ་གྲྭ་བའི་གྲས་ནས་ཕྱིར་བུད་ཚར་བ་མ་ཡིན་ནམ། ད་དུང་ནང་དོན་ཞིག་མ་ཤེས་ན་ཁ་ནས་ཚིག་བཏོན་པ་དང་། སེམས་ནས་དད་པ་བཞག་པ། འདི་ཕྱི་གཉིས་ཀར་བླ་མ་མཁྱེན་ཞེས་གཞན་ལ་རེ་ལྟོས་འཆའ་བ་སོགས་ལ་དགོས་པ་མེད་དེ། བདག་ནི་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །ཞེས་གསུངས་པའི་ཕྱིར་ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཀྲལ་ནས་ནང་ཆོས་ཀྱི་དགོངས་པ་ཅུང་ཟད་ཙམ་ཡང་མི་ཤེས་པའི་རང་མཚང་སྟོན་ཅིང་སྐུར་བ་ཆེན་པོ་འདེབས་བཞིན་ནང་པ་སངས་རྒྱས་པ་སྤྱིའི་ཞབས་འདྲེན་ནི་བྱེད། ཤེས་མཐོང་ཆུང་བའི་བླུན་ཚོགས་ཀྱིས་བསྟོད་བསྔགས་ལྟར་སྣང་ཕྲན་བུ་རེ་ཐོས་ཚེ་ཡང་དག་ཏུ་འཁྲུལ་ནས་ཡིན་མདོག་མདོག་དང་རྫིག་ཉམས་ཀྱིས་བོད་མི་རིགས་ཡུན་གནས་ཀྱི་སྲོག་ལ་ནི་རྒོལ། ཁ་བྲིད་ལག་བྲིད་ཀྱིས་ཡོན་ཏན་མེད་པའི་གསར་བུ་གསར་མོ་མང་པོ་གོལ་སར་འཕེན་ཅིང་ནང་མིན་ཕྱི་མིན་གྱི་ལས་འགུལ་ནི་སྤེལ།   རིགས་མཐུན་མི་ཚོགས་རེའི་ནང་དུ་ཐོན་ཚེ་རང་བླ་རང་བཙོང་གིས་ནང་ཆོས་དང་དགེ་འདུན་པའི་ཞབས་འདྲེན་གང་ཐུབ་བྱེད་པ་སོགས་ནི་འཇིག་རྟེན་པའི་ཁ་དཔེར། བུ་རྒྱུད་ངན་པས་ཕ་མར་བསྡིགས།  སྒོ་ཁྱི་ངན་པས་རང་བཟར་རྨུགས་ཞེས་པ་དང་།འདང་མི་རྒྱག་རྒན་མོས་བཤད་བཤད། སར་མི་ལྟ་རྒོད་མས་སྤོ་སྤོ་ཞེས་པའི་ངང་ཚུལ་ཙམ་དུ་ཟད་ཀྱང་། ད་དུང་ཁ་ནས་བོད་ཀྱི་ཕ་ཆོས་དང་དགོན་པའི་སྤྱི་ཆོས། གྲྭ་བའི་སྒེར་ཆོས་དང་མ་འོངས་པའི་མདུན་ལམ་སོགས་ཤོད་ཁུལ་བྱེད་པ་ནི་ངོ་ཚ་མ་ཤེས་པ་སྟེ། ལོང་བས་མིག་ལྡན་ལ་ལམ་འཁྲིད་བྱེད་པ་དང་།    ཁ་ནས་ཆོས་བཤད་ལག་པས་འབུ་གཅིར་ཟེར་བ་དང་ཁྱད་པར་སྤུ་ཙམ་ཡང་མེད་ལ། དེ་ཚོོའི་བཤད་པ་ལ་ཡིད་ཆེས་དང་རེ་བ་བྱེད་པ་ཡང་། ལོང་པ་ལོང་པས་ཁྲིད་པ་དང་འགྱེལ་བ་འགྱེལ་བ་ལ་བརྟེན་པའི་དཔེ་ལྟར་རང་གཞན་ཉིས་འཕུང་གི་རྒྱུ་རེད། དེས་ན་འདི་ཚོར་འགྱུར་བ་རེ་གཏོང་མ་ཐུབ་པར་ཁྱབ་གདལ་དུ་སོང་ན།  སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་གནས་དང་།  དགོན་པ་དགོན་པ་དང་གྲྭ་བ་གྲྭ་བ་ལ་རིགས་ནི་ཞིག་འོང་རྒྱུ་ཕར་ཞོག མྱུར་དུ་འཇིག་རྒྱུའི་ཉེན་ཁ་ཆེན་པོ་རེད། དེའི་གནད་ཀྱིས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དེ་འདྲའི་ཕྱི་གྲྭ་བ་ནང་ཁྱིམ་པ་ལྟ་བུའི་བསྟན་བཤིག་མང་པ་ལས་གྲྭ་བ་ཉུང་ཡང་སྤོས་དག་ཅིག་གལ་ཆེ་ཞེས་མ་འོངས་སྔོན་གཟིགས་ཀྱི་སྒོ་ནས་ང་ཚོར་ཞལ་ཆེམས་བཞག་པ་དང་། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། ཡང་དག་ལྟ་བ་འོད་སྟོང་ལྡན་པ་ནུབ། །གནས་ལུགས་འདོམས་པའི་མཁས་རྣམས་ཕལ་ཆེར་གཤེགས། །ལོག་པའི་ལམ་སྟོན་རྨོངས་པ་ཀུན་གྱིས་བཀུར། །ཀྱེ་མ་ཧོ་ཐུབ་བསྟན་སུ་ཡིས་གནས་པར་ནུས། །ཡིན་ཚུལ་བཤད་ན་མཁས་འདོད་ཅན་དུ་མཐོང་། །ལོག་པར་བསྟན་ན་ལྟ་ངན་ཕྱི་ཕྱིར་འཕེལ། །མི་སྨྲའི་རྟུལ་ཞུགས་བཟུང་ན་དོན་མི་འགྲུབ། །ཀྱེ་མ་ཧོ་ཐུབ་བསྟན་ཅི་ལྟར་གཟུང་བར་བྱ། །ཞེས་ཐུགས་ཕམ་ཆེན་པོས་དེང་སང་གི་བསྟན་འགྲོའི་ངང་ཚུལ་གདམས་པ་འདི་དག རྣམ་པ་ཚོ་ཚང་མས་ཐུགས་ལ་བཟུང་ནས་གཟབ་གཟབ་གནང་དགོས་ས་རེད་མཁྱེན་སོང་ཨང་།       ལྔ་པ། བྱིས་པ་ཚོ་གྲྭ་བར་བཟོ་ཚུལ་དང་བཟོས་ནས་སྐྱོང་ཚུལ་ཐད་ཀྱི་ནོར་འཁྲུལ་འདི་ལ། ཕ་མའི་ནོར་འཁྲུལ་དང་། དགེ་རྒན་གྱི་ནོར་འཁྲུལ། དགེ་ཕྲུག་རང་གི་ནོར་འཁྲུལ་དང་གསུམ་ཡོད།            

   ༼༡ ཕ་མའི་ནོར་འཁྲུལ་ནི། དཔེར་ན། བུ་རྒྱུད་ཚོར་གྲྭ་བ་བྱེད་འདོད་ཡོད་ཀྱང་ཕ་མས་སྒེར་གཅོད་ཀྱིས། ངེད་ཚང་ལ་བུ་འདི་གཅིག་པོ་ལས་མེད་པས་གྲྭ་བ་བྱེད་མི་ཉན་འཁོར་འཛིན་ལ་དགོས། ཡང་བུ་འདི་ཡ་རབས་དང་རིག་ཡག་ཅིག་ཡིན་པས་གྲྭ་བ་བྱེད་མི་ཉན་འཁོར་འཛིན་ལ་དགོས་ཞེས་བུ་དེའི་མ་འོངས་པའི་མདུན་ལམ་འགོག་ཅིང་། ཕ་མ་ཁོ་རང་ཚོ་ཤི་བའི་རྗེས་སུ་སྡིག་པ་སྒྲུབ་མཁན་རེ་ཁོ་རང་ཚོས་བཀོད་སྒྲིག་བྱས་འདུག་པ་ལྟ་བུ། ཡང་བུ་འདི་རྒོད་པོ་མ་རབས་ཤིག་ཡིན་པས་གྲྭ་བ་བྱེད་དགོས། འདི་དེ་ལྟར་ཡིན་པའི་ཁར་དབང་བོ་ཡང་མི་ཚང་བས་གྲྭ་བ་བྱེད་དགོས་ཞེས་ཕྲུག་གུ་གཤིས་ཀ་གང་ངན་དང་རྩལ་གང་རྒོད།  དབང་བོ་སྐྱོན་ཅན་དང་རིག་པ་མེད་ས་རྣམས་གྲྭ་བར་བྱེད་པ། བྱས་ནས་ཀྱང་དགེ་རྒན་མཚན་ཉིད་དང་ལྡན་པ་ཞིག་ལ་བཅོལ་ཐབས་མི་བྱེད་པར། རང་ཁྱིམ་ལ་འདུག་ཏུ་འཇུག་པའམ་ཡང་ན་ཕ་མ་རང་གི་འདོད་བློ་དང་མཐུན་པར་བྱེད་མཁན་ཞིག་ལ་བཅོལ་ཐབས་བྱེད་ཅིང་། ད་དུང་དགེ་རྒན་གྱིས་མི་རིག་ས་དང་མི་གོ་སའི་ལྐོག་ནས་སྒོར་མོ་དང་ཟ་རིགས་འཆའ་རིགས་རྩེད་ཆས་སོགས་ཕྲུག་གུའི་མདུན་ལམ་བརླག་བྱེད་ཀྱི་རིགས་སྣ་ཚོགས་སྦྱིན་པ།   ང་ཚོར་འདི་གྲྭ་བ་ཞིག་ཉན་སོང་ན་མཁས་པ་ཞིག་འོང་མ་འོངས་མེད་ཟེར་བ། སྐྱ་ཆས་གྱོན་པ་སོགས་ཚུལ་མིན་གྱི་བྱ་བ་སྣ་ཚོགས་བྱེད་པ་མཐོང་ཚེ་འགོག་རྒྱུ་ཕར་ཞོག་མཐུན་སྦྱོར་ལྟ་བུ་བྱེད་པ། འབུ་དང་ཨ་བི་ཥ་རྐོར་འཇུག་པ་སོགས་ཁྱིམ་གྱི་བྱ་བ་སྣ་ཚོགས་བྱེད་དུ་འཇུག་པ།  དགོན་པ་ཚོའི་དབྱར་དགུན་གྱི་ཆོས་མཚམས་ཆེན་མོ་དག་གི་སྐབས་དགེ་ཕྲུག་ལ་ལ་སློབ་གཉེར་གྱི་ཆེད་དགོན་ནང་དུ་བཞུགས་འདོད་ཡོད་ཚེ། བཟང་བསྟོད་དང་མཐུན་རྐྱེན་སྦྱོར་རྒྱུ་ཕར་ཞོག་ཐབས་སྣ་ཚོགས་ཀྱི་སྒོ་ནས་ཁྱིམ་ནང་ལ་འོང་ཐབས་བྱེད་པ། དགེ་ཕྲུག་ཚོའི་ངོས་ནས་ཕྱིར་དགོན་ནང་ལ་མགྱོགས་པར་འགྲོ་དགོས་ཟེར་ཡང་ཕ་མ་ཚོས་ལྟག་འཐེན་སྣ་ཚོགས་བྱེད་པ། དགེ་རྒན་གྱི་ཁ་ཕྱོགས་མི་འཛིན་པར་ལྐོག་ནས་མ་ལོ་དང་ཕ་ལོ་སོགས་གཅེས་སྐད་འདྲ་མིན་གྱི་སྒོ་ནས།  ཁྱོད་ཨ་ཁུས་ཨེ་རྡེག་གི་ཨེ་འཛིང་གི་འདུག་ཨེ་ཐུབ་ཀི་གལ་ཏེ་མི་ཐུབ་ན་ཁྱིམ་ལ་བྲོས་ཤོག ཡང་མིན་ན་ཉིན་འགའ་ཤས་ཤིག་གི་རིང་ལ་ངས་གནང་བ་ཞུ་ཟེར་བ་སོགས་ཀྱིས་དྲན་མེད་ལ་དྲན་གསོ་བྱས་པ་ལྟ་བུས་དགེ་ཕྲུག་འཁོར་བའི་འདམ་རྫབ་ནང་དུ་འཕེན་གང་ཐུབ་བྱེད་པ་ལྟ་བུ་སོགས་ནི་ཕ་མས་བུ་རྒྱུད་གཅེས་མ་ཤེས་པའི་ནོར་འཁྲུལ་ཆེན་པོ་ཞིག་རེད། འདི་ལྟར་བྱེད་མཁན་ཚོའི་བུ་དེ་མཁས་པ་ཞིག་ཕར་ཞོག་གྲྭ་བ་ཙམ་ཞིག་འོང་རྒྱུ་ཡང་ཤིན་ཏུ་དཀའ་བར་ལུང་རིགས་མཐའ་ཡས་པས་གྲུབ་པར་མ་ཟད་ངའི་ཉམས་མྱོང་གིས་ཀྱང་གྲུབ་ཡོད།  ཁྱོད་ཕ་མ་ཚོས་བསམ་བློ་ཞིག་ཐོངས་དང་ཁྱིམ་ཐབ་ཙམ་ཡང་འཛིན་ཐུབ་མི་ཐུབ་ལ་དོགས་པ་ཡོད་མཁན་ཞིག་གིས། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཇི་ལྟར་ནུས་ཏེ་གཏན་ནས་མི་ནུས་པས་ཐོག་དང་པོ་ནས་བྱ་བ་མ་འཕྱུགས་པར་བྱེད་རྒྱུ་སོགས་གོང་དུ་ཞུས་ཟིན་གྱི་ལྡོག་ཕྱོགས་རྣམས་ལག་དུ་ལེན་ཨེ་ཐུབ་བལྟ་རྒྱུ་འདི་གལ་ཆེན་པོ་རེད་ཅེས་ཕ་མ་ཚོར་དྲན་གསོ་ཙམ་བྱས་པ་ཡིན་པས་སེམས་ལ་འཛིན་རོགས།  

      ༼༢  གཉིས་པ་དགེ་རྒན་གྱི་ནོར་འཁྲུལ་ནི།  གྲྭ་ཆུང་ཚོ་ཐོག་དང་པོ་ནས་ཡ་རབས་སྤྱོད་བཟང་གི་བྱ་བ་ལ་གོམས་ཏུ་འཇུག་རྒྱུ་བསྐྱུར་ཏེ།  གུ་ཡངས་མདོག་གིས་ཚོང་ར་སོགས་སུ་ཉུལ་དུ་འཇུག་པ།   ཟ་ཁང་སྣ་ཚོགས་ཀྱི་ནང་དུ་ཁྲིད་པ། འོད་སྡེར་དང་བརྙན་འཁོར་སྣ་ཚོགས་སྒྲ་སྙན་འདྲ་མིན་ལ་ལྟ་ཉན་བྱེད་ཅིང་འཆང་དུ་འཇུག་པ་སོགས་བག་མེད་ཀྱི་བྱ་བ་སྣ་ཚོགས་ལ་སྦྱོར་བ་ལས། བསྟན་པའི་རྩ་བ་སྟོན་པའི་གདུང་འཚོབ་ཆོས་འདུལ་བའི་བཅས་མཚམས་མིག་འབྲས་ལྟར་བསྲུང་དགོས་པའི་གདམས་ངག་རྩལ་འདོན་བྱེད་མི་ཤེས་པ། ཤེས་ཀྱང་མི་བྱེད་པ།  ཐ་ན་རང་ཤག་གི་དགེ་ཕྲུག་ཚོའི་ཚོགས་སྐལ་ལ་ཡང་བདག་ལེགས་པོ་མི་རྒྱག་པར་ཁོ་རང་ཚོའི་ལག་ཏུ་བཞག་ནས་བསྟན་པ་བཤིག་པ་དང་སྡོམ་པ་འཆོར་བའི་ཆ་རྐྱེན་དུ་སོང་ཡང་མི་ཤེས་ཁུལ་བྱས་ཏེ་ཆུད་ཟོས་སུ་གཏོང་བ། གལ་ཏེ་བདག་བརྒྱབས་ཀྱང་རྩིས་སྒྲིག་ལེགས་པོ་མེད་པ། ཡང་ན་ཕ་མ་སོགས་ལ་སྟེར་ནས་དད་རྫས་ལ་ཁྱིམ་པས་ལོངས་སྤྱོད་དུ་འཇུག་པ།  རང་གིས་ཡོན་ཏན་སློབ་མི་ཤེས་པའི་ཁར་གཞན་གྱི་སར་སློབ་ཏུ་མི་མངགས་པ། གལ་ཏེ་མངགས་ཏུ་ཆུག་ཀྱང་རེས་རེས་སུ་གཅོད་པ།  རང་གིས་བསླབ་ཤེས་ཀྱང་ཇི་བཞིན་མི་སློབ་པ། སློབ་ཀྱང་བསླབས་པའི་ཉམས་མྱོང་མེད་པས་སྣ་ཐུང་ཆེ་སྟེ་ཐབས་མཁས་སྣ་ཚོགས་ཀྱི་སྒོ་ནས་སྐྱོང་མི་ཤེས་པ་སོགས་ནི་དགེ་རྒན་གྱི་ནོར་འཁྲུལ་ཆེན་པོ་ཡིན་པས།  དགེ་རྒན་རྣམ་པས་མིག་རྒྱང་རིང་པོར་གཟིགས་བཞིན་ཕན་ཚུན་ཉམས་མྱོང་བརྗེ་རེས་དང་། རྒྱུས་ལོན་སྣ་ཚོགས་ཀྱིས་སློབ་མ་སྐྱོང་མཁས་པོ་ཞིག་གནང་ན།    ཕན་པ་ཤིན་ཏུ་ཆེ་བ་ངས་ཉམས་མྱོང་གིས་ཀྱང་གྲུབ་ཡོད།  ཕྲན་གྱི་སློབ་མ་ཚོར་བསམ་བློ་བཏང་ན་བརྒྱ་ཆའི་དགུ་བཅུ་ལ་ལམ་འགྲོ་ལེགས་པོ་བྱུང་འདུག་ཅིང་།  གྲྭ་བའི་སྤོས་ཀ་དེ་བས་ཀྱང་ལེགས།  འཆད་རྩོད་རྩོམ་གསུམ་དང་ལྡན་པའི་མཁས་པ་ཡང་དགེ་རྒན་གཅིག་གི་བྱེད་སྒོ་ལ་བསམས་ན་ཆེས་མང་པོ་བྱུང་ཡོད་པ་ནི། རྣམ་པ་ཚོས་གཡམ་རྒྱུག་ཙམ་མིན་པར་ཞིབ་འཇུག་གནང་ན་མཁྱེན་ཐུབ་ཀྱི་རེད།  ང་ཚོས་འཛམ་གླིང་སྟེང་སློབ་མ་བརྒྱ་ཆའི་བརྒྱད་ཅུ་ལ་སློབ་གསོས་ཕན་ཐོགས་བྱུང་ན་སློབ་གསོ་མཁན་ཟླ་མེད་ཅིག་ཏུ་རྩི་བཞིན་ཡོད་པ་རེད་ལ།  དངོས་གནས་ནང་ཆོས་ཀྱིས་སློབ་གསོ་ཡང་དག་པ་རྒྱུན་ལྡན་དུ་རྒྱག་ཐུབ་ན་བརྒྱ་ཆའི་དགུ་བཅུ་ལ་ཕན་ཐོགས་ཐག་ཆོད་ཡིན་པས་ཚང་མས་ཉམས་བཞེས་གནང་རོགས།                 

     ༼༣ གསུམ་པ་དགེ་ཕྲུག་རང་གི་ནོར་འཁྲུལ་ནི།  དང་པོ་གྲྭ་བ་བྱེད་མི་འདོད་པ། བྱས་ནས་དགེ་རྒན་གྱི་ཞལ་མི་བརྩི་བར་ལྐོག་ནས་ས་སྣ་ཚོགས་བཤིག་པ། རང་གི་མ་འོངས་པའི་མདུན་ལམ་ལ་འདང་མི་རྒྱག་པར་རྐུ་བྱེད་པ་དང་ཕ་ཁྱིམ་སོགས་སུ་འབྲོ་བ། མགོ་བདེ་དྲན་འཕྲུལ་གྱིས་ཕ་མ་དང་དགེ་རྒན་གྱི་བར་ལ་འགལ་ཟླ་སྣ་ཚོགས་བཟོ་བ། མི་ཚེ་དང་དཔལ་འབྱོར་སོགས། རྣམ་གཡེང་དང་བག་མེད་ཀྱི་ངང་ནས་འཛད་བྱེད་ཁ་པར་དང་དོན་མེད་འཕྲུལ་ཆས་ཀྱི་རིགས་འཆང་བ། དེ་ཡང་རིག་པ་མི་ཚང་བས་གཞན་ལ་ངོམ་འདོད་ཀྱིས་རིན་ཐང་གང་ཆེ་དོམ་ལེན་བུན་ལེན་གྱིས་ཉོ་བ། ནག་པོའི་ཆོས་བཞིའི་དང་པོ་སྟེ་དགེ་རྒན་རྫུན་གྱིས་དབུ་སྐོར་བ། དགེ་རྒན་གྱིས་ཆོས་གང་བསླབས་ཐམས་ཅད་ཁྲལ་ཞིག་ཏུ་བཟུང་ནས་རང་སྦྱོང་མི་བྱེད་ཅིང་བློ་ལ་དཔེ་ཆ་གང་བཟུང་དང་ནང་དོན་གང་ཤེས་རྣམས་བརྗེད་དུ་བཅུག་སྟེ་དྲེད་མོང་གིས་བྱི་བ་བསྐོས་པ་ལྟར་བྱེད་པ། དགེ་རྒན་གྱིས་མི་གོ་ས་དང་མི་རིག་ས་ནས་གཞན་གྱིས་འཕྱ་སྨོད་ཀྱི་ཡུལ་དུ་འགྱུར་བའི་བྱ་བ་ངན་པ་སྣ་ཚོགས་བྱེད་པ།   དགེ་རྒན་གྱིས་བཀའ་བཀྱོན་གྱི་ཚུལ་དུ་བསླབ་བྱ་རེ་གནང་ཚེ་རང་དོན་ཡིན་པ་ངོས་མི་ཟིན་པར་མི་འདོད་པའི་རྣམ་འགྱུར་སྟོན་ཅིང་ཙོག་སེ་འགྲོ་བ། མི་ཁོག་ཆུང་དང་ཅོལ་ཆུང་གི་ཆོས་ཉིད་ལྟ་བུའི་དགའ་སྡུག་ཆེ་བ། དགེ་རྒན་གྱིས་ཐུགས་བཀོད་གང་བཞག་ཀྱང་ཉི་མ་འགྲོ་ཐབས་དང་ཐང་མ་སྐམ་ཐབས་ཞེས་པའི་དཔེ་ལྟར་བྱེད་པ་ལས་དོ་དོ་ཏན་ཏན་བྱས་ཏེ་གཅིག་ཀྱང་མི་སྒྲུབ་པ།   ཁ་མི་དགེ་བའི་ཕྱོགས་སུ་སྐོར་མཁན་གྱི་སྡིག་གྲོགས་ཚོས་གང་བཤད་ཉམས་སུ་བླངས་ཏེ་རང་གིས་རང་གི་མགོ་སྐོར་བ་སོགས་ནི་དགེ་ཕྲུག་རང་གི་ནོར་འཁྲུལ་ཆེན་པོ་རེད།  དེས་ན་དུས་ད་ནས་བཟུང་སྟེ་ནོར་འཁྲུལ་ལ་ནོར་འཁྲུལ་དུ་བལྟ་ཤེས་པ་སོགས་ཀྱི་ཆེད་དུ། བཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱ་མཚོའི་ཞལ་ནས། ཡང་དག་པ་ལས་ཡང་དག་དང་། །ལྟར་སྣང་ལས་ནི་ལྟར་སྣང་འབྱུང་། །ཉི་ཚེ་བ་ལས་ཉི་ཚེ་དང་། །མཐའ་དག་པ་ལས་མཐའ་དག་འབྱུང་། །འབྲས་བུ་རྒྱུ་ཡི་རྗེས་འགྲོ་བས། །རྒྱུ་ཚོགས་ཚང་དང་མ་ཚང་ལས། །འབྲས་བུ་འབྱུང་དང་མི་འབྱུང་བ། །ཕྱི་ནང་དངོས་པོ་ཀུན་ལ་གསལ། །དེ་ཕྱིར་དལ་འབྱོར་ལན་གཅིག་ཐོབ་དུས་འདིར། །རང་གིས་རང་ལ་ཕན་པ་བསྒྲུབ་དགོས་པས། །ཆ་ཚང་ལམ་གྱི་རྒྱུ་ཚོགས་སྒྲུབ་པ་ལ། །རྣམ་པ་ཀུན་ཏུ་བརྩོན་པ་ལྷུར་མཛོད་ཅིག །ལམ་བཟང་ཐོས་དང་ཚུལ་བཞིན་སྒྲུབ་པ་དང་། །རྒྱུད་ལ་མྱོང་བ་སྐྱེ་བ་ཐམས་ཅད་ནི། །བཤེས་གཉེན་དམ་པ་ཉིད་ལ་རག་ལས་པས། །མ་ནོར་ལམ་སྟོན་བཤེས་གཉེན་ཡུན་དུ་བསྟེན། །འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །རང་གི་རྒྱུད་ལ་ཡོན་ཏན་ཅི་སྐྱེ་དང་། །གཞན་ཕན་འཕྲིན་ལས་ཇི་ལྟར་འབྱུང་བ་རྣམས། །བཤེས་གཉེན་བསྟེན་ཚུལ་འདི་ལ་རག་ལས་པས། །ཁྱི་དང་གློ་བ་འཕྲད་བཞིན་མི་བྱ་བར། །ལེགས་པར་བརྟགས་ཤིང་དཔྱད་ནས་བསྟེན་པ་དང་། །དམ་ཆོས་བཀའ་དྲིན་ཐོབ་པའི་བླ་མ་ནི། །སྲོག་གི་ཕྱིར་ཡང་སྤོང་བར་མི་བྱ་འོ། །ཞེས་གསུངས་པའི་དོན་རང་རང་ཚོས་ཤེས་ན་རབ་དང་། མི་ཤེས་ན་གཞན་ལ་འདྲི་རྟོག་གིས་ཀྱང་རྩད་བཅད་དེ་ཤེས་པར་བྱས་ནས་ཉམས་སུ་བླངས་ཏེ་གཏན་གྱི་འདུན་མའི་རྩ་བ་ཚུགས་པ་ཞིག་ཅིས་ཀྱང་གནང་བར་མཁྱེན་ཞེས་གྲྭ་ཆུང་ཚོར་དྲན་གསོ་ཙམ་བྱས་པ་ཡིན་པས་ཐུགས་ལ་འཛིན་རོགས། ཐུགས་རྗེ་ཆེ།    

 ༧   ད་ངའི་སྐད་ཆའི་ནང་དོན་མདོར་བསྡུས་ན། སེར་སྐྱ་ཚང་མས་ཡབ་མེས་སྐུ་དྲིན་ཅན་ཚོས་ཤུལ་བཞག་ཁྱད་པར་ཅན་རྣམས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད། བླ་མ་མཆོག་གསུམ་ལ་དད་པ་ཟློག་མེད། ལས་རྒྱུ་འབྲས་ལ་ཡིད་ཆེས་བརྟན་པོ། བཤེས་གཉེན་བསྟེན་ཚུལ་ལ་སྙིང་ནས་འབད་པ་གཞིར་བཞག་གི་ཐོག གྲྭ་བ་གང་ཡོད་ཀྱིས། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ། །ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར། །ཞེས་པ་ལྟར་འོང་རྒྱུར་འབད་པ་དང་ཆབས་ཅིག་གཞན་དོན་རྒྱ་ཆེན་པོ་སྒྲུབ་པའི་ཚད་ལ་ད་དུང་ཐོན་མེད་ཚེ། འདོད་པ་ཆུང་བ། ཆོག་ཤེས་པ། རབ་ཏུ་དབེན་པ། བརྩོན་འགྲུས་རྩོམ་པ་སྟེ་འཕགས་པའི་རིགས་བཞི་དང་དུ་ལེན་རྒྱུ་དང་། དེ་རིང་གི་སྐད་ཆ་འདི་མཁས་པ་མང་སར་ཞུ་དགོས་བྱུང་བ་ཡིན་པས་ཉོག་སོང་ན་མི་འགྲིགས་བསམས་ནས་ཚིག་སྡུད་རྒྱག་གང་ཐུབ་ཀྱིས་དོན་ཚན་མང་པོ་ཞིག་ཞུས་ཡོད་པས་ཁྱེད་གཟུར་གནས་རྣམ་དཔྱོད་ཅན་ཚོས་དོན་ཚན་རེ་རེར་ཞིབ་འཇུག་རེ་གནང་རྒྱུ་དང་། སེར་སྐྱ་དང་ཕོ་མོའི་དབྱེ་བ་མེད་པར་ནང་ཆོས་ལ་སྦྱོང་བརྡར་བྱེད་རྒྱུ།  ཁས་བླངས་པའི་དམ་སྡོམ་གང་ཡོད་མིག་འབྲས་ལྟར་སྲུང་རྒྱུ། དགེ་འདུན་པ་ལ་གུས་ཞབས་དང་།   རྒན་གཞོན་བརྩི་བཀུར་སོགས་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡ་རབས་སྤྱོད་བཟང་རྣམས་དར་རྒྱས་ཡུན་གནས་ཀྱི་ཐབས་ལ་འབད་རྒྱུ་དང་། ལྷག་པར་ནང་ཆོས་འདི་སྐྱོན་ཀུན་ཟད་ཡོན་ཏན་ཀུན྄་ལྡན་ཞིག་ཡིན་པའི་ངང་ཚུལ་སེར་སྐྱ་ཚང་མས་ཤེས་ཐབས་ལ་ཅི་དགའི་ཐུགས་གྲོས་གནང་རྒྱུ་དང་། གྲོས་ཆོད་ལག་ལེན་དུ་བསྟར་རྒྱུ།  རང་བླ་རང་བཙོང་དང་།  རང་མགོ་རང་རྡུང་ལྟ་བུས་དགྲ་དགའ་གཉེན་སྡུག་གི་ལས་ཆར་གཏོགས་དང་བཅས་པ་སྤོང་གང་ཐུབ་ལ་འབད་ན། གོང་ས་ལྷ་མའི་རྣམ་འདྲེན་རྒྱལ་དབང་ཡིད་བཞིན་ནོར་བུ་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་ཞབས་བརྟན་བླ་ན་མེད་པ་དང་།     ཐུགས་སྨོན་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་རྒྱུར་འགྱུར་ཞིང་།  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་ནས།  མི་བཟློག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །ཞེས་གདམས་པ་ལྟར་གཞན་ཡིད་སྨོན་འཆོར་སའི་གནས་ཤིག་ཏུ་ཡང་འགྱུར་བས་དེ་ལྟར་མཛད་པར་མཁྱེན་ཞེས་ཞུ་བ་དང་ཆབས་ཅིག ཕྲན་ལ་སྐྱེས་སྦྱང་གི་ཡོན་ཏན་ཤིན་ཏུ་ཆུང་བས་ཞུ་ཉེས་དང་བཤད་ཉེས་གང་ཡོད་བཟོད་པའི་ཡུལ་དུ་བཞེས་ནས་འདི་ཕྱི་ཀུན་ཏུ་མི་སྒྲིབ་པ་དང་།  རང་ཅག་ཚང་མ་ཚེ་རིང་ནད་མེད་ཀྱི་ཐོག་ནང་ཆོས་ལ་ངོམས་མེད་དུ་ལོངས་སྤྱད་ནས། ནམ་ཞིག་རྗེ་བཙུན་བྱམས་པ་མགོན་པོ་འཇིག་རྟེན་མི་ཡུལ་དུ་བྱོན་ཅིང་འདུས་པ་དང་པོའི་དགའ་སྟོན་གྱི་སྐབས། འཁོར་གྱི་ཐོག་མར་སྐྱེས་ཏེ་རྫོགས་བྱང་མངོན་དུ་བྱེད་ནུས་པའི་སྐྱབས་སྨོན་བསླུ་མེད་གནང་བར་མཁྱེན་ལགས། ཐུགས་རྗེ་ཆེབཀྲ་ཤིས་བདེ་ལེགས།

       ཞེས་པ་འདི་ནི།   ༢༠༡༣ལོར་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ནས་གངས་ལྗོངས་སྨོན་ལམ་ཆེན་མོ་ཐེངས་བཅུ་གཅིག་པ་འཚོགས་སྐབས། སྤྱི་ཟླ་༩ཚེས༡༥ཕྱི་དྲོ་སློབ་གསོ་ཆེན་མོ་ཞེས་པ་ཞིག་གསར་འཛུགས་གནང་བའི་དབུ་འབྱེད་ཐོག བཀའ་གདམས་བསྟན་པའི་མངའ་བདག་མདོ་སྔགས་རབ་འབྱམས་སྨྲ་བ་ ༧ མཛོད་ཚང་བློ་བཟང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གིས་སྩལ་པའི་བཀའ་སློབ་སྟེ། བསྟན་འགྲོའི་དགེ་ལེགས་ཀྱི་གཞི་མ་ཞེས་པའི་མཚན་བྱང་ཅན་གྱི་བཀའ་སློབ་འདི་ཆེས་རིན་ཐང་ཅན་ཞིག་ཏུ་སྣང་བས་ཤེས་ཡོན་རྣལ་མ་ཅན་ཚང་མས་གཟིགས་ཐུབ་ཕྱིར་དྲྭ་ནང་ལ་འཇོག་འདོད་བྱུང་བས་ཁོང་དགེ་བཤེས་རིན་པོ་ཆེར་སྤྱན་འབེབས་ཞུས་ཚེ།  ཡ་ཡ་ད་ཁྱེད་རྣམ་པ་ཚོའི་ལྷག་བསམ་རེད་མ་གཏོགས་ངའི་ངག་ཅལ་གྱིས་ཕན་ཐོགས་ཤིང་བློ་སྐྱེད་ཅིག་ག་ལ་སྟེར་ཐུབ། གལ་ཏེ་ཕན་པ་ཅུང་ཟད་རེ་ཡོད་སྲིད་ནའང་ད་ལམ་ངས་གང་བཤད་ཐམས་ཅད་ཕལ་ཆེ་བས་འཕྲུལ་ཆས་སྣ་ཚོགས་པ་ལ་བརྟེན་ནས་ས་ཁྱབ་རྡོ་ཁྱབ་ཏུ་བཏང་ཟིན་པ་རེད་ལ། འོན་ཀྱང་རྣམ་པ་ཚོའི་ཐུགས་འདོད་ལྟར་གནང་ན་ཚེས་༡༥དང་༡༦གཉིས་ཀའི་སྔ་དྲོ་སྔ་དྲོའི་སྐད་ཆ་དེའི་ནང་ནའང་འདིའི་ནང་བཞག་ན་འགྲིག་སྙམ་པ་ཅུང་ཟད་རེ་ཡོད་ཅེས་བཀའ་ཁྲོལ་བྱུང་ཞིང་། དངོས་གནས་སྤྱི་སེམས་ཅན་དང་གཟུ་བོར་གནས་པའི་རྣམ་དཔྱོད་ཅན་རྣམས་ཀྱིས་བཀའ་སློབ་འདི་ཚོའི་དོན་སྙིང་ཐུགས་ཉམས་སུ་བཞེས་རོགས་གནང་ན་སྤྱི་སྒེར་གྱི་བསྟན་འགྲོར་ཕན་པ་ཆེན་པོ་ལོས་འབྱུང་སྙམ་པས་ལག་ལེན་དུ་བསྟར་ཏེ་འདིར་བཀོད་པ་ཡིན།     བཀྲ་ཤིས་བདེ་ལེགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
63v9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41360962
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1