སྲིད་པའི་ཆགས་རབས་བཤད་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 18 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »སྲིད་པའི་ཆགས་རབས་བཤད་པ།
སྲིད་པའི་ཆགས་རབས་བཤད་པ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/21ལྟ་ཀློག (2481)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


དང་པོ་བསྐལ་བ་མ་ཆགས་དུས། །

ས་ཡང་མེད་ལ་གནམ་ཡང་མེད། །

ཁྱོད་ཀྱང་མེད་ལ་ང་ཡང་མེད། །

དེ་ན་བསྐལ་བ་ཆགས་དུས་སུ། །

ཆུ་རྒྱ་མཚོ་ཆེན་པོས་གང་ནས་ཡོད། །

ས་གནམ་ཆགས་ཚུལ་བཤད་རྒྱུ་ན། །

དང་པོ་ཆགས་པ་གླིང་ལྔ་ཆགས། ། 

རླུང་རྡོ་རྗེའི་རྒྱ་གྲམ་ཚུལ་དུ་ཆགས། །

དེ་ལ་གནས་པའི་བྱོལ་སོང་ཆགས། །

བྱོལ་སོང་སྡེ་རིགས་ཐམས་ཅད་ལ། ། 

སྤྱི་བདེ་བརྒྱ་དང་སྒང་སྡེ་སྟོང་། །

གྲང་དམྱལ་བརྒྱད་དང་ཚ་དམྱལ་བརྒྱད། །

ཡི་དྭགས་འོག་སྡེ་ཐམས་ཅད་ལ། །

ཕྱི་སྒྲིབ་ཅན་དང་ནང་སྒྲིབ་ཅན། །

སངས་སྒྲིབ་ཅན་དང་མཁོ་སྒྲིབ་ཅན། །

ཡི་དྭགས་ཅན་གྱི་མི་བཞི་ཡིན། །

མཱ་ཧ་གསེར་གྱི་་རུས་སྦལ་འདི། །

ཁ་གནམ་འཁོར་རེད་ལ་ས་འཁོར་རེད། །

ཁ་ས་འཁོར་མ་རེད་གནམ་འཁོར་རེད། །

ཁ་གནམ་འཁོར་ཡིན་པ་བཤད་རྒྱུ་ན། །

ཕ་ནི་ལྷ་དང་མ་ནི་ཀླུ། །

ལྷ་ཀླུ་འཕྲད་པའི་རུས་སྦལ་ཡིན། །

འདིའི་མགོ་ན་སངས་རྒྱས་སྟོང་སྐུ་ཡོད། །

བྲང་ན་སྡོམ་བརྩོན་འཁོར་ལོ་ཡོད། །

འདིའི་སུག་བཞི་གླིང་བཞིར་གཏད་ནས་ཡོད། །

ཕ་ལོ་གཅིག་ཟེར་ནི་མི་རྒན་ཞིག །

མ་ལོ་ལྔ་ཟེར་ནི་སྨན་ཆུང་ཞིག །

བུ་ལོ་བརྒྱད་ཟེར་ནི་གཤོག་ཡང་ཞིག །

འདི་ཅི་ཡིན་རྒྱུ་མཚན་བཤད་རྒྱུ་ན། །

ཕ་ལོ་གཅིག་གསེར་གྱི་རས་སྦལ་ཡིན། །

མ་ལོ་ལྔ་འབྱུང་བ་ལྔ་བོ་ཡིན། །

བུ་ལོ་བརྒྱད་བར་སྐལ་བརྒྱད་པོ་ཡིན། །

དགུང་ཨ་སྔོན་མཐོན་པོ་བཅུ་གསུམ་ཅན། །

འདིའི་ཡན་ན་མཐོན་་པོ་ལོས་རེ་ཡོད། །

མཐོ་རིས་རྨུ་ཐག་སྐས་གདེངས་དེ། །

དགུང་ཨ་སྔོན་ལས་ཀྱང་ལྷག་པར་མཐོ། །

ས་དོག་མོ་དམའ་བ་བཅུ་གསུམ་ཅན། །

འདིའི་ཡན་ན་དམའ་བ་ལོས་རེ་ཡོད། །

དམྱལ་ཁམས་ཚ་གྲང་བཅོ་བརྒྱད་དེ། །

ས་དོག་ལས་ཀྱང་ལྷག་པར་དམའ། །

འདིའི་ཡན་ན་དམའ་བ་ལོས་རེ་ཡོད། །

ཆུ་གཙང་མོ་འཁྱག་པ་བཅུ་གསུམ་ཅན། །

དེའི་ཡན་ན་འཁྱག་པ་ལོས་རེ་ཡོད། །

མ་བུ་མོའི་སེམས་རྩ་ནག་པོ་དེ། །

ཆུ་གཙང་མོ་ལས་ཀྱང་ལྷག་པར་འཁྱག །

སྤྱིར་འཛམ་པོའི་གླིང་གི་ཆགས་ཚུལ་ལས། །

དཀྱིལ་ས་དང་གནམ་དང་རླུང་དང་གསུམ། །

ས་ལ་ལྟེ་བ་ཨེ་ཡོད་ཡ་མཚར་སྐྱེས། །

གནམ་ལ་ཀ་བ་ཨེ་ཡོད་ཡ་མཚར་སྐྱེས། །

རླུང་ལ་བཞུགས་གནས་ཨེ་ཡོད་ཡ་མཚར་སྐྱེས། །

ས་ལ་ལྟེ་བ་ལོས་རེ་ཡོད། །

རིའི་རྒྱལ་པོ་རི་རྒྱལ་ལྷུན་པོ་འདི། །

འདི་དོག་མོ་ས་ཡི་ལྟེ་བ་ཡིན། །

ས་གཞི་གསེར་གྱི་རུས་སྦལ་འདི། །

དོག་མོ་ས་ཡི་གཏེར་ཡང་ཡིན། །

རི་གཏེར་སྣ་འཛོམས་པ་དེའི་དོན་ཡིན། །

གནམ་ལ་ཀ་བ་ལོས་རེ་ཡོད། །

དབྱར་དགུན་སྟོན་དཔྱིད་དུས་བཞི་འདི། །

དགུང་སྔོན་པོ་གནམ་གྱི་ཀ་བ་རེད། །

ནམ་མཁའ་དངུལ་གྱི་བུམ་པ་འདི། །

དགུང་སྔོན་གནམ་གྱི་གཏེར་ཡང་ཡིན། །

ཁ་ཆར་འབབ་པ་དེའི་དོན་ཡིན། །

རླུང་ལ་བཞུགས་གནས་ལོས་རེ་ཡོད། ། 

བྲག་དམར་སྒོ་བརྒྱའི་ཁ་རྒྱུད་དེ། །

འཁྱིལ་བ་རླུང་གི་བཞུགས་གནས་ཡིན། །

ཉི་མ་ཟླ་བ་སྐར་མ་གསུམ། །

རླུང་ཆེན་འཚུབ་པའི་རྒྱུགས་ལམ་ཡིན། །

འདི་འཆར་ནུབ་ཡོད་པ་དེའི་ཡོན་ཡིན། །

མ་ཧཱ་གསེར་གྱི་རུས་སྦལ་འདི། །

ཕྱོགས་བཞིར་འདུག་ཚུལ་བཤད་རྒྱུ་ན། །

མགོ་བོ་ལྷོ་ལ་གཏད་ནས་ཡོད། །

མཇུག་མ་བྱང་ལ་གཏད་ནས་ཡོད། །

མཆིན་པ་ཤར་ལ་གཏད་ནས་ཡོད། །

མཁལ་མ་ནུབ་ལ་གཏད་ནས་ཡོད། །

སུག་བཞི་མཚམས་བཞིར་གཏད་ནས་ཡོད། །

དེ་ཅི་ཡིན་རྒྱུ་མཚན་བཤད་རྒྱུ་ན། །

ཤར་རྡོ་རྗེ་སེམས་དཔའ་ཤར་ན་ཡོད། །

ལྷོ་གཡུ་འབྲུག་སྔོན་མོ་ལྷོ་ན་ཡོད། །

ནུབ་རྣམ་པར་སྣང་མཛད་ནུབ་ན་ཡོད། །

གནམ་ས་ཆུའི་མགོ་བོ་བཤད་རྒྱུ་ན། །

གནམ་གྱི་མགོ་བོ་ཤར་ན་ཡོད། །

ཉི་ཟླ་སྐར་གསུམ་ཤར་ནས་ཤར། །

ས་ཡི་མགོ་བོ་ལྷོ་ན་ཡོད། །

རིའི་རྒྱལ་པོ་རི་རབ་ལྷོ་ན་ཆགས། །

ཆུ་ཡི་མགོ་བོ་བྱང་ན་ཡོད། །

མ་ཧཱ་གཡུ་མཚོ་བྱང་ན་ཡོད། །

སྲིད་པའི་སྡོང་བོའི་སྡོང་མགོ་ན། །

འཕུར་ལ་ཁད་ཀྱི་བྱ་ཞིག་ཡོད། །

དེ་སྲིད་པའི་སྡོང་རྒན་སིལ་བ་རེད། །

སྲིད་པའི་སྡོང་བོའི་སྡོང་སྐེད་ན། །

ལྷུང་ལ་ཁད་ཀྱི་ལུག་ཅིག་ཡོད། །  

དེ་སྲིད་པའི་སྡོང་རྒན་གྱོ་རོ་རེད། །

སྲིད་པའི་སྡོང་བོའི་སྡོང་རྩ་ན། །

རྩེབ་ལ་ཁད་ཀྱི་བ་ཞིག་ཡོད། །

དེ་སྲིད་པའི་བ་ཆུང་ཁྲ་མོ་རེད། །

ས་དོག་མོའི་ཐོག་ནས་རྩྭ་གསུམ་སྐྱེས། །

རྩྭ་གསུམ་བ་ཆུང་ཁྲ་མོས་ཟས། །

བ་དུག་གིས་བརྒྱལ་ནས་སྨྱོས་ནི་རེད། །

བ་བཤའ་བའི་དུས་ཀྱི་བཤའ་ཉིན་ལ། །

བ་གར་སོང་མ་ཤེས་བོར་དང་སུ། །

བ་སྨྱོས་ཀི་སྨྱོས་ཀི་དགུང་ལ་སོང་། །

དགུང་ལ་སོང་ནས་ལོ་གསུམ་འགོར། །

ལོ་གསུམ་འགོར་གི་འཕྲོ་མ་ལ། །

དགུང་ཨ་སྔོན་དཀྱིལ་ནས་བེའུ་གསུམ་རྩེབ། །

དགུང་ཨ་སྔོན་དཀྱིལ་གྱི་བེའུ་གསུམ་སྟེ། །

འབྲུག་དང་ཐོག་དང་གློག་གསུམ་ཡིན། །

བ་སྨྱོས་ཀི་སྨྱོས་ཀི་རྫ་ལ་སོང་། །

རྫ་ལ་སོང་ནས་ལོ་གསུམ་འགོར། །

ལོ་གསུམ་འགོར་གི་འཕྲོ་མ་ལ། །

རྫ་ཁྲ་ཡག་དཀྱིལ་ནས་བེའུ་གསུམ་རྩེབ། །

རྫ་ཁྲ་ཡག་དཀྱིལ་གྱི་བེའུ་གསུམ་སྟེ། །

སྟག་དང་གཟིག་དང་དོམ་གསུམ་ཡིན། །

བ་སྨྱོས་ཀི་སྨྱོས་ཀི་ཆུ་ལ་སོང་། །

ཆུ་ལ་སོང་ནས་ལོ་གསུམ་འགོར། །

ལོ་གསུམ་འགོར་གི་འཕྲོ་མ་ལ། །

ཆུ་གཙང་མོའི་དཀྱིལ་ནས་བེའུ་གསུམ་རྩེབ། །

ཆུ་གཙང་མོའི་དཀྱིལ་གྱི་བེའུ་གསུམ་སྟེ། །

ཆུ་སྲིན་སྲམ་དང་ཉ་གསུམ་ཡིན། །

བ་བོར་སོང་ཟེར་ནི་སྐད་ཅིག་ལངས། །  

བ་མ་རྙེད་ཟེར་ནི་འཚབ་ཅིག་བཏང་། །

བ་འཚོལ་ལ་འགྲོ་བའི་ལམ་ཁ་ནས། །

མི་མིག་མེད་ཅིག་གིས་རིག་ཐལ་ཟེར། །

མི་རྣ་མེད་ཅིག་གིས་བྲོལ་ཐལ་ཟེར། །

བ་བཙལ་གི་བཙལ་གི་དགུང་ལ་སོང་། །

དགུང་ནས་མ་རྙེད་རྫ་ལ་སོང་། །

རྫ་ནས་མ་རྙེད་ཆུ་ལ་ཡོང་། །

ཆུ་གཙང་བོའི་གཞུང་ན་ཡོད་ནི་རིག །

བ་བཤད་རྒྱུ་ཟེར་ནི་མི་གསུམ་ཡོད། །

བ་མི་བཤད་ཟེར་ནི་མི་གསུམ་ཡོད། །

བ་བཀྱིག་རྒྱུ་ཟེར་ནི་ཐག་གསུམ་ཡོད། །

བ་མི་བཀྱིག་ཟེར་ནི་ཐག་གསུམ་ཡོད། །  

བ་བཤའ་རྒྱུ་ཟེར་བའི་མི་གསུམ་དེ། །

སྲིད་པ་རྒན་པོའི་བློ་གྲི་གཅིག །

སྲིད་པ་རྒན་མོའི་ཚོད་གཏུབ་གཉིས། །

སྟག་ཤར་རའི་སྐེད་ཀི་ཤང་ལང་གསུམ། །

བ་མི་བཤའ་ཟེར་བའི་མི་གསུམ་དེ། །

མགོན་ཤཱཀྱ་ཐུབ་པའི་ཆོས་གྲི་གཅིག །

རྗེ་མི་ལ་རས་་པའི་སྒོམ་གྲི་གཉིས། །

ཤར་ཙོང་ཁ་པ་ཡི་རལ་གྲི་གསུམ། །

བ་བཀྱིག་རྒྱུ་ཟེར་བའི་ཐག་གསུམ་སྟེ། །

སྲིད་པ་རྒན་པོའི་འུར་ཆ་གཅིག །

སྲིད་པ་རྒན་མོའི་ཆུ་ཐག་གཉིས། །

སྟག་ཤར་རའི་ལག་གི་ཞགས་ཐག་གསུམ། །

བ་མི་བཀྱིག་ཟེར་བའི་ཐག་གསུམ་སྟེ། །

ཤཱཀྱ་ཐུབ་པའི་སྤྲུལ་ཐག་གཅིག །

རྗེ་མི་ལ་རས་པའི་སྒོམ་ཐག་གཉིས། །

ཙོང་ཁ་པ་ཡི་་གླེགས་ཐག་གསུམ། །

བ་བཤའ་ཐག་མ་ཆོད་བསྡད་བསྡད་ནས། །

བ་སོ་དྲུག་ལོན་དུས་བཤའ་རྒྱུ་བྱས། །

ཕ་རྒན་པོས་བ་སྲོག་གཅོད་རྒྱུ་བྱས། །

མ་རྒན་མོས་བ་རྒྱུ་གདའ་རྒྱུ་བྱས། །

བུ་ཤ་རས་བ་ཀོ་བཤུ་རྒྱུ་བྱས། །

བ་ཆུང་ཁྲ་མོ་བཤའ་དུས་ན། །

བ་མགོ་བཅད་ནས་སྒང་ལ་བཞག །  

སྒང་མཐོན་པོོ་ཡིན་ནོ་དེའི་དོན་རེད། །

དེའི་མི་ཚད་ལ་རིང་ལ་ཐུང་ཡོད། །

སྲིད་པ་འི་ལ་རིང་བཅོ་བརྒྱད་ཟེར། །

བ་ཀོ་བཤུས་ནས་ཐང་ལ་བཏིངས། །

ཐང་བདེ་མོ་ཡིན་ནོ་དེའི་དོན་རེད། །

དེའི་མི་ཚད་ཐང་ཆེན་ཐང་ཆུང་ཡོད། །

སྲིད་པའི་ཐང་ཆེན་བཅོ་བརྒྱད་ཟེར། །

བ་རྔ་བཅད་ནས་ཆུ་ལ་འཕངས། །

ཆུ་རྔ་མ་རིང་ནོ་དེའི་དོན་རེད། །

དེའི་མི་ཚད་ཆུ་ཆེན་ཆུ་ཆུང་ཡོད། །

སྲིད་པའི་ཆུ་ཆེན་བཅོ་བརྒྱད་ཟེར། །

བ་སུག་བཅད་ནས་ནགས་ལ་འཕངས། །

ནགས་དྲང་སྐྱེས་ཡིན་ནོ་དེའི་དོན་རེད། །

དེའི་མི་ཚད་ཤིང་ཆེན་ཤིང་ཆུང་ཡོད། །

སྲིད་པའི་ནགས་ཆེན་བཅོ་བརྒྱད་ཟེར། །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

ཤ་མཐེབ་མོ་ཙམ་ཞིག་རྐུན་མས་བརྐུས། །

བརྐུ་བའི་རྐུན་མ་བྱ་མོ་རེད། །

སྦེད་མ་ཤེས་ཀླད་པའི་དཀྱིལ་ནས་ལུས། །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

ཁྲག་ཁམ་གང་མ་ཚོར་རྐུན་མས་བརྐུས། །

བརྐུ་མའི་རྐུན་མ་སྐྱུང་ཀ་ཡིན། །

སྦེད་མ་ཤེས་མཆུ་དང་རྐང་ནས་ལྷག །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

ཚིལ་ཕུར་རྡེབ་ཙམ་ཞིག་རྐུན་མས་བརྐུས། །

བརྐུ་བའི་རྐུན་མ་སྐྱ་ཀ་རེད། །

སྦེད་མ་ཤེས་མཁལ་མའི་ཐོག་ནས་ལུས། །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

མགོ་ཕོ་ཡང་མོ་ཡང་བཅོ་བརྒྱད་ཡོད། །

བཅོ་བརྒྱད་ཡོད་རུང་ཀླད་པ་མེད། །

ཀླད་པ་མེད་ནོ་འབྲུག་ཆུང་རེད། །

འབྲུག་འུར་སྒྲ་ཆེ་ནོ་དེའི་དོན་ཡིན། །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

སྒལ་ཚིགས་ཡོད་རུང་སྒལ་ནག་མེད། །

སྒལ་ནག་མེད་ནོ་དུག་སྦྲུལ་རེད། །

སྦྲུལ་ཞེ་སྡང་ཞེ་ནོ་དེའི་དོན་རེད། །

སྲིད་པའི་བ་ཆུང་བཤའ་ཉིན་ལ། །

ལུས་ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད། །

བཅུ་གཉིས་ཡོད་རུང་སོག་པ་མེད། །

སོག་པ་མེད་ནོ་ཐང་དཀར་རེད། །

བྱ་གཤོག་རྩལ་རྒྱས་ནོ་དེའི་དོན་རེད། །

སྲིད་པ་བོད་ཀྱི་ཆགས་རབས་འདི། །

བཤད་ན་ཚར་གི་གནས་མེད་ཀི། །

གཞི་ཁྲོམ་པ་ཚོགས་ཀི་གྲལ་ནང་ནས། །

བ་ཁྲ་མོའི་ཆགས་རབས་འདི་ཙམ་ཡིན། །

འདི་ཡང་ཡང་འཛོམས་ཀི་སྨོན་ལམ་འདེབས། །

          <<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>ལས་བཤུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
75wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15108091
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号