མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༡༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 6 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རུས་རྒྱུད།» རུས་མགར་གྱི་བྱུང་བ་སྣ་ཚོགས། »མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༡༽
མགར་སྟོང་བཙན་ཡུལ་བཟུང་གི་རུས་ཁུངས་དང་ཁྱིམ་རྒྱུད་ལ་དཔྱད་པ།༼༡༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/3/23ལྟ་ཀློག (7496)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

མཐའ་བ་བཀྲ་ཤིས་དོན་གྲུབ།

མགར་ཞེས་པའི་ཐ་སྙད་ནི་སྤྱིར་བཏང་དོན་མང་པོ་ལ་འཇུག་ཀྱང་འདིར་གླེང་བར་བྱ་བ་ནི་རུས་ཀྱི་བྱེ་བྲག་ལ་འཇུག་པ་དང་།  དེ་ཡང་རུས་ཆེན་བཞིའམ་མི་བུ་གདོང་དྲུག་ལས་མཆད་པའི་བོད་གདོད་མའི་རུས་ཚན་གཙོ་གྲས་ཤིག་ཡིན་ཏེ།   རུས་རྒྱུད་འདི་ལས་བྱུང་བ་ཁག་ཅིག་གིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་སྐབས་ནས་བློན་གྱི་གོ་གནས་བཟུང་སྟེ་བོད་ཀྱི་མཐོ་རིམ་སྤྱི་ཚོགས་སུ་ཚུད་ཡོད།  ཏུན་ཧོང་ཡིག་ཚགསP.T ༡༣༨༦ཏུ་རྒྱལ་ཕྲན་སིལ་མའི་དུས་ཀྱི་རྗེ་བོ་དང་བློན་པོའི་མཚན་བརྗོད་པའི་སྐབས་སུ།   ཡུལ་ངས་པོ་ཁྲ་སུམ་ན། རྗེ་དགུག་གྲྀ་འི་ཟིང་པོ་རྗེ། བློན་མགར་དང་མཉན་གཉིས།ཞེས་མགར་གྱི་རུས་ཅན་ཆབ་སྲིད་ཀྱི་སྟེགས་བུར་འཛེགས་པ་བཀོད་ཡོད་པར་མ་ཟད།    ད་དུང་བོད་སྤྱི་ལ་དབང་བའི་རྗེ་བོ་གཉའ་ཁྲི་བཙན་པོ་ནས་འདུས་སྲོང་མང་པོ་རྗེའི་བར་དུ་རུས་མགར་ཅན་གྱི་བློན་པོ་ལྔ་རིམ་པར་བྱུང་བ་བཅས་ཀྱིས་ཀྱང་མགར་ཞེས་པ་ནི་བོད་གདོད་མའི་རུས་ཚན་ཞིག་ཡིན་པར་མ་ཟད།  བོད་གནའ་རབས་སྤྱི་ཚོགས་སུ་ཆབ་སྲིད་ཐད་གོ་གནས་གལ་ཆེན་བཟུང་བའི་རུས་ཚན་ཞིག་ཡིན་པའང་ར་སྤྲད་འདུག

ཡི་གེ་འབྲི་ཚུལ་གྱི་ཐད་ནས་གླེང་ན་རུས་ལ་འཇུག་པའི་སྐབས་ལ་ལར་མགར་དང་འགར་གཉིས་དབྱེར་མེད་དུ་བཀོལ་ཆོག་པར་སྣང་སྟེ།    དཔེར་ན།   <<ཆོས་འབྱུང་ཆེན་པོ་བསྟན་པའི་རྒྱལ་མཚན་ལྡེའུ་ཇོ་སྲས་ཀྱི་མཛད་པ>>ཞེས་པར་འགར་སྟོང་བཙན་ཡུལ་གཟུངས་ཞེས་དང་།   འགར་བཙན་སྙ་ལྡོམ་བུ། འགར་ཁྲི་འབྲིང་བཙན་རྒོད་ཅེས་སོགས་མགར་གྱི་དོད་དུ་འགར་བྲིས་པ་དང་།   བསྟན་པ་ཕྱི་དར་གྱི་ཕྱིས་སུ་བརྩམས་པའི<<བཤད་མཛོད་ཡིད་བཞིན་ནོར་བུ>>དང་།   <<རྗེ་འབངས་རྣམས་ཀྱི་རིགས་རུས་གསལ་བའི་སྒྲོན་མེ། >> <<བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ>>སོགས་སུ་རུས་ཆེན་བཞིའམ་དྲུག་གི་ནང་ཚན་བརྗོད་སྐབས་འགར་ཡིག་བྲིས་ཡོད་མོད།  འོན་ཀྱང་<<ཆོས་འབྱུང་དག་བསམ་ལྗོན་བཟང>>སོགས་སུ་འགར་ཆེན་ཡེ་ཤེས་བཟང་པོ་དང་འགར་དམ་པ་སོགས་གསང་སྔགས་རྙིང་མའི་བླ་མ་བརྒྱུད་པ་གླེང་སྐབས་མཐའ་གཅིག་ཏུ་འགར་ཞེས་བྲིས།   གཞན་ཡང་ཏུན་ཧོང་ཡིག་ཚགས་ལས<<དོན་ཆེན་གནད་བསྡུས།>>དང་།   <<འོ་ལྡེ་སྤུ་རྒྱལ་པོའི་བློན་པོ་རྩལ་ཅན་རིམ་བྱོན།>> <<བཙན་པོ་སྲོང་བཙན་སྒམ་པོའི་མཛད་རྣམ་ཉུང་བསྡུས་>>ཆོགས་སུ་མགར་ཁྲི་སྒྲ་འཛྀ་རྨུན་དང་།   མགར་སྟོང་རྩན་ཡུང་ཟུང་།   མགར་སྟ་གུ་རི་ཟུང་སོགས་མགར་ཡིག་ཁོ་ན་བྲིས་ཡོད་པར་གཞིགས་ན།   སྐབས་འགར་མགར་དང་འགར་གཉིས་ཀྱི་དོན་ལ་ཁྱད་པར་མེད་པར་ཐུན་མོང་གིས་རུས་ཚན་གཅིག་སྟོན་པ་ཤ་སྟག་ཡིན་ཏེ།  གནའ་རབས་ཀྱི་ལོ་རྒྱུས་དེབ་ཐེར་སོགས་སུ་སྒ་ལ་སྒ་དང་དགའ།  སྦྲ་ལ་སྦྲ་དང་དབྲ།  ལྡོང་ལ་གདོང་དང་ལྡོང་།  རྨུ་ལ་རྨུ་དང་དམུ་བཅས་དབྱར་མེད་དུ་འབྲི་བ་སོགས་འབྲི་ལུགས་མི་མཐུན་པ་སྣ་ཚོགས་ཡོད་པ་དང་འདྲ་སྟེ་དོན་ལ་དབྱེ་བ་མེད་དེ་ཡང་ཡི་གེ་འབྲི་སྲོལ་བྱུང་རིམ་གྱི་ཆ་ནས་བལྟས་ན་བོད་གདོད་མའི་དུས་སུ་རུས་ཚན་མཆེད་སྐབས་ངག་རྒྱུན་ཙམ་ལས་ཡི་གེའམ་དག་ཡིག་འབྲི་བའི་སྲོལ་མ་བྱུང་བ་དང་།   ཡི་གེའི་སྲོལ་བྱུང་རྗེས་མགར་ཞེས་པའི་སྒྲ་དེ་ཉིད་ཡི་གཟུགས་སུ་ཐོག་མར་ཕབས་དུས་མགར་ཡིག་ཉིད་བྲིས་པར་ངེས་ལ།  དེ་ནས་བོད་ཀྱི་སྤྱི་ཚོགས་འགྱུར་ལྡོག་གི་དབང་གིས་རིག་གནས་ལ་གོད་ཆག་ཆེན་པོ་ཐེབས་པ་དང་བསྟན་པ་ཕྱི་དར་ཏེ་རིག་གནས་སླར་གསོའི་སྐབས་ནས་མགར་ཡིག་གི་དོད་དུ་འགར་ཡིག་འབྲི་བའི་སྲོལ་བྱུང་བ་ཡིན་ནམ་སྙམ་བྱུང་།

   འོན་ཀྱང་བསྟན་པ་ཕྱི་དར་སྐབས་ཁམས་ཕྱོགས་སུ་བྱོན་པའི་འགར་ཆེན་ཡེ་ཤེས་བཟང་པོ་དང་འགར་དམ་པ་སྐུ་མཆེད་ཀྱི་ཁྱིམ་རྒྱུད་བརྗོད་དུས་འགར་ཡིག་བྲིས་པ་ལ་ཡིད་འཇོག་བྱ་དགོས་ཏེ།   སྐབས་དེར་བརྗོད་པའི་འགར་དང་མགར་སྟོང་བཙན་གྱི་མགར་ལ་འབྱུང་ཁུངས་དང་གནས་ཡུལ་གྱི་ཐད་ནས་ཁྱད་པར་ཡོད་དེ་གསལ་པོར་རྗེས་ནས་བཤད་རྒྱུ།   དེ་བས་མགར་དང་འགར་གཉིས་མཐའ་གཅིག་ཏུ་དོན་ལ་ཁྱད་པར་མེད་པར་ཐུན་མོང་གིས་རུས་ཚན་སྣ་གཅིག་སྟོན་པ་ཡིན་ཞེས་བརྗོད་དཀའ་བས།  སྐབས་འགར་འདྲ་ལ་སྐབས་འགར་མི་འདྲ་བས་ཡི་གེ་དེ་གཉིས་ལ་མཐུན་ཆོས་ཡོད་ལ་ཁྱད་པར་ཡང་ཡོད་པ་ཤེས་དགོས།  

དེངའ་མགར་ཞེས་པ་ནི་རྩ་བའི་རུས་ཆེན་གང་ལས་མཆེད་པར་དབྱེ་ཞིབ་རགས་ཙམ་བྱེད་པ་ལ།   རང་རེའི་གནའ་རབས་རུས་མཛོད་དང་ལོ་རྒྱུས་ཡིག་ཚང་སོགས་སུ་རྩ་བའི་རུས་ཆེན་ལ་དབྱེ་ཚུལ་བཞིའམ་ལྔ།  དྲུག་དང་བདུན་སོགས་གསུངས་ཡོད་དེ།   <<རྒྱ་བོད་ཡིག་ཚང་ཆེན་མོ>>རུ།  སྤྲེའུ་ཕྲུག་མིར་གྱུར་པ་རྣམས་རྗེ་མང་དུ་སོང་ནས་འབྲུ་ལ་མ་འཆམ་པར་ཚོ་བཞིར་བགོ་བས།   སེ་དང་།  རྨུ་དང་།  སྟོང་དང་།  ལྡོང་དང་བཞི་ལ་མི་བུ་རུས་བཞི་ཟེར།   བོད་མི་ཕལ་ཆེ་བ།  རུས་ཆེན་བཞི་པོ་འདི་ལས་གྱེད་པར་བྱེད་དོ།ཞེས་གསུངས་པ་དང་།  <<བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ>>དུ།   ལྡོང་ཆེ་གཉན་ཅན་ཞེས་རྒྱལ་ཆེན་མི་བཞི་སོགས་བྱུང་བ་ཆེས་གཉན་ཆེ་ལ།  འབྲུ་བྱས་པ་ཅན་ཞེས་དགྲ་ལ་རྒོད་པ།   སྒ་ཡིག་ཚང་ཅན་ཞེས་སློབ་གཉེར་ལ་མཁས་པ།  སྦྲ་མིང་རྣ་ཅན་ཞེས་ཕྱུག་དཔལ་ཆེ་བ།  ཞིང་བོ་སྒོ་ཞེས་པ་ལྷ་ཡི་རིགས་དང་ལྔ་ལ་རུས་ཆེན་སྡེ་ལྔ་ཟེར།ཞེས་གསུངས་ཡོད་ལ། དེ་རུ་འབྲུ་ནི་སྟོང་ལ་གཏོགས་པ་དང་། སྒ་ནི་རྨུ་ལ་གཏོགས་པ།  སྦྲ་ནི་བསེ་ལ་གཏོགས་པས་རུས་ཆེན་བཞིའི་བྱེ་བྲག་པའི་སྟེང་དུ་ལྷ་རིགས་སྒོ་བསྣན་ནས་སྡེ་ལྔར་དྲངས།  ཡང་རུས་མཛོད་དེ་ལས་སྡེ་ལྔའི་སྟེང་དུ་དབའ་ཡི་ཚན་པ་དང་ཟླ་ཡི་ཚན་པ་བསྣན་ནས་རུས་བདུན་དུ་གསུངས་ཤིང་དབྱེ་ཡོད།   <<ཆོས་འབྱུང་མཁས་པའི་དགའ་སྟོན>>དུ།  བོད་ཀྱི་མི་བུ་རིགས་བཞི་ཞེས་སེ་དང་རྨུ་ལྡོང་དང་སྟོང་གིས་རུས་ཚན་བཞི་བྱུང་བར་གྲགས་ཤིང་ཡང་དབྲ་དང་འདྲུ་བསྣན་ནས་མི་བུ་རིགས་དྲུག་དུའང་གྲག་གོཞེས་རྩ་བའི་རུས་ཆེན་དྲུག་གི་འདྲེན་ཚུལ་བསྟན་པ་སོགས་ནི་རུས་ཀྱི་རྩ་བའི་དབྱེ་ཚུལ་གྱི་རྣམ་གྲངས་ཙམ་ཡོངས་གྲགས་བཞིན་ངོ་སྤྲོད་བྱས་པ་ཡིན་ལ།  གཞན་ཡང་འདྲེན་ཚུལ་མི་མཐུན་པ་ཁ་ཤས་སྣང་ཡང་སྐབས་སུ་མ་བབ་པས་ཞིབ་ཏུ་མ་དྲངས།  དེ་ནས་མགར་ནི་རུས་ཆེན་དེ་དག་ལས་གང་ལ་གཏོགས་སམ་ངོས་འཛིན་ཐུབ་བམ་ཞེ་ན།   རང་རེའི་སྔོན་བྱོན་མཁས་པ་རྣམས་ཀྱིས་དབྱེ་ཞིབ་བྱས་ནས་ངོསད་འཛིན་གནང་ཡོད་དེ།  མདོར་ན་ལྷ་རིགས་སྒོ་ལས་མཆེད་པ་དང་རུས་ཆེན་རྨུ་ལས་མཆེད་པ་བཅས་རིགས་གཉིས་སོ།།

 གཉའ་གོང་དཀོན་མཆོག་ཚེ་བརྟན། བོད་ཀཡི་བརྡ་རྙིང་ཡིག་ཆིབདམས་བསྒྲིགས།[M]ཀྲུང་དབྱང་མི་རིགས་སློབ་ཆེན་དཔེ་སྐྲུན་ཁང་། ༡༩༩༥. 

དཔལ་འབྱོར་བཟང་པོ།  རྒྱ་བོད་ཡིག་ཚང་ཆེན་མོ། [M]སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   ༡༩༨༤.   ༡༢༦—༡༢༧

གྱི་ལུང་བཀྲ་ཤིས་རྒྱ་མཚོ་སོགས།   བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།  [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང།  ༡༩༩༢ .  —༤

དཔའ་བོ་གཙུག་ལག་ཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན།  [M] མི་རིགས་དཔེ་སྐྲུན་ཁང་།  ༡༩༨༦ .   ༡༥༤

                                                            <<དཔའ་བོའི་བཞུད་ལམ>>ལས་ཚན་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urky བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བློ་རྒྱམ་ནས། སྤེལ་དུས:2014/10/6
བྲིས་པ་ཤིན་ཏུ་ལེགས། འོན་ཀྱང་རྗེས་ཀྱི་འཆུགས་རྟགས་དེ་དྲ་སྒོ་རྒྱག་སར་ནོར་འགྲོ།
 སྤེལ་མཁན:  སྤེལ་དུས:2014/3/23
好好
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41666784
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1