པ་གོར་ཇོ་བོ་ལྷ་ཁང་གི་ལོ་རྒྱུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »པ་གོར་ཇོ་བོ་ལྷ་ཁང་གི་ལོ་རྒྱུས།
པ་གོར་ཇོ་བོ་ལྷ་ཁང་གི་ལོ་རྒྱུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/3/28ལྟ་ཀློག (3025)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།པ་གོར་ཇོ་བོ་ལྷ་ཁང་གི་ལོ་རྒྱུས་ས་བོན་རྒན་པོའི་ངག་རྒྱུན་པད་དཀར་ཕྲེང་བ།  

ཁྲི་གླིང་པདྨ་ཡང་གསང་། ལྷ་ས།

ཨོཾ་སྭ་སྟི།  སྣང་ཞིང་སྟོང་ལ་སྟོང་བཞིན་སྣང་བ་ཡི།།

སྣང་སྲིད་ཆོས་ལ་བདག་གིར་འཁྲུལ་པའི་ཞགས།།

གཅོད་བྱེད་ཤེས་རབ་རལ་གྲི་སོ་གཉིས་མ།།

འཆང་བའི་ལྷ་དེར་སྒོ་གསུམ་གུས་པས་འདུད།།

གང་ཞིག་མཐོང་ངམ་ཐོས་སམ་མཇལ་པ་ཡིས།།

 འགྲོ་ཀུན་སྲིད་པའི་འདམ་ལས་བསྒྲོལ་བྱེད་པ།།

པ་གོར་ཇོ་བོ་མཐོང་གྲོལ་ཆེན་མོ་ཡི།།

བྱུང་བ་པད་དཀར་ཕྲེང་བ་སྤེལ་ལ་སྤྲོ།།

      ཞེས་ཤིས་པར་བརྗོད་པའི་ཚིག་གི་མེ་ཏོག་སྔོན་དུ་བསྟར་ཏེ་འདིར་གང་གླེང་བར་བྱ་བ་ནི། ཇི་སྐད་དུ། བཀའ་བདམས་གླེགས་བམ་ལས།  ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ཡི་མཎྡལ་ཡོད། ། གངས་དཀར་བོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། ། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། །ཅེས་གསུངས་པ་བཞིན། འཕགས་མཆོག་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བོད་ཁ་བ་ཅན་ཞེས་སྙན་པའི་བ་དན་དཀར་བོ་ཕྱོགས་སུ་གཡོ་བའི་ཡུལ་འདི་ནི། སའི་ཆགས་དབྱིབས་ཀྱིས་བརྗོད་ན་སྲིན་མོ་གན་རྐྱལ་དུ་ཉལ་འདྲ་ཞེས་སྔོན་བྱོན་དྲན་དབང་དག་གིས་གསུངས་པ་ལྟར་ཏེ། མཐའ་བཞི་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་། སའི་བབ་མཐོ་བ་གོ་ལ་རིལ་མོའི་གཙུག་ཏོར་དུ་གནས་པ། ཕྱོགས་ཀྱི་ཆ་ནས། རྒྱ་གར་འཕགས་པའི་ཡུལ་དང་ཁད་ཉེ་བ་བྱང་གི་ཕྱོགས་སུ་གནས་པ། མ་ཧ་ཙི་ན་དང་འདབས་འབྲེལ་བའི་ཡུལ་འདི་ལ་མིའི་རིགས་འཚོ་སྡོད་བྱས་པའི་ལོ་རྒྱུས་སྔ་ལ་རིང་ཞིང་། དེང་གི་ཞིབ་འཇུག་པ་རྣམས་ཀྱིས་གསུངས་པ་ལྟར་ན་ལོ་ངོ་ཁྲི་ཕྲག་སྔོན་ནས་བོད་རང་གི་མེས་པོ་དག་ཡུལ་འདི་ནས་འཚོ་ཞིང་འཕེལ་བ་གནའ་རྫས་རྟོག་དཔྱོད་ཀྱིས་བདེན་པའི་རང་ཞལ་འཕྲོད་པར་གསུངས། དེས་ན་རྒྱུན་རིང་བའི་ལོ་རྒྱུས་ཀྱི་ཕྲེང་བར་ནས་རིམ་བཞིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཚོ་ཁག་གི་རྣམ་པ་དང་། རིམ་གྱིས་རྒྱལ་བོ་གཉའ་ཁྲི་བཙན་པོ་སོགས་ཡུལ་ཁམས་གཅིག་གྱུར་གྱི་ལས་ལ་ཁྱད་དུ་འཇོན་པའི་གནམ་གྱི་ཁྲི་བདུན་སོགས་བོད་ཡུལ་སྐྱོང་བའི་རྒྱལ་བོ་བྱོན་ཞིང་། ལྷག་དོན་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཡིག་གསར་བཟོ་གནང་བ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་གདན་འདྲེན་ཞུས་པ་སོགས་བོད་ཀྱི་རིག་གནས་དབྱར་གྱི་ཆུ་བཞིན་འཕེལ་བའི་རྟེན་འབྲེལ་ཐོག་མར་བསྒྲིགས། ལྷག་དོན་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་གསང་སྔགས་རྒྱུད་སྡེ་ལ་མཁས་པའི་སློབ་དཔོན་པདྨ་འབྱུང་གནས་དང་། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་མཁན་ཆེན་ཞི་བ་འཚོ་སོགས་གདན་འདྲེན་ཞུས་ཤིང་། པ་གོར་བཻ་རོ་ཙ་ན་གཙོས་པའི་སད་མི་བདུན་རབ་ཏུ་བྱུང་བ་སོགས་ཕྱི་ནང་གི་རྟེན་འབྲེལ་འཛོམས་པས་རྒྱལ་བསྟན་གངས་རིའི་ལྗོངས་ཀྱི་ཡུལ་ཁམས་ཀུན་ཏུ་ནམ་ལངས་ཀྱི་ཉི་ཤར་བཞིན་གསལ་བར་མཛད་དོ། །

     ལར་བོད་སཱ་ལའི་སྨན་ལྗོངས་འདི་ལ་སྟོད་དུ་མངའ་རིས་སྐོར་གསུམ་རྫིང་བུ་འདྲ་བ། བར་ན་དབུས་གཙང་རུ་བཞི་ཡུར་བ་འདྲ་བ། སྨད་ལ་མདོ་ཁམས་སྒང་དྲུག་ཞིང་ས་འདྲ་བ་ཞེས་སུ་གྲགས་པའི་ཕྱི་མའི་ནང་ཚན། མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ལྷན་ནེར་ཆགས་པའི་ཡུལ་གྲུ་གཡང་གི་སྡེ་ཆེན་ཁྲི་ཀ་གསེར་མོ་ལྗོངས་འདི་ཡང་བོད་བཙན་པོ་དུས་ནས་བཟུང་བོད་ཀྱི་ཡུལ་གྲུ་གལ་ཆེན་ཞིག་ཡིན་པར་མངོན་ཏེ། ཏུང་ཧོང་ཡིག་རྙིང་སོགས་སུ་ཡུལ་འདིར་ཁྲི་ག་ཞེས་དང་།  རྫོང་འདིའི་ཤར་ཕྱོགས་སུ་འགྱིང་བའི་སྲིན་པོ་རྫ་རི་ལའང་སྲིན་པོ་རི་ཞེས་པ་སོགས་དེང་གི་འབོད་སྟངས་ནར་མར་གནས་པ་འདིས་ཀྱང་དོན་འདིར་བདེན་ཁ་སྟེར་ཐུབ་ལ། མ་ཟད་ཡུལ་འདིའི་རྟེན་བྱིན་ཅན་མི་ཉག་མཆོག་རྟེན་གྱི་གཟུངས་གཞུག་ལ་རྒྱལ་བོ་ཁྲི་རལ་བ་ཅན་གྱི་དབུ་སྐྲ་བཞུགས་པ་སོགས་དང་། དེ་བཞིན་ཉེ་རབས་གསར་དུ་རྙེད་པའི་ཅོག་རོང་དགོན་པའི་ཅོང་ཆེན་སོགས་ལོ་རྒྱུས་རིག་དངོས་དུ་མར་བསམ་གཞིག་བགྱིས་ན་ཡུལ་འདིར་རྒྱལ་བའི་བསྟན་པའང་བོད་བཙན་པོའི་དུས་ནས་དར་ཡོད་པའི་ངེས་པ་རྙེད་ཐུབ། དེས་ན་འདིར་འཆད་འགྱུར་གྱི་པ་གོར་ཇོ་བོ་ནི་དེང་གི་རྫོང་སྲིད་གཞུང་ནས་ཤར་གྱི་ཕྱོགས་སུ་ཕལ་ཆེར་སྤྱི་ལེ་བརྒྱད་ཀྱི་མཚམས་སུ་གནས་པའི་ཇོ་བོའུ་སྡེ་བར་ཆགས་ཡོད་ལ།   མིག་སྔར་ལྷ་ཁང་འདིའི་ལོ་རྒྱུས་ཡིག་ངོར་འཁོད་པ་ཞིག་མིག་གི་དཔལ་དུ་མ་གྱུར་ནའང་།   ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་དུ་འདི་ལ་པ་གོར་ཇོ་བོ་ཟེར་ཞིང་།   མ་ཟད་ཡུལ་འདིར་པ་གོར་རི་ཁྲོད་དང་། པ་གོར་ལབ་ཙེ་སོགས་པ་གོར་དང་འབྲེལ་བའི་རིག་དངོས་མང་དུ་ཡོད་པར་གཞིགས་ན།    ཇོ་བོ་འདི་ཉིད་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་དུས་ཀྱི་པ་གོར་བཻ་རོ་ཙ་ན་དང་འབྲེལ་བ་ཡོད་དམ་སྙམ་པའི་དོགས་གཞི་སྐྱེས་ཏེ།   གཅིག་ན་བོད་ཀྱི་ལོ་རྒྱུས་ཡིག་ཚང་སོགས་སུ་ལོ་ཆེན་བཻ་རོ་ཙ་ན་གཅིག་པུར་པ་གོར་ཞེས་པའི་མིང་འདི་སྦྱོར་སྲོལ་ཡོད་ཅིང་།  གཉིས་སུ་བཻ་རོ་ཙ་ན་རྒྱལ་རོང་དུ་ཕེབས་དུས་ཡུལ་འདིར་ཞབས་ཀྱིས་བཅགས་པར་མངོན་ཏེ།    ཁྲི་ཀའི་ཆུ་ཁོལ་འདི་ཉིད་བཻ་རོ་ཙ་ན་དང་འབྲེལ་བ་ཆེ་བའི་ངག་རྒྱུན་དང་ཡིག་རྙིང་ཡང་ཡོད་པར་གྲགས་པས་སོ།  ། དེ་བས་རྟེན་འདི་ཉིད་ལོ་ཆེན་མཆོག་གིས་བཞེངས་པར་ཕལ་ཆེར་ཡིད་ཆེས་ཆོག་པར་སེམས།

ཡོན་རྒྱལ་རབས་ཀྱི་སྐབས་སུ་སོག་དམག་ཡུལ་འདིར་སླེབས་པ་ཡིས་མི་ལོ་ལྔ་བརྒྱར་ཉེ་བ་ལ་ཡུལ་འདིའི་རྟེན་དུ་ལྷམ་པའི་ལྷ་ཁང་འདི་ལའང་ཉམས་ཉེས་བྱུང་བར་འདོད་ཅིང་། ཕྱིས་ས་པཎ་ཡབ་སྲས་ཀྱིས་སོག་པོ་ཆོས་ཀྱིས་བཀུག་པ་ན་དེ་དག་གིས་ཀྱང་སྔར་བྱས་སྡུག་པར་ཤེས་ཏེ་བསྐྱར་བཞེངས་བྱས་པར་གྲགས། དོན་འདི་གཞི་འཛིན་བྲལ་བའི་འཆལ་གཏམ་རང་མ་ཡིན་ཏེ། དེང་སྐབས་ལྷ་ཁང་འདིའི་གནའ་ཤུལ་དུ་ཡོན་རྒྱལ་རབས་སྐབས་ཀྱི་སོ་ཕག་གི་རྩིག་རོ་རྙེད་པས་དང་། ཡང་ངག་རྒྱུན་དུ་ཇོ་བོ་འདི་སོག་པས་བསྐྱར་བཞེངས་བྱས་རྐྱེན་སོག་ཇོ་ཞེས་སུ་འབོད་པས་སོ །།  རྒན་པོ་དག་གིས་ཁྲི་ཀའི་ཡུལ་འདིར་རྒྱ་ཇོ་དང་། བོད་ཇོ། སོག་ཇོ་གསུམ་ཡོད་པར་བཤད་ཅིང་། རྒྱ་ཇོ་ཞེས་པ་དེང་གི་ཁྲི་ཀའི་ཇོ་བོ་ཞེས་ས་པཎ་གྱིས་རབ་གནས་མཛད་པར་གྲགས་པ་དེ་དང་། བོད་ཇོ་ཞེས་པ་དེང་སྐབས་ཀྱང་བོད་ཇོ་དགོན་པ་རུ་འབོད་པ་དེ་དང་། སོག་ཇོ་ཞེས་པ་འདི་ཉིད་དོ།། སྔ་མ་གཉིས་ཀྱི་མིང་གི་སྔོན་དུ་མི་རིགས་ཀྱི་མིང་དེ་ཅིའི་ཕྱིར་གདགས་པ་ལ་རྒྱུ་མཚན་གསལ་བོ་ཞིག་ཁོ་བོར་བཤད་དུ་མེད་ཀྱང་། ཕྱི་མའི་མིང་གི་ཐོགས་ཚུལ་ནི་གོང་དུ་བརྗོད་པ་དེ་བཞིན་ནོ།།

ཇོ་ཁང་འདི་ཉིད་གནས་སའི་སྡེ་བའི་མིང་ལ་ཇོ་བོའུ་ཟེར་ཞིང་། མིང་མཐའ་ལ་འུ་ཡིག་ཡོད་པ་འདི་བོད་ཀྱི་བརྡ་ལ་སྤྱིར་བཏང་དངོས་པོ་ཆུང་ངུར་འཇུག་སྟེ། དཔེར་ན་སྟ་རེ་ཆུང་ངུ་ལ་སྟེའུ་དང་། བ་གླང་ཆུང་ངུ་ལ་བེའུ། ཤྭ་བ་ཆུང་ངུ་ལ་ཤེའུ་སོགས་མང་བས། ཇོ་བོའུ་ཟེར་བའང་ཇོ་བོ་ཆུང་ངུའི་དོན་དུ་ངེས་པར་འཇུག་པ་བློ་ལྡན་སུས་གཞིགས་ཀྱང་རྟོགས་པར་ངེས། དེས་ན་སྡེ་བ་འདིའི་མིང་ཡང་ཡུལ་འདིའི་རྟེན་དུ་གྱུར་པའི་ཇོ་བོ་ལས་ཐོགས་ཚུལ་རྟོགས་ཐུབ་པ་ནི་ཞར་དུ་ཐལ་བའི་གཏམ་མོ།  ། ཇོ་བོ་ལ་ཆུང་ངུ་སྟེ་མིང་མཐའ་འུ་སྦྱོར་དོན་ཕལ་ཆེར་སྔོན་དུས་མཱ་པུ་ཧྥང་གིས་གཏོར་བཤིག་བཏང་བའི་ངག་རྒྱུན་ཡོད་པས། ཕྱིས་བསྐྱར་བཞེངས་བྱས་པ་ཕྱི་ནང་གི་མཐུན་རྐྱེན་དུ་མས་ཁྲི་ཀའི་ཇོ་བོ་ལྟར་དུ་རྒྱ་ཆེན་མིན་པ་ཡིས་ཇོ་བོ་ཆུང་ངུ་ཐོགས་པ་ཡིན་ནམ་སྙམ། མདོར་ན་ཡུལ་འདིའི་ཇོ་བོ་ནི་འབྱུང་བཞིས་བར་ཆད་ཀྱིས་ད་ལྟ་ཤུལ་ཙམ་ལས་མི་མངོན་ཡང་། ལོ་རྒྱུས་ཀྱི་ཆ་ནས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ངེས་པས་ཁྲི་ཀའི་ཡུལ་འདིའི་ལོ་རྒྱུས་རིང་བའི་རྟེན་དུ་ཡིད་རྟོན་རུང་བར་ཆོག་གོ།།

སྨྲས་པ། འབྱུང་བཞིའི་རླུང་ཆེན་དྲག་ཏུ་གཡོས་པ་ཡིས།།

          གང་ཞལ་རྡུལ་གྱིས་གོས་ནས་མི་གསལ་ཡང་།།

          རྒན་པོའི་ངག་དང་ཁོ་བོའི་རིག་སྟོབས་ཀྱིས།།

          ཡང་བསྐྱར་རང་མདངས་མངོན་ལ་ཡིད་ཆེས་རྙེད།།

 ཅེས་ཁྲི་གླིང་པདྨ་ཡང་གསང་གིས་བོད་རབ་གནས་ཤིང་རྟ་ལོའི་ལོ་གསར་ཚེས་བརྒྱད་ཉིན་ར་ས་ཆོས་ཀྱི་ཞིང་ཁམས་ནས་མགྱོགས་པོར་སྦྱར་བ་དགེའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
liao བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41326916
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1