དགུང་ཨ་སྔོན་གོས་དཀར་ཞབས་ན།།
ས་པདྨོ་འདབ་བརྒྱད་ཐོག་ན།།
ནང་འཇའ་ཚོན་གུར་གྱི་ནང་ན།།
བྲག་དམར་པོ་ལྷ་མོ་རང་བྱུང་།།
ལྷ་ལྷ་མོའི་མདུན་ཅོག་སྟེང་ན།།
ས་དཀར་པོས་མཁར་ཞིག་བརྡུངས་ཡོད།།
དགུང་ཨ་སྔོན་ནོར་བུའི་ཕོ་བྲང་།།
གསེར་སེར་པོའི་གསེར་ཏོག་བཞག་ནས།།
རྡོ་གཡའ་མས་བང་རིམ་བརྩིགས་ཡོད།།
ཕྱིའི་ཙན་དན་སྒེའུ་དྲུང་སྤྲད་ཡོད།།
ཤེལ་ལྗང་ལོའི་རབ་སང་བཞག་ཡོད།།
ས་དེ་ལ་ས་བཤད་བྱས་ན།།
བན་སེར་མོ་གྲལ་ལ་བསྒྲིགས་འདྲ།།
ཤར་མདུན་ཕྱོགས་མཆོད་པའི་རི་དེ།།
དངུལ་དཀར་པོས་བུམ་པ་བརྡུངས་ནོ།།
སྟོད་ལྷོ་རི་དྲག་པོའི་རྩིབས་རེད།།
བྱ་རྨ་བྱའི་སྒྲོ་མདངས་རྒྱས་ནོ།།
མདུན་རི་དགའ་ལྡན་ནགས་རེད།།
རྒྱབ་རི་ཙན་དན་ཤུག་པ།།
ཁྲ་གྱི་ལེ་སྟག་ཚང་ལྷ་མོ།།
འདིིའི་ཕྱི་སྒོ་དར་དཀར་ཡོ་ལང་།།
འདིའི་ནང་སྒོ་གུར་དཀར་སྒོ་བཞི།།
མགྲོན་མཛའ་མཐུན་གཉིས་ཀྱི་བསྟི་གནས།།
གསེར་འདུ་ཁང་ཀླུ་ཡི་ཕོ་བྲང་།།
ནང་མི་འགྱུར་ཀྭ་འགོ་གསེར་རེད།།
གསེར་སེར་པོར་བ་ཁྲ་ཕབ་ཡོད།།
ནང་མི་འགྱུར་ཀྭ་རྟིང་རྡོ་རེད།།
རྡོ་གོར་མོར་བང་རིམ་རྒྱས་ཡོད།།
འདིའི་ཀྭ་སྐེད་འབྲུག་གིས་བརྒྱན་ཡོད།།
གཡུ་འབྲུག་ཆུང་ཁ་སྤྲོད་བྱས་ཡོད།།
ཀྭ་རེ་རེར་མ་ཚང་ནི་མེད།།
བཀའ་གསུང་རབ་ཆོས་ཀྱི་འགོ་ན།།
ཆོས་ཟབ་མདོ་པོ་ཏི་བརྩེགས་ཡོད།།
ནང་མཆོད་རྫས་དགུང་གི་འཇའ་ཚོན།།
གཡུ་བྱུ་རུའི་དྲ་བ་དྲ་ཕྱེད།།
དངུལ་དཀར་པོའི་བཞུགས་ཁྲིའི་སྟེང་ན།།
ཁྲི་དྲུག་འཇོག་རྒྱལ་མཚན་སེངྒེ་།།
ཁྲི་དྲུག་འཇོག་རྒྱལ་མཚན་སྟེང་ན།།
དུང་དཀར་པོའི་མཆོད་རྟེན་འབུལ་ཡོད།།
བརྩིགས་མཆོད་རྟེན་བང་རིམ་འོག་ན།།
གཡུ་བྱུ་རུའི་ཕྲ་རྒྱན་འཕང་ཡོད།།
མཐོ་མཆོད་རྟེན་བང་རིམ་གོང་ན།།
གསེར་སེར་པོའི་བུམ་པ་བཞག་ཡོད།།
སྐུ་ཁམས་ཆེན་རྒྱལ་མཚན་སེངྒེ།།
ཤར་འཛམ་གླིང་ཉི་མ་ཤར་འདྲ།།
མ་སེམས་ཅན་ཐམས་ཅད་དྲོ་དགོས།།
གདན་སུམ་བརྩེགས་འབྲུག་གི་ཐོག་ན།།
ལྷོ་འབྲུག་བརྒྱ་སྤྲིན་སྟོང་ཁུག་ན།།
སྐུ་མི་འགྱུར་རཱ་ལོ་བཞུགས་ཡོད།།
ཚེས་བཅྭོ་ལྔའི་ཟླ་བ་ཤར་འདྲ།།
མ་སེམས་ཅན་ཐམས་ཅད་དར་དགོས།།
བླ་གྲྭ་ཚང་དགུང་གི་སྐར་མ།།
ནང་ཞལ་ངོ་གཡུ་འབྲུག་སྔོན་པོ།།
མ་སེམས་ཅན་དབང་ཐང་རྒྱས་དགོས།།
གྲྭ་ཕྱག་བདེ་རྟ་རྒོད་རྒྱུག་རྒྱུག།
ལག་ཇ་པྲ་རྟེའུ་ཆུང་རྩེད་རྩེད།།
རྒྱུ་འབུལ་བ་ཆར་ཆུ་འབབ་འབབ།།
ཆོས་མདོ་མང་འདུལ་བ་ཟེར་རྒྱུ།།
རྩིག་རི་བོའི་གཏོས་དང་མཉམ་ཡོད།།
ཆོས་གསུང་རབ་གསེར་ཕྱེ་དུང་མ།།
དུས་རྒྱུན་དུ་གཟིགས་ཀི་འདུག་དགོས།།
སྐད་སྙན་མོས་ཐལ་བརྡ་གཏོང་དུས།།
རྗེ་བླ་མ་ཐམས་ཅད་མཁྱེན་པ།།
སོང་ཤི་བོའི་རྣམ་ཤེས་འདྲེན་དགོས།།
གཞུགས་གསོན་པོའི་བར་ཆད་སེལ་དགོས།།
སྒོ་ནུབ་ཕྱོགས་དམར་པོའི་ཕོ་བྲང་།།
ཁང་ཕོ་བྲང་དམར་པོའི་ནང་ན།།
དགུང་ཨ་སྔོན་གསེར་ཁྲིའི་ནང་བ།།
འབྲུག་ཕོ་སྟོང་གསེར་ཁྲིའི་དབོན་པོ།།
མགོ་བྱུར་དམར་ཆ་ལ་ཅན་པོ།།
མགོ་ངུར་ནག་གསེར་ཁྲིའི་དབོན་པ།།
ལག་གསེར་ནག་ཐེའུ་རྩེ་ཅན་པོ།།
རྗེ་བླ་མ་གཉིས་ཀྱི་མདུན་ན།།
ཞལ་མ་ནག་དུང་ཟླ་དཀར་པོ།།
དུང་ཟླ་བ་དཀར་གི་རིང་ལ།།
འབངས་སྐྱ་སེར་བདེ་སྐྱིད་འཐོབ་དགོས།།
བླ་གྲྭ་ཚང་སུམ་བརྒྱའི་མགོ་ན།།
གསུང་འབྱོན་ནོ་རྒྱལ་པོའི་བཀའ་རེད།།
རྗེ་གར་ཕེབས་བླ་མའི་གཞུག་ན།།
དོན་བསྒྲུབ་ས་སེམས་ཅན་ཐམས་ཅད།།
ཁྱོད་བཅིབས་པ་གྲོ་དམར་ཟེར་བ།།
ལྷ་རྟ་མགྲིན་དམར་པོའི་སྤྲུལ་བ།།
གན་གསེར་སྲབ་གྲིབ་མ་ཐུར་བཀུག།
འདིའི་ཨ་ལོང་དངུལ་གྱིས་བྱན་ཡོད།།
འདིའི་སྲབ་གདོང་འབྲོང་ཀོས་བརྒྱན་ཡོད།།
སྒ་གྲུ་བཞི་དྲུག་དཀར་གཡུ་རེད།།
སྒའི་སྔ་རི་སེངྒེ་དཀར་མོ།།
སྒའི་ཕྱི་རི་ཁྱི་སྲིན་ཉལ་འདྲ།།
འདིའི་སྒ་ཁོག་ཉི་མ་རང་ཤར།།
སྒ་ལྷུ་བཞིའི་ལྟོ་བའི་ཐོག་ན།།
གོས་མ་ནག་ཁེ་སི་ཕངས་ཡོད།།
གོས་མ་ནག་ཁེ་སིའི་ཐོག་ན།།
ཁྱོད་དབོན་ཕྲུག་བསྟན་འཛིན་སེངྒེ།།
ཁྱོད་ཆོས་སྐྱོང་ནམ་མཁའི་གློག་དམར།།
དུས་རྒྱུན་དུ་ཕྲེང་གི་འདུག་དགོས།།
ཐུགས་བརྩེ་བ་ཆེན་པོའི་སྒོ་ནས།།
ཁྱེད་བླ་མའི་ཐུགས་ལ་དེ་བཟུང་།།
འཇའ་ཁ་དོག་འཛོམས་ཀི་དབོན་པོ།།
ཁྱེད་ལུས་ཡག་ཉག་ཕྲན་མདའ་རེད།།
མདའ་དྲང་ཐོག་དེ་ནས་སྡོད་ཐལ།།
གཏམ་མྱི་ཁས་ཐུབ་རབས་ཁྱོད་མེད།།
ས་བསོད་ནམས་ཅན་གྱི་སྡེ་འབངས།།
ཡུལ་ལོངས་སྤྱོད་དར་གི་ཞིང་སར།།
སྐྱིད་ཉི་ཟླ་རང་ཤར་བྱེད་པའི།།
སེམས་སྨོན་ལམ་ཡང་ཡང་བཏབ་ཡོད།།
<<བོད་ཀྱི་ངག་རྒྱུན་གཏམ་རྒྱུད་ཕྱོགས་བསྒྲིགས>>ལས་བཤུས།
|