བོད་ཀྱི་ཉེན་ཁ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 29 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་ཉེན་ཁ།
བོད་ཀྱི་ཉེན་ཁ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/2ལྟ་ཀློག (4280)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


བརྡ་ཆད་གཙོ་བོ།

ཡུལ་སྲོལ།  གོམས་གཤིས། ཆོས་ལུགས། རིག་གནས། མི་རིགས།

གལ་གནད།

ད་ལྟ་བོད་ཀྱི་གནས་སྟངས་དེ་ཆེས་ཉེན་ཁ་ཅན་གྱི་གནས་སུ་སླེབས་པའི་དུས་ཚོད་ཅིག་ལགས། རྒྱུ་མཚན་ནི། མི་རིགས་གཞན་འགྱུར་གྱི་ཉེན་ཁ་དང་། ཡུལ་སྲོལ་གོམ་གཤིས་ཉམས་པའི་ཉེན་ཁ་དང་། ཆོས་ལུགས་དང་མི་རིགས་ཀྱི་རིག་གནས་ཉམས་པའི་ཉེན་ཁ་བཅས་ལ་ཕྱོགས་པའི་ཕྱིར་རོ། །
      དང་པོ།  དེ་དག་ཉམས་པའི་ཉེན་ཁའི་རྒྱུ་རྐྱེན་གཙོ་བོ་ནི་སྐད་ཡིག་ཉམས་པ་ལ་ཕྱོགས་པའི་དབང་གིས་ཡིན་ལ། སྐད་ཡིག་ཉམས་ཕྱོགས་ཀྱི་རྒྱུ་རྐྱེན་ནི་སྐད་ཡིག་སྤྱོད་པའི་རྒྱ་ཆུང་བ་སྟེ་སྤྱོད་སྒོ་དོག་པའམ་སྐད་ཡིག་ཇི་འདོད་སྤྱོད་པའི་དབང་ཆ་དང་བཀོལ་ཡུལ་མེད་པའི་དབང་གིས་བྱུང་བ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད། མི་རིགས་ཤིག་གི་སྐད་ཡིག་དེ་ཉམས་ན་མི་རིགས་གཞན་གྱི་སྐད་དང་ཡི་གེ་ལ་བརྟེན་ནས་འཚོ་དགོས་པ་སྨོས་མེད་ཡིན་ལ། དེ་ལྟར་ན་གང་སྤྱོད་པའི་སྐད་ཡིག་དེ་མི་རིགས་སུའི་སྐད་ཡིག་ན་མི་རིགས་དེའི་བསམ་པ་དང་གོམ་སྲོལ་གྱི་ཤན་ཞུགས་ནས་སྐད་ཡིག་ཉམས་གྱུར་གྱི་མི་རིགས་དེའི་མི་འདྲ་བའི་བསམ་པའི་ཁྱད་པར་དང་། ཡུལ་སྲོལ་གོམས་གཤིས་དང་། སློབ་གསོ་རིག་གནས་སོགས་རྨང་ནས་ཉམས་ཏེ་གང་སྤྱོད་སྐད་ཡིག་གི་བདག་པོའི་མི་རིགས་དེ་དང་ཆུ་ལ་ཆུ་བཞག་ཏུ་འགྲོ་བ་ནི་གཞན་གྱི་ལོ་རྒྱུས་ལ་བལྟས་ན་ཤེས། དཔེར་ན་མན་ཇུའི་མི་རིགས་དང་། ལིས་རིགས་ལྟ་བུ་རེད། དེར་བརྟེན་བོད་མི་རིགས་ཀྱང་སྔ་མོ་ནས་རྒྱ་དང་ས་མཚམས་ཀྱི་ཡུལ་དག་ནས་བོད་སྐད་བོད་ཡིག་ཉམས་རྐྱེན་གྱིས་ཡུལ་སྲོལ་གོམས་གཤིས་དང་བསམ་པའི་ཁ་ཕྱོགས་དང་བཅས་པ་འགྱུར་ཟིན་ལ། དེ་དག་ཏུ་བོད་ཀྱི་སུམ་རྟགས་དག་གསུམ་དང་། སྒྲ་རྩིས་སྨན་བཟོ། སྙན་ངག་གླུ་གར། ཆོས་ལུགས་ཀྱི་རིག་གཞུང་བཅས་ཉམས་ཟིན་པ་མིག་མཐོང་ལག་ཟིན་ཡིན་ཞིང་། དེ་དག་ཕྱིར་གསོ་དགོས་ནའང་གསོ་ཐབས་མེད་པའི་གནས་སུ་ལྷུངས་ཟིན་ཏོ། །
       ད་ལྟ་ནི་ཡུལ་དེ་དག་ཏུ་མ་ཟད་བོད་ཡུལ་ཡོངས་ལ་དེ་འདྲའི་ནད་དེ་ཟིན་པ་ལ་ཕྱོགས་ནས་ཕ་མ་གཉིས་ཀ་བོད་ཡིན་པའི་བོད་ཕྲུག་མང་པོས་བོད་སྐད་བཤད་མི་ཤེས་ཤིང་།  བོད་ཡིག་འབྲི་འདོན་མི་ཤེས་ལ། བོད་ཀྱི་བསམ་པའི་འདུ་ཤེས་ཞན་ཅིང་ཡུལ་སྲོལ་གོམས་གཤིས་དང་ཆོས་དད་སོགས་མེད་པར་རྒྱའི་བསམ་ཕྱོགས་དང་གོམས་སྲོལ་གྱི་ཤན་འཐེབས་པ་ཤིན་ཏུ་མང་། དཔེར་ན་ལྷ་ས་གྲོང་ཁྱེར་དང་། ཟི་ལིང་གྲོང་ཁྱེར་དང་། མངའ་རིས་དང་། ཆབ་མདོ་དང་། འབར་ཁམས་དང་། གཙོད་སོགས་མི་ཚོགས་མང་ཤོས་ཀྱི་བོད་ཀྱི་ས་ཆ་དག་གི་གཞོན་སྐྱེས་དང་བྱིས་པ་ཕལ་མོ་ཆེ་དེ་ལྟར་གྱུར་ཟིན་པ་ལྟ་བུ་ཡིན་ལ། ད་ནི་དེའི་ཤུགས་དེ་བོད་ཡུལ་ཡོངས་ལ་མྱུར་དུ་ཁྱབ་པའི་གནས་ཚུལ་ཧ་ཅང་ཚབ་ཆེ་ཞིང་། བོད་རིགས་ཀྱི་ལས་བྱེད་པ་དང་། ཚོང་བ་ཆེ་ཆུང་དང་། རོང་འབྲོག་གི་ཁྱིམ་གཞི་ནོར་དང་ཐབས་བཀོད་ཅུང་བཟང་ཤོས་རྣམས་ཀྱིས་རང་གི་བུ་ཕྲུག་དེ་ལ་བོད་ཡིག་བོད་སྐད་ལེགས་པོ་ཞིག་ཨེ་ལོབ་ལ་ཅུང་ཟད་ཙམ་ཡང་མི་སེམས་པར་འགྲོ་གྲོན་དང་ཐབས་སྣ་དགུ་བཏོན་ནས་རྒྱའི་སློབ་གྲྭ་དགའ་རབ་ཅིག་ཏུ་རྒྱའི་སྐད་ཡིག་གི་སློབ་གསོ་ཨེ་རེག་བྱེད་པ་དང་། བོད་ཀྱི་ལས་བྱེད་པ་དང་། བླ་སྤྲུལ་ཁྱིམ་སྔགས་པ་དང་། ཚོང་བ་ཆེ་ཤོས་དང་། ཐ་ན་གླུ་བ་གླུ་མ་ལ་སོགས་པས་རྒྱ་མོ་ཆུང་མ་དང་མནའ་མར་ལེན་པ་དང་། རྒྱ་ཕོ་ཁྱོ་ག་དང་མག་པ་ལ་བཞག་སྟེ་མི་རིགས་གཞན་དང་གཉེན་བསྡེབས་པ་ཇེ་མང་དུ་འགྲོ་བ་སོགས་རྒྱུ་རྐྱེན་ཤིན་ཏུ་མང་པོ་ཞིག་གིས་མི་རིགས་གཞན་འགྱུར་གྱི་ཉེན་ཁ་ཚབ་ཆེ་བ་ལོ་ལྟར་ཇེ་ཆེར་དུ་འགྲོ་བཞིན་ཡོད་དོ། །  

      གཉིས་པ།  སྔོན་ཡིན་ན་བོད་ལ་རྒན་བཀུར་གཞོན་སྐྱོང་གི་སྲོལ་ཀ་དང་། བཙན་པོའི་མགོ་གནོན་དང་གཉོམ་བྱུང་གི་འདབས་སྐྱོར་སོགས་ཡ་རབ་ཀྱི་སྲོལ་ཀ་དུ་མ་ཡོད་ལ། ཐ་ན་ཕོར་བུ་དང་ཐུར་མ་དེ་བ་མ་དང་སྡེར་མའི་ནང་དུ་མི་འཁྲུ་བ་དང་། སྐྱོག་གིས་ཕོར་བུའི་དོད་བགྱིས་ཏེ་ཟས་ཟ་བྱེད་ཀྱིས་ཁ་ལ་མི་རེག་པ་དང་། སྡེར་མ་གཅིག་ཏུ་ཐམས་ཅད་ཀྱིས་མཉམ་ཟ་མི་བྱེད་པ་དང་། ཕན་ཚུན་ཕོར་བུ་དང་ཟ་ཐུར་མི་བསྲེ་བ་སོགས་ལེགས་པའི་སྲོལ་ལུགས་དུ་མ་མངའ། ད་ལྟ་དེ་དག་གནའ་སྲོལ་ཙམ་དུ་བརྩིས་ནས་གལ་ཆུང་གི་སྒོ་ནས་དོར་ཏེ་ཅི་འདོད་ཀྱིས་ལུགས་སྲོལ་ཡ་མ་ཟུང་མང་པོ་སྤེལ་བཞིན་ཡོད་མོད། དེ་དག་ནི་རྒྱའི་ལུགས་སྲོལ་དང་དུ་བླངས་པ་ཙམ་ལས་དོན་ལ་སྔོན་ཐོན་དང་ཡ་རབས་དམ་པའི་སྤྱོད་པ་ཅི་ཡང་མ་ཡིན་ལ། ཐ་ན་རྒྱའི་ལུགས་སྲོལ་ལེགས་ཤོས་དང་མི་རིགས་གཞན་གྱི་ལེགས་སྲོལ་ཕྲན་བུ་ཙམ་ཡང་མིན་ནོ། །
       དེ་བཞིན་དུ་ལོ་བསང་བཏོང་བ་དང་། དུས་སྲུང་འདོན་པ་དང་། བུ་ཕོའི་གཉེན་སློང་དང་། བུ་མོ་བག་གཏོང་དང་། རྒྱན་དང་གོས་ལྷམ་དང་། མགྲོན་བསུ་དགྲ་འགོག་དང་། གཤིན་མཆོད་དུར་འདེབས་དང་། ལོ་གསར་སྟོན་མོ་ལ་སོགས་པར་བོད་མིའི་ཁྱད་ཆོས་འབུར་དུ་ཐོན་པ་ཤིན་ཏུ་མང་པོ་དར་ནའང་། ད་ལྟ་ནི་དེ་དག་ཡོད་པར་ཐོས་པ་ཙམ་དང་མཐོང་བ་ཙམ་ལས་དངོས་སུ་ཉམས་ཟིན་པ་དང་ཉམས་བཞིན་ཡོད་ལ་རང་སྲོལ་རང་ཆས་ལ་ངོ་ཚའི་གནས་སུ་བརྩི་བའི་ཚད་དུ་སོན་ཡོད་པ་འདིས་ཡུལ་སྲོལ་གོམ་གཤིས་རྩ་བ་ནས་ཉམས་པའི་ཉེན་ཁའི་གཡང་ཁར་སླེབས་འདུག་གོ །
 
    གསུམ་པ།  དགོན་པ་ཆེ་ཤོས་དག་ལ་བཤད་སྒྲུབ་ལྟར་སྣང་བ་ཙམ་རེ་ཡོད་ནའང་འཆད་རྩོད་རྩོམ་གསུམ་གྱི་སྤུས་ཚད་དེ་བོད་དུས་འགྱུར་གྱི་ཡར་སྔོན་དུ་སླེབས་ཐུབ་མེད་པ་དང་། ཁྱད་པར་དུ་སྒྲུབ་པ་ཉམས་ལེན་གྱི་བསྟན་པ་ཉམས་པ་ཆེས་ཚབ་ཆེ་ཞིང་། ཉམས་ལེན་པ་དཀོན་པའི་ཁར་སྒྲུབ་གྲྭ་སྒྲུབ་ཁང་ཙམ་རེ་ཡོད་ནའང་ནང་གི་མཚམས་བསྙེན་སྒྲུབ་ཀྱི་སྤུས་ཚད་སྔར་ལྟར་དམ་པོ་དང་ཚད་ལྡན་མེད་པར་སྒྲུབ་པོ་རྣམས་ཀྱང་ཉི་ཕུལ་ཙམ་དུ་གནས་པ་དང་། སྔོན་ལྟར་དབེན་པའི་རི་ངོགས་སུ་སྒྲུབ་པ་ལ་བརྩོན་པའི་གང་ཟག་ཉིན་སྐར་ལྟར་དཀོན་པ་དང་། བླ་ཆེན་དང་མཁན་ཆེན་དུ་གྲགས་པ་ནས་གྲྭ་བ་དཀྱུས་མ་ཡན་ཆད་ནོར་ལོངས་སྤྱོད་ཁོ་ནའི་ཆེད་དུ་ངོ་ཚ་འཛེམ་བག་མེད་པར་ཉིན་མཚན་འདའ་བ་དང་། རྟེན་བཞེངས་དགོན་སྐྱོང་ལྟར་སྣང་བ་རེ་མཆིས་ནའང་ཕལ་མོ་ཆེ་རང་གི་གྲགས་པ་དང་འཇིག་རྟེན་གྱི་དགོས་པའི་ཆེད་ཙམ་ལས་དངོས་སུ་བསྟན་པ་དང་ཐར་བའི་རྒྱུ་ལ་ཕན་པའི་དམ་ཆོས་རྣལ་མ་སྤེལ་མཁན་དཀོན་པ་དང་། བླ་སྤྲུལ་རབ་སྔགས་ཕལ་མོ་ཆེ་རྣམས་ཀྱི་དམ་སྡོམ་ལྷོད་པ་དང་ཐོས་བསམ་སྒོམ་གསུམ་ཞན་པས་སྔར་ལས་ཡོན་ཚད་དང་རྒྱུད་ཚད་ཀྱི་སྤུས་ཀ་ཇེ་ཞན་དུ་འགྲོ་བཞིན་པ་སོགས་ཕྱོགས་གང་ནས་བརྟག་ནའང་བསྟན་པ་དང་ཆོས་ལུགས་ཉམས་པའི་ཉེན་ཁ་ཡོད་པ་མ་ཟད་གནས་ཚུལ་དངོས་སུ་མཆིས། ལྷག་པར་དུ་མདོ་ལང་ཀར་གཤེགས་པ་ལས། ང་ཡི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་དག་གི་གོས་བགོས་ཤིང་། །འབྲས་བུ་ཡོད་དང་མེད་སྨྲ་བའི། །བྱིས་པའི་གཟུགས་ཅན་རང་བཞིན་འབྱུང་། །འབྲས་བུ་མེད་སྨྲའི་ལྟ་ངན་གྱིས། །སྐྱེ་བོ་མང་པོ་བརླག་པར་བྱེད། །ཅེས་ཤཱཀྱ་ཐུབ་པ་ཉིད་ཀྱི་གསུང་གིས་ཉིད་ཀྱི་བསྟན་པ་སུ་ཡིས་བཤིག་ལུང་བསྟན་པ་ལྟར་ད་ལྟ་བླ་སེར་གྱི་ཁྲོད་དུ་རིགས་པ་ལྟར་སྣང་བ་རེ་དང་ཆོས་སྒོ་གོང་འོག་འདྲ་མིན་རེའི་ཚིག་ལ་བརྟེན་ནས་ཆོས་ལ་དགག་པ་དང་ངན་སྨོད་གཏོང་མཁན་གཅིག་ལས་གཉིས་ལྷག་གིས་ཇེ་མང་དུ་འགྲོ་བ་འདི་ནི་ནང་ཆོས་བོད་ནས་ཉམས་ཤིང་བོད་ཀྱིས་བཤིག་པའི་སྔ་ལྟས་ཆེན་པོ་ཞིག་ལགས་ལ། སྔོན་ཁྱིམ་པ་རྣམས་ཀྱང་སྐུ་གསུང་ཐུགས་རྟེན་དང་བླ་མ་སེར་མོ་དང་འཕྲད་ཚེ་ཕྱག་འཚལ་བ་དང་། ཞྭ་ཕུད་ཅིང་། རྟ་ལས་བབས་པ་དང་། གཡོན་ཕྱོགས་སུ་འཛུར་ནས་མགོ་སྒུར་བ་དང་། དེ་དག་གི་གོང་དུ་མི་སྡོད་པ་དང་། ཐ་ན་དེ་དག་གི་ན་བཟའ་ཡོ་བྱད་ལ་འགོམ་ཡུག་མི་བྱེད་པ་སོགས་གུས་བཀུར་ཤིན་ཏུ་ཆེ། ད་ལྟ་དེ་འདྲའི་གུས་སྲོལ་དག་འདྲ་མཉམ་མིན་པ་དང་། ཐོབ་ཐང་མེད་པ་དང་། བྲན་གཡོག་གི་བྱེད་སྟངས་སུ་འཛིན་བཞིན་པའི་དབང་གིས་གུས་ལུགས་དེ་དག་ཕལ་ཆེར་རྩ་ཉམས་ཀྱིས་བླ་སེར་གྱི་ནོར་འཕྲོག་ཅིང་གསོད་པ་ལ་སོགས་པའི་གནས་ཚུལ་དངོས་སུ་བྱུང་བཞིན་མཆིས་པ་དང་། སྦྱངས་པ་དམན་པའི་རབ་སྔགས་དང་ཁྱིམ་པ་བླུན་པོས་ཆོས་བཤད་ཀྱིས་ཆོས་འགལ་མང་པོས་ཆོས་ལ་ལྷད་བཞུགས་པ་དང་། འགའ་རེས་ཆོས་ལ་སྙིང་པོ་མེད་ལུགས་དང་། ཆོས་དེ་དེ་སྔ་བཤད་ཚད་ལྟ་བུའི་ལེགས་པོ་དང་ཕན་འདོགས་ཆེ་བ་ཞིག་མིན་ཚུལ་དང་། བོད་ལ་ནང་ཆོས་དར་དབང་གིས་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་གནོད་པ་ཆེན་པོ་བཟོས་ཡོད་ཚུལ་བསྒྲགས་པ་དང་། དེ་ལྟར་ལབ་པའི་རྩོམ་ཡིག་སྤེལ་བ་དང་། རྒན་གཞོན་མང་པོ་ཞིག་དེ་དག་གི་གཡམ་ལ་བརྒྱུགས་ཏེ་རི་བོང་ཅལ་འདྲོག་གི་ཀི་ཅོ་འདེབས་ཀྱིན་མཆིས་པ་དང་། ཁྱིམ་པའི་དགོང་འདོན་དུས་སྲུང་དང་། ཕྱག་མཆོད་སྒྲིབ་སྦྱོང་གི་སྲོལ་མང་པོ་ཉམས་ཟིན་པ་དང་། ཡུལ་གྲུ་འགའ་རེར་གཤིན་ཆོས་སོགས་ལ་རྒྱ་ཆེ་གྲངས་མང་གི་རྫིག་རྔམ་ཆེན་པོ་སྤེལ་གྱིན་ཡོད་མོད་དོན་ལ་འགྲན་རྩོད་གྲགས་པ་དང་མི་མདུན་ཇོ་མོའི་རྫུ་བག་ཙམ་ལས་ཆོས་དད་དང་ཆོས་ཀྱི་སྒྲུབ་ཚུགས་རྣལ་མ་དེའི་བྲོ་བ་ཡལ་ཟིན་པ་དང་ཡལ་བ་ལ་ཕྱོགས་པའི་གནས་ཚུལ་ཚབ་ཆེ། ཅུང་ཟད་ཤེས་པ་རྣམས་ཀྱང་ཆོས་དད་ཙམ་ཡོད་པའི་རྫུ་བག་ཆེ་ཡང་རྣམ་དཔྱོད་ཡོད་མདོག་དང་གནས་ལུགས་ལབ་མདོག་གིས་ཇོ་དར་པར་བ་དང་། མར་མེ་གདུག་སྤོས་མཆོད་པ་དང་། ཚོགས་མཆོད་རྟེན་བཞེངས་སོགས་དགེ་བ་དང་དམ་ཆོས་རྣལ་མ་མིན་པར་ནོར་ཆུད་གཟན་པ་ཡིན་ཚུལ་གྱིས་འགོག་པ་ལ་སོགས་པ་བོད་ཀྱི་རབ་བྱུང་དང་ཁྱིམ་པ་གཉིས་ཀའི་སྤྱོད་ཚུལ་ལ་གཞིག་ན་བོད་ཀྱི་ནང་བསྟན་ནམ་ཆོས་ལུགས་དེ་རྩ་བ་ནས་ཉམས་པའི་ཉེན་ཁ་ཆེན་པོ་ཞིག་ཤར་འདུག་གོ།

    བཞི་བ།  བོད་ཀྱི་སྔར་སྲོལ་གྱི་བཅུ་ཕྲག་རིག་པའི་གནས་དག་ཉམས་པའི་ཚད་ཀྱང་ཚབ་ཧ་ཅང་ཆེ། དཔེར་ན་བརྡ་སྤྲོད་ལ་མཚོན་ན་དུས་དབང་གིས་བོད་ཡིག་ཤེས་མཁན་སྔོན་ལས་མང་ཙམ་མཆིས་ན་ཡང་། གང་ཤེས་པའི་ཡོན་ཚད་ཤིན་ཏུ་ཞན། གཙོ་བོ་ཡི་གེའི་དག་ཆ་ཉམས་པ་ཚབ་ཆེ། དེ་ལ་རྒྱུ་རྐྱེན་མང་པོ་མཆིས། གང་ཞེ་ན།

    ༡ སློབ་གྲྭ་མ་འགྲིམ་པའི་རོང་འབྲོག་ཕོ་མོ་རྣམས་ཀྱིས་བོད་ཡིག་ངོས་འཛིན་དང་འདོན་ནུས་པ་ཙམ་ལས་སུམ་རྟགས་དག་གསུམ་རྩ་བ་ནས་མི་ཤེས་པའི་དབང་གིས་ཡི་གེ་འབྲི་ཚེ་སྒྲ་ཙམ་ལས་བོད་ཡིག་གི་སྦྱོར་བ་གཏན་ནས་མི་དག་ལ། དེ་འདྲ་དེས་འགན་བླངས་ཏེ་བྲིས་པའི་ཐ་ན་བོད་ཡིག་གི་སྒོ་བྱང་དང་། མི་མིང་དང་། དངོས་མིང་དང་། ས་མིང་དང་། དོན་ཕྲན་འགའ་ངོ་སྦྱོར་ཙམ་རེ་ཡོད་པ་ནི་མཐོང་བ ཙམ་གྱིས་གད་མོ་གཏིང་ནས་འཆོར་ཞིང་སེམས་ཁོང་མཆི་མས་འགེངས་དགོས་པ་ཤ་སྟག་ཡིན་ཞིང་། དེ་དང་འདྲ་བར་སློབ་གྲྭར་སྦྱངས་ཀྱང་ཤེས་རབ་དང་བརྩོན་པ་ཞན་པའི་སློབ་མ་མང་པོ་ཞིག་གིས་ཀྱང་ལག་ལ་གང་ཤར་ཙམ་ལས་དག་ཆ་ལ་སེམས་པ་མི་གཏོང་པ་ཡོངས་ཁྱབ་ཀྱི་གནས་ཚུལ་དུ་གྱུར་པ་དང་། ལག་འཛིན་ཁ་པར་དུ་བོད་ཡིག་བཀོལ་ནུས་པ་ནས་མཁས་བླུན་ཐམས་ཅད་ཀྱིས་ཁ་སྐད་ཡི་གེར་བྲིས་ཏེ་བསྐུར་བ་དར་བས་ཡི་གེའི་དག་ཆ་ལ་གནོད་པའི་རྨ་ཁ་གསོ་དཀའ་བ་བཏོད་པ་སོགས་ནི་བོད་ཡིག་ཉམས་པའི་རྒྱུ་དང་པོ་ལགས།

      ༢ གཞན་ཡང་དཔེར་ན་རྒྱ་ཡིག་ལ་མཚོན་ན་ཡི་གེ་རྡོག་གཅིག་ནོར་ན་སྲིད་གཞུང་གིས་ཁས་མི་ལེན་པ་སོགས་ཁྲིམས་དབང་གི་རྒྱབ་སྐྱོར་ཡོད་ལ། བོད་ཡིག་ལ་སྲིད་གཞུང་གི་རྒྱབ་སྐྱོར་རྟོག་དཔྱོད་མེད་པས་བོད་མི་རྣམས་ཀྱི་ཐོབ་ཐང་དཔང་རྟགས་ཀྱི་མིང་དང་གནས་ཡུལ་སོགས་བྲིས་པ་ལ་དག་ཆ་རྩ་བ་ནས་མེད་པ་མ་ཟད་བརྡ་འཕྲོད་པ་དང་ཀློག་དཀའ་བར་ཆགས་པ་ལྟ་བུ་སྲིད་གཞུང་ཅིག་གི་ལྟ་སྐྱོང་མེད་པ་ནི་བོད་ཡིག་ཉམས་པའི་རྒྱུ་གཉིས་པ་ལགས།
     ༣ དེ་བཞིན་ད་ལྟ་མི་དཀྱུས་མ་མ་ཟད་མཁས་པར་གྲགས་པ་རྣམས་ཀྱིས་ཀྱང་ཡུལ་གྲུ་སོ་སོའི་ཁ་སྐད་ཡི་གེར་བྲིས་ཏེ་ཕན་ཚུན་བཀོལ་གྱིན་མཆིས། དེ་ནི་བོད་ཡིག་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ལ། སྤྱིར་བོད་ཡིག་དེ་བོད་ཀྱི་ཡུལ་སྐད་ལྟར་བཟོས་པ་ཞིག་ཡིན་པ་ལས་ཡུལ་སྐད་མིན་པའི་ཡིག་སྐད་ཅིག་མེད་མོད། ད་ལྟ་མདོ་དབུས་ཁམས་གསུམ་དང་ནང་གསེས་ཡུལ་གྲུ་སོ་སོའི་ཁ་སྐད་དེ་སྔོན་གྱི་བོད་སྤྱི་སྐད་དེ་ཟུར་ཆག་ནས་མགོ་འདོགས་དང་ཕུལ་རྟེན་གྱི་སྒྲ་ཐོན་མི་ཐོན་ཅི་རིགས་སུ་གྱུར་པ་མ་ཟད་དབྱངས་གསལ་སོ་བཞིའི་སྒྲ་གདངས་ཀྱང་མི་འདྲ་བས་བོད་ཀྱི་སྤྱི་སྐད་དག་མ་དེ་ནི་ཡིག་ཐོག་གི་སྐད་གདངས་དེ་ཡིན་པ་ནི་སྙོན་དུ་མེད་ཕྱིར་ཐམས་ཅད་ཀྱིས་སྤྱི་སྐད་དེ་གཙོ་བོར་འཛིན་དགོས་པ་ལས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་དེ་ཡིག་ཐོག་ཏུ་བྲིས་ན་བོད་སྤྱི་སྐད་དང་བོད་ཡིག་རྩ་བ་ནས་ཉམས་པའི་རྒྱུ་མི་བཟད་པ་ཞིག་ཡིན་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཞལ་འཆེམ་རྗེས་སུ་བཞག་པ་ལྟར་ལ། ཁ་སྐད་ཡི་གེར་ཕབ་པ་དེ་ནི་བོད་ཡིག་ཉམས་རྐྱེན་གསུམ་པ་ཡིན་ནོ། 

     ༤ གཞན་ཡང་ད་ལྟ་བོད་ཡིག་དེ་གློག་ཀླད་རྩིས་འཁོར་ལ་བརྟེན་ནས་སྤེལ་བཞིན་ཡོད་ལ། དེ་ནི་གཞི་ནས་ཞུ་དག་དགོས་པས་ནན་ཏན་མེད་ན་དག་འཆོས་དཀའ་བ་དང་། བཅོས་རྗེས་ཀྱང་ལག་པས་གནོན་ཉེས་རེ་ཡིས་ཡི་གེ་ལྷག་པ་དང་གཅོད་པ་དང་འགྱུར་པ་སོགས་འབྱུང་བཞིན་ཡོད་པ་དང་། འདིའི་སྒོ་ནས་ཡི་གེ་སྤྱོད་པ་རྒྱ་ཆེ་བས་དག་བཅོས་ཀྱི་མ་སླེབས་པ་སོགས་ནི་བོད་ཡིག་ཉམས་རྐྱེན་བཞི་བ་ཡིན་ནོ། 
         སུམ་རྟགས་དག་གསུམ་ཙམ་རེ་ཤེས་ན་ཡང་མཁས་པ་དག་གི་དགོངས་ཕྱོགས་དང་གསུང་སྟངས་ལ་གོ་བ་ཐ་དད་པས་འཐེན་ཁྱེར་དང་རང་ལྟ་མཁྲེགས་འཛིན་ཆེ་བས་མ་དག་རྒྱུན་འབྱམས་སུ་འགྲོ་བ་ཚབ་ཆེ་བ་དང་། མཁས་པ་འགས་དེ་ཚུལ་ཤེས་ཀྱང་འབངས་མིས་སྨྱོ་ཆུ་བཏུང་ནས་སྨྱོས་པའི་རྗེས་སུ་རྒྱལ་པོ་རང་ཉིད་ཀྱིས་སྨྱོ་ཆུ་འཐུང་དགོས་བྱུང་བ་ལྟ་བུས་ཤེས་བཞིན་མང་པོ་ཁ་མཐུན་གྱི་གྲལ་དུ་བརྒྱུགས་ཏེ་མ་དག་པ་བཀོལ་བཞིན་མཆིས་པ་དང་། རྒྱ་གཞུང་དུ་བྱ་བ་བྱེད་མཁན་དང་།  རྒྱ་ཡིག་ལ་གོམས་པ་མང་པོ་ཞིག་གིས་ཐ་སྙད་མང་པོ་བོད་སྐད་རང་ལ་ཡོད་ནའང་དེ་ཡོད་པ་མ་ཤེས་པར་རྒྱ་ཡི་ཐ་སྙད་ཀྱི་འགྲོས་དང་བསྟུན་ནས་བོད་སྐད་ཀྱི་ཐ་སྙད་གསར་བ་མང་པོ་བཟོས་པའི་དབང་གིས་བོད་སྐད་ཀྱི་ཐ་སྙད་མང་པོ་ཞིག་བེད་མེད་དང་ལྐོག་གྱུར་དུ་གྱུར་པ་དང་། ཐ་སྙད་མང་པོ་ཞིག་བོད་སྐད་དང་རྒྱང་བཀྱེད་ཁ་བྲལ་དང་གནའ་བོའི་བརྡ་རྙིང་ལྟ་བུར་འགྱུར་བཞིན་ཡོད་པ་དང་། རྒྱ་ཡི་ཐ་སྙད་དང་བསྟུན་པའི་གསར་བ་དག་ཀྱང་དོན་ལ་མི་འབྱོར་བ་དང་། དགོད་བྲོ་བ་མང་པོ་མཆིས། དཔེར་ན་ལས་ཁུངས་ཆེ་གྲས་ཤིག་གིས་བསྒྲུབས་པའི་བོད་ཡིག་ཅིག་ཏུ་རྒྱ་སྐད་ལ་ཧྲི་ཉོའུ་(石女)ཞེས་པ་མོ་གཤམ་ཡིན་པ་ལ་རྡོ་ཡི་བུ་མོ་ཞེས་བསྒྱུར་པ་ལྟ་བུའི་གད་མོ་སློང་བའི་གནས་ཚུལ་བྱུང་བཞིན་ཡོད་པ་ནི་བོད་ཡིག་ཉམས་རྐྱེན་ལྔ་པའོ། །

      དེ་བཞིན་དུ་གསོ་རིག་དང་། སྒྲ་དབྱངས་གླུ་གར་དང་། རི་མོ་དང་རྐོས་རིས་བླུག་འཇིམ་དང་། མགར་དང་ཤིང་བཟོ་རྡོ་བཟོ་དང་། མཉེད་དང་འཁེལ་འཐག་ཚེམ་དྲུབ་ལ་སོགས་ལག་ཤེས་དང་བཅས་པ་ལ་སྦྱངས་པ་ཞན་ཅིང་རང་སྣང་གང་ཤར་བྱས་ཏེ་བཟོས་པའི་དབང་གིས་བརྒྱུད་པའི་ཞལ་ཤེས་དང་། སྲོལ་ལུགས་དང་། ཉམས་མྱོང་གི་ཐབས་ལམ་ལས་འདས་པས་མང་པོ་ཞིག་ཉམས་ཟིན་ཅིང་། ཉམས་པ་ལ་ཕྱོགས་པ་ཡང་དུ་མ་མཆིས། དེ་བཞིན་དུ་རྩིས་རིག་དཀར་ནག་དང་། སྙན་ངག་རྩོམ་རིག་དང་། སྒྲ་བསྡེབས་མངོན་བརྗོད་ལ་སོགས་པ་ཡང་ཤེས་མཁན་མཆིས་ཀྱང་ཡོན་ཚད་དང་སྤུས་ཚད་ཞན་པ་དང་། མི་ཤེས་པ་མང་པོ་ཞིག་གིས་དེ་དག་གལ་ཆེན་མིན་ཞིང་དེང་རབས་ཀྱི་རིག་པ་ལ་མི་མཁོ་བ་ལ་སོགས་པའི་འགོག་རྒོལ་དང་འདོར་ཐབས་ལ་བརྩོན་པ་དང་། བོད་ཀྱི་འཇམ་དབྱངས་རྣམ་གསུམ་ལྟ་བུ་ལྟ་ཞོག་དུས་ཕྱིས་ཀྱི་མཁས་པ་རྣམས་ལྟ་བུའི་མཁས་པ་ཚད་ཐུབ་དཀོན་པ་དང་། ཅུང་བཟང་ཤོས་རྣམས་ཀྱང་ཧ་ཅང་གུ་ཡངས་དང་བློ་ཁོག་ཆེ་ཟོལ་གྱིས་མ་དག་པ་དང་མ་དག་པ་སྨྲ་མཁན་ལ་མཐུན་འཇུག་རམ་འདེགས་ལས་སེམས་ཁྲལ་ཆེན་པོས་མ་དག་པ་འགོག་པའི་བྱ་བ་ལྷོད་ཅིང་སྤངས་པ་དང་། མི་རིགས་གཞན་གྱི་རིག་གནས་དང་དེང་རབས་ཀྱི་རིག་པ་དག་རྨ་མེད་ཅིང་མཁོ་གལ་ཆེ་བ་ཞིག་ཡོད་རབས་ཀྱིས་ཁ་གཞན་དུ་གདངས་པ་ལས་བོད་རང་གི་སྔོན་གྱི་རིག་གཞུང་ལ་བརྩི་མཐོང་ཆུང་ཞིང་སྦྱོང་འདོད་ཞན་པ་དང་། དེང་རབས་ཀྱི་རིག་པ་མི་ཤེས་ཤིང་། གནའ་དེང་གི་རིག་པ་དེ་གཉིས་འབྲི་མར་དང་སྦྲང་དཀར་རྩམ་པ་ལྟ་བུའི་སྤྱོད་ཚུལ་གྱིས་འཚོ་བ་ལ་ཉེར་མཁོ་སྐྲུན་བྱེད་ཀྱི་ཐབས་སུ་བཀོལ་མི་ཤེས་པར་རྒྱ་རིགས་ཇི་བཞིན་དེང་རབས་ཁོ་ན་ལ་འཇུས་ཏེ་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཧྲིལ་གྱིས་འདོར་བ་ལ་ཕྱོགས་པ་ནི་རིག་གནས་ཉམས་པའི་ཉེན་ཁར་སླེབས་པ་ཡིན་ནོ། །
     དེ་ཕྱིར་ཉེན་ཁ་དེ་དག་སེལ་དགོས་ན་དང་པོ་ཉེན་ཁ་ཡོད་པ་ངོས་ཟིན་དགོས། དེ་ནས་ཉེན་ཁ་དེས་བོད་མི་རིགས་ལ་ཕན་གནོད་ཅི་ཡོད་ཀྱི་འབྱུང་འགྱུར་གྱི་འབྲས་བུ་ཤེས་དགོས། དེ་བཞིན་དུ་རང་མི་རིགས་ཀྱི་ཆོས་ལུགས་རིག་གནས་གོམས་སྲོལ་དང་བཅས་པའི་རིན་ཐང་ངེས་དགོས། གལ་ཏེ་སྲོལ་རྒྱུན་རིག་གནས་དེ་དག་ལ་སྐྱོན་ཡོད་ན་དེ་འདོར་ལེན་ཅི་ལྟར་བྱ་བའི་ཐབས་ཤེས་དགོས། རིག་གནས་གསར་བའམ་མི་རིགས་གཞན་གྱི་རིག་གནས་དེའི་སྐྱོན་ཡོན་དང་རང་མི་རིགས་ལ་ཕན་གནོད་ཉེར་མཁོ་ཅི་འགྱུར་ངེས་དགོས། དེང་རབས་རིག་གནས་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་ཐུན་མོང་གི་ཉེར་མཁོ་གཙོ་བོའི་རིག་གནས་ཤིག་ཡིན་མོད། རང་མི་རིགས་ཀྱི་སྔོན་བྱུང་རིག་གནས་དེ་ཧྲིལ་གྱིས་དོར་བའམ་ཉམས་པའི་མི་རིགས་དེ་ནི་ཆེས་འཇིགས་པའི་གནས་ཤིག་ལགས་ཤིང་། རང་གི་སྲོལ་རྒྱུན་དང་རིག་གནས་ཧྲིལ་གྱིས་དོར་བའི་མི་རིགས་དང་ཡུལ་གྲུ་ནི་ཉུང་ཤས་ཤིག་ལས་དཀོན་ཅིང་། དེ་ལྟར་བགྱིས་པ་དག་ནི་དེང་དུས་ཕམ་ཁ་དང་གྱོང་གུད་རེག་པའི་མི་རིགས་དང་ཡུལ་གྲུའི་གྲས་ཡིན་ལ། ཡོ་རོབ་དང་མེ་གླིང་ལྷོ་བྱང་ལྟ་བུའི་དེང་རབས་རིག་གནས་འཕེལ་རྒྱས་དང་སྤྱོད་སྒོ་ཡངས་པའི་ཡུལ་དག་ཀྱང་རང་རིགས་ཀྱི་རིག་གནས་དང་གོམས་སྲོལ་གྱི་རྨང་གཞིའི་སྟེང་གསར་བཏོད་དང་སྙིགས་འདོར་བཅུད་ལེན་བགྱིས་ཏེ་སྔོན་ཐོན་གྱི་མི་རིགས་དང་ཡུལ་གྲུའི་གྲས་སུ་སླེབས་པ་ཡིན་པ་ལས་རང་གི་དེ་དག་རྩ་དོར་གྱིས་འཕེལ་རྒྱས་ཅན་དུ་གྱུར་པ་ནི་གཏན་ནས་མ་ཡིན་ནོ། 

      ད་ལྟ་བོད་རིགས་དེ་གཞན་གྱི་རྗེས་སུ་ལུས་ཤིང་དུད་འགྲོ་ལྟར་རི་ཁར་གནས་པ་ཞིག་ཡིན་པར་འཛིན་ཅིང་སྒྲོག་པ་ཡང་ཚན་རྩལ་རིག་གནས་མི་ཤེས་ཤིང་། དེས་བསྐྱེད་པའི་འཚོ་བ་གསར་བའི་རྗེས་ལུས་འཐེབས་པ་ནི་བདེན་མོད་དེ་ཙམ་གྱིས་རིག་གནས་ལོངས་སྤྱོད་དང་བཅས་པ་གཞན་རིགས་ཐམས་ཅད་ཀྱི་རྗེས་ལུས་སུ་འཐེབས་པ་ཞིག་ནི་གཏན་ནས་མིན་སྙམ་ལ། ད་ལྟ་བོད་ལ་ཚན་རིག་རིག་གནས་དང་དེ་ལས་བྱུང་བའི་དེང་རབས་ཀྱི་སྟབས་བདེའི་ལོངས་སྤྱོད་མེད་པ་དང་ཞན་པའི་རྒྱུ་རྐྱེན་གཙོ་བོ་ནི་གཞན་ཞིག་ཡིན་པ་ལས་བོད་རང་གིས་མ་འཕེར་བ་དང་རང་གི་སྲོལ་རྒྱུན་རིག་གནས་དེ་ཞན་པ་དང་དེ་དམ་འཛིན་ཆེན་པོ་བགྱིས་པའི་དབང་གིས་བྱུང་བ་ནི་དེ་བས་ཀྱང་མ་ཡིན་སྙམ་མོ། །འོ་ཅག་གིས་སྨྲ་བརྗོད་རང་དབང་མེད་ཟེར་བཞིན་བོད་ནང་དུ་འདི་བརྗོད་རུང་ལ་འདི་མི་རུང་བའི་རྣམ་གཞག་གཏན་ནས་མེད་པར་ཅི་འདོད་འདོད་དུ་བརྗོད་ནས་བོད་ཀྱི་སྐད་ཡིག་རིག་གནས་ཆོས་ལུགས་ཡུལ་སྲོལ་དང་བཅས་པ་ལ་རྨ་ཁ་ཆེན་པོ་བཟོ་བཞིན་ཡོད་པ་ལ་ཡིད་སྐྱོ། དེས་ན་མདོ་དབུས་ཁམས་གསུམ་ང་བཟང་ཁྱོད་ངན་དང་རྒན་དཔའ་གཞོན་གཉོམ་གྱིས་འཐེན་འཁྱེར་མི་མཛད་པར་དོན་དངོས་མ་དང་ཕན་ངེས་པ་དང་མཁོ་ཆེ་བ་དེ་གང་ཡིན་ངོས་ཟིན་པ་ཤིན་ཏུ་གལ་ཆེའོ། །ཞེས་པ་འདི་ནི་ནག་ཆུ་བ་བསྟན་འཛིན་ཤེས་རབ་ཀྱི་རེ་བ་ལྟར་རྗེས་དཀར་ཨྱོན་བརྩོན་འགྲུས་ནས་བྲིས་པའོ།། །


རྒྱ་བླ་ཟེར་བ་ཧ་གོ་བར་གྱིས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན:  སྤེལ་དུས:2014/4/8
རྗེས་སུ་ཡུ་རིངས་དང་རྒྱབ་སྐྱོར་ཡོད། བཀའ་དྲིན་ཆེ།
 སྤེལ་མཁན:  སྤེལ་དུས:2014/4/4
བདེན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41438587
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1