དགེ་མང་འཇམ་དཔལ་ལགས་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གླེང་སྟེགས་བཅར་འདྲི། »དགེ་མང་འཇམ་དཔལ་ལགས་ངོ་སྤྲོད་མདོར་བསྡུས།
དགེ་མང་འཇམ་དཔལ་ལགས་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/4/8ལྟ་ཀློག (25282)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 

                                    ༡༽
       བོད་ཀྱི་ཡིག་གཟུགས་པ་ཆེན་པོ་དགེ་མང་འཇམ་དཔལ་ལགས་ནི་ཕྱི་ལོ་༡༩༦༨ལོར་མདོ་སྨད་རྔ་གཡང་ཕྱུག་མོའི་སྟོད་སྨད་བར་གསུམ་དུ་གནས་པའི་བར་གྱི་ཆ་བཀྲིས་ལྷ་སྡེ་ཚོ་བ་རུ་ཐོག་མའི་ལྟེ་ཁྲག་འཕོས་པ་ཡིན་ཞིང་། ཁོང་ལ་མཚོན་ན་ལོ་རབས་བདུན་ཅུ་བའི་ནང་དུ་འཚར་ལོངས་བྱུང་བའི་ཁྲོད་ནས་སློབ་སྦྱོང་གི་གོ་སྐབས་སོགས་སྣ་འཛོམས་ལྡན་པའི་མི་བུ་ཞིག་ཏུ་ངོས་བཟུང་ན་ཕར་ཆེར་ཆོག་རྒྱུ་རེད།    སྤྱིར་དགེ་མང་ཚང་འཇམ་དཔལ་ལགས་ནི་ཆུང་དུས་ནས་སློབ་སྦྱོང་གི་ཕྱོགས་ལ་གང་ཅིའི་ཐད་ནས་ཆེས་སྤྲོ་བ་དང་ལྡན་པ་ཞིག་ཡིན་པར་མ་ཟད། ཁོང་གིས་བོད་ཀྱི་ཡིག་གཟུགས་ཀྱི་ཐང་ཆེན་དུ་ཐེངས་དང་པོ་གོམ་པ་སྤོ་དུས་ནི་ལོ་ན་གཞོན་པའམ་བྱིས་པའི་དུས་སྐབས་དེ་སློབ་ཆུང་གི་སྒོ་ཐེམ་རྡོག་པས་མནན་པའི་དུས་དེ་རང་ལོ་བཅུ་གཅིག་ཐོག་ཡིན་ལ། སྐབས་དེར་རྔ་ཡུལ་ཀིརྟིའི་དགོན་ཆེན་གྱི་སྤྲུལ་བའི་སྐུ་ལྷ་རྗེ་དར་རྒྱས་ཚང་གི་མདུན་ནས་འབྲི་ཀློག་སྦྱོར་གསུམ་གྱི་རྨང་གསར་དུ་བཏང་པ་ཡིན། སྐབས་དེ་ནས་བཟུང་ཁོང་ལ་བོད་ཡིག་སློབ་འདོད་ཀྱི་འདུན་པ་ཟབ་མོ་ཡོད་པར་མ་ཟད། བོད་ཀྱི་ཡིག་གཟུགས་ཀྱི་ཕྱོགས་ལ་དེ་ལས་ཀྱང་འདུན་པ་ཆེས་ཟབ་མོ་ཞིག་ཡོད་པའི་དབང་གིས་སྦྱང་བ་གནད་དུ་སྨིན་པ་བྱས་ཏེ་སློབ་འབྲིང་འདོན་པའི་དུས་སུ་ཡིག་གཟུགས་ལས་དབུ་ཅན་ཚིགས་ཐུབ་འབྲི་བཞིན་པ་མ་ཟད་དགེ་རྒན་རྣམས་ཀྱིས་བསྟོད་བསྔགས་གི་མེ་ཏོག་ཀྱང་གཏོར་མྱོང་། དེ་ནས་རིམ་བཞིན་དུ་དབུ་མེད་འབྲི་ལས་སུ་ཞུགས་ཏེ་ད་ལྟའི་བར་སྦྱང་བརྩོན་གྱི་སྤོབས་པ་ལྷོད་མ་མྱོང་། དུས་སྐབས་དེ་ལྟ་བུ་ལ་མཚོན་ན་གཙོ་བོ་ཁོར་ཡུག་གི་རང་བཞིན་དྭངས་གཙང་ཞིག་ཡིན་པར་མ་ཟད་རང་བྱུང་གི་ལམ་ཁ་འདི་ནས་ཆེས་བཀུར་འོས་པའི་མདོ་སྨད་རྔ་ཡུལ་ཀིརྟི་དགོན་གྱི་ཁྲི་རབས་སོ་དྲུག་པ་བཤེས་གཉེན་ཆེན་མོ་སྐལ་བཟང་ལུང་རིག་ཚང་གི་མདུན་ནས་དུས་གང་མཚམས་ཞིག་ལ་དབུ་མེད་ཀྱི་ཁྱད་ཆོས་སོགས་རེ་རེ་ནས་གསལ་འདོན་བྱས་པ་མ་ཟད་ཁྲི་རབས་སོ་ལྔ་བ་མཁན་ཆེན་བློ་བཟང་ཆོས་འཕེལ་ཚང་གི་མདུན་ནས་དམིགས་བསལ་གྱིས་བྲིས་རྒྱུན་ལེགས་པོ་ཞིག་སློབ་པའི་སྐལ་བ་བྱུང་།
       མདོར་ན་དགེ་མང་ཚང་འཇམ་དཔལ་ལགས་ནི་ཆུང་བྱིས་པའི་དུས་ནས་ཡིག་གཟུགས་གྱི་ཁྱད་ཆོས་དང་དེའི་སྒྱུ་རྩལ་གྱི་ཕྱོགས་ལ་བསམ་བློ་ཡོད་པའི་མི་བུ་རང་ག་བ་ཞིག་མིན་པ་ནི་ཁོང་གི་བསམ་བློའི་ཐོག་ནས་ཤེས་དགོས་ལ་སྐབས་ལན་རེར་སྲོལ་རྒྱུན་གྱི་གོམས་སྲོལ་དང་ཁོང་གི་ཡིག་གཟུགས་སྒྱུ་རྩལ་གྱི་བར་ནས་གནས་ཀྱི་དགེ་རྒན་དང་ལྟ་བ་མ་མཐུན་པའི་དབང་གིས་དཀའ་སྡུག་གི་ལམ་བུ་ཡང་མང་པོ་ཞིག་བརྒྱུད་མྱོང་། དཔེར་ན། དགུན་དུས་ཁ་བ་བབ་པའི་སྐབས་ཁངས་ནང་དུ་རྐང་རྗེས་ཀྱི་རི་མོ་དཔར་བཞིན་ཡིག་གཟུགས་འདྲ་མིན་འབྲི་བ་དང་ཕྱག་མའི་མགོ་མཇུག་ལས་ཡིག་གཟུགས་སྣ་མིན་བྲིས་ཏེ་རྩེད་གྲོགས་ཚོ་ལ་ཀུ་རེ་བྱས་ནས་སྡོད་སྐབས་དགེ་རྒན་རྣམས་ཀྱིས་མཐོང་ཚེ་ཕྱག་མ་དང་རྐང་བའི་ཡི་གེ་འབྲི་མི་རུང་ཟེར་བཞིན་ཕྱག་འབེབས་གནང་པ་སོགས་ཆུང་དུས་ནས་བོད་ཀྱི་ཡིག་གཟུགས་ལ་དགའ་ཞེན་ཟབ་མོ་ཡོད་པའི་རྐྱེན་གྱིས་གྱག་གྱོག་གི་ལམ་ཕྲན་ཡང་མང་པོ་ཞིག་གི་གོ་རིམ་ལྡན།
                                   ༢༽
       དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་མི་བུ་ཞིག་གི་ལོ་རྒྱུས་ལ་འགྱུར་བ་བྱུང་ཚུལ་སྣ་ཚོགས་ཡོད་པ་བཞིན། ཕྱི་ལོ་༡༩༨༨ལོ་ནས་བོད་ཆེན་པོའི་ཡིག་གཟུགས་ཀྱི་བྱུང་རིམ་དང་དེའི་ཁུངས་གཏུགས་ས་སོགས་ལ་སྤྲོ་བ་ཆེས་ཆེར་རྒྱས་ནས་སྟོད་ཀྱི་ཉི་མ་ལྷ་ས་རུ་བོད་གནའ་བོའི་རིག་གནས་ཀྱི་འཚོ་བཅུད་འཚོལ་དུ་ཕྱིན་འགོ་བཟུང་ན་ཡང་། ཁོང་གིས་བྲིས་པའི་ཡིག་གཟུགས་སྒྱུ་རྩལ་དང་བོད་མི་དམངས་ཀྱིས་བཟུང་བའི་ལྟ་གྲུབ་གཉིས་ལ་ཁྱད་པར་ཡོད་པར་མ་ཟད་ཕོ་བྲང་པོ་ཏ་ལ་དང་གཙུགས་ལག་ཁང་གི་མདུན་ན་དད་པའི་ཕྱག་མཆོད་འབུལ་བ་ལས་ཁོ་བོ་ལ་མཁོ་བའི་སྒྱུ་རྩལ་གྱི་ཡིག་གཟུགས་མེད་པ་ཤེས་ནས་ད་གཟོད་དགེ་མང་འཇམ་དཔལ་ལགས་ཀྱི་བསམ་བློ་དང་ལྟ་བ་ལ་ལམ་ཁ་གསར་བ་ཞིག་གནང་བ་ནི་འཇུག་མཐའི་འགྲུལ་བཞུད་འདི་ཡིན་པ་གཞི་ནས་རྟོགས།

      ཕྱི་ལོ་༡༩༨༨ལོའི་ལོ་མཇུག་ཏུ་༧སྐྱབས་རྗེ་རིན་པོ་ཆེའི་མདུན་ནས་སྲོལ་རྒྱུན་ལྟར་བོད་ཀྱི་ཡིག་གཟུགས་ལ་ཆེས་མདངས་ཆེ་བའི་དབུས་བྲིས་ཀྱི་ལུགས་སྲོལ་ལྟར་སྦྱངས་སྟེ་ཐོག་ནས་ཐིག་རྩ་དང་། སྨྱུག་ཁ་སྐོར་ལུགས། སྨྱུག་གུ་བཟོ་ཚུལ། མཐའ་ན་སྨྱུ་གུ་འཛིན་སྟངས་སོགས་གཞི་བྱས་བོད་ཀྱི་ཡིག་གཟུགས་ཚིགས་རིང་ཐུང་། ཚིགས་མ་འཁྱུག་དང་། འཁྱུག་ཡིག་སོགས་སྦྱངས་བ་མཐར་སོན་ནས་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་རྩེ་དྲུང་གྲགས་ཅན་པ་དགེན་ཀོག་པོ་ལགས་དང་སྙེ་མོ་ཐོན་མདའ་སྨོན་མཁར་བའི་སྲས་དང་ཁོང་གི་སློབ་མ་མཆོག་གྱུར་དབང་འདུད་ཚེ་རིང་སོགས་ཀྱི་མདུན་ནས་དགའ་ལྡན་ཕོ་བྲང་གི་གཞུང་བྲིས་འབྲི་ཚུལ་གཤིས་ཕྱིན་པ་སོགས་མདོར་ན་དུས་ཚོད་འདིའི་ནང་དུ་བོད་ཆོལ་གསུམ་དུ་བགོས་པའི་དབུས་ཕྱོགས་ཀྱི་བྲིས་རྒྱུན་ཚད་ལྡན་ཐོབ་ཡོད་པ་མ་ཟད་དགེ་རྒན་རྣམས་ཀྱིས་ཀྱང་ཡིད་ཆེས་ཀྱི་རེ་བཞག་བཅོལ་ནས་བོད་ཆེན་པོའི་ཡིག་གཟུགས་རིགས་གཅིག་རྐང་འཛིན་གྱི་ཕྱོགས་ལ་བསམ་བློ་ཡང་དག་གི་སྣེ་ཁྲིད་བྱས་པ་ཡིན།
                                   ༣༽
      འཇིག་རྟེན་གྱི་གོམ་ཁ་ཇི་ལྟར་འཁྱར་འཁྱོར་ཡིན་ཡང་མི་ཚེ་ལ་དབང་བའི་ལས་དབང་དེ་ལས་བཟློག་ཐབས་མེད་པ་བཞིན། ཕྱི་ལོ་༡༩༩༠ལོ་ནས་༢༠༠༥བར་མི་ལོ་ཧྲིལ་བོ་༡༥རིང་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་མ་བརྒྱ་ཕྲག་ཁ་ཤས་ལ་ཡིག་གཟུགས་སྣ་ཁ་མི་འདྲ་བ་ཁག་བརྒྱད་ཟབ་ཁྲིད་གནང་བ་མ་ཟད་ལས་ཞོར་དུ་སློབ་དེབ་རིག་པའི་ཉིན་བྱེད་དེབ་ཕྲེང་གསུམ་དང་ཡིག་གཟུགས་མ་ཕྱི་མཁས་པའི་ཕྱག་རྒྱུན་དེབ་དང་པོ་ལ་བོད་ཕྱི་ནང་གི་ཡིག་གཟུགས་ཆེད་མཁས་པ་དག་གིས་གདངས་འཇོག་ཚད་མཐོང་གནང་ཡོད་པར་མ་ཟད་དེབ་ཕྲེང་གཉིས་པ་ལ་པར་དུ་བསྐྲུན་པའི་རེ་ཞུ་གནང་མཁན་ཡང་མང་དུ་ཡོད། ལྷག་དོན་ཕྱི་ལོ་༡༩༩༣ལོར་རྒྱལ་སྤྱིའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་༢༠༡༣ལོར་ཀྲུང་གོའི་སྒྱུ་རྩལ་ཉམས་ཞིབ་ཁང་། སི་ཁྲོན་ཞིང་ཆེན་རིག་གནས་ཐེན་དང་སི་ཁྲོན་ཞིང་ཆེན་སྒྱུ་རྩལ་ཉམས་ཞིབ་ཁང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱིས་མཉམ་དུ་སྒྲུབ་པའི་བི་ཤཱོ་ཀརྨ་བུམ་པའི་བོད་ཀྱི་ཕུལ་བྱུང་རི་མོ་དང་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།
       དེ་མིན་ཕྱི་ལོ་༢༠༠༩ནས་༢༠༡༣ལོ་སྟེ་མི་ལོ་བཞིའི་རིང་གི་བརྩམ་ཆོས་བོད་ཀྱི་ལོ་རྒྱུས་ཐོག་གི་ཡིག་གཟུགས་གཅེས་བསྡུས་ཞེས་པའི་ཞལ་ཐང་རིང་མོ། འཛམ་གླིང་ཅིས་ནས་སི་ཟིན་ཐོར་ཐོ་འགོད་བྱས་པའི་ཆེས་མངོན་མཚར་ཅན་གྱི་བོད་ཀྱི་ཡིག་གཟུཊ་ཞལ་ཐང་འདིས་ཁོང་གི་མི་ཚེའི་ཐོག་གི་སྙིང་སྟོབས་མཚོན་ཡོད་ལ། ད་དུང་གསར་གཏོད་ཀྱི་ཐོག་ནས་བོད་ལ་སྔ་ན་མེད་པ་སྟེ་པུར་ལེབ་ཀྱི་འབྲི་སྟངས་ལ་ལོ་མང་རིང་ཉམས་ཞིབ་བྱས་མཐར་ཕྱི་ལོ་༡༩༩༣ལོ་ནས་དངོས་སུ་འབྲི་མགོ་བརྩམས་ནས་བོད་ཀྱི་པུར་ལེབ་ཡིག་གཟུགས་འབྲི་མཁན་ཐོག་མར་གྱུར།
 གཞན་ཡང་དེར་མཚོན་གྱི་རིག་པ་རྨད་དུ་བྱུང་བའི་ཡིག་གཟུགས་སྒྱུ་རྩལ་གྱི་རྒྱུན་བཟུང་ནས་བརྩམས་ཆོས་གང་ལེགས་རང་གི་སོར་མོའི་འདུ་བྱེད་ལ་བསྒྱུར་ནས་འཛམ་གླིང་ས་ཆེན་ཡངས་པའི་ཁྱོན་ལ་སྐོར་ཐེངས་གཅིག་གིས་བོད་ཆེན་པོའི་ཡིག་གཟུགས་ཟེར་བ་ཞིག་འཇོག་རྒྱུ་ཁོང་གི་མི་ཚེའི་ཟས་རིན་ཡིན་ཟེར།


དགེ་མང་འཇམ་དཔལ་དང་རྡོ་རྗེ་དོན་གྲུབ་གཉིས་ཀྱི་ཕྱག་བྲིས་ལ་འཛམ་གླིང་ཅི་ཉི་སེའི་ཟིན་ཐོར་བཀོད་པའི་བྱ་དགའ་ཐོབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
53u9 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྣོ་གྲི། སྤེལ་དུས:2014/11/2
བཀླག་ཟིན་ཡག་པོ་རེད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41162523
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1