གཙང་དགོན་དགའ་ལྡན་དོན་གྲུབ་རབ་བརྟན་གླིང༌།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེ་ངོ་སྤྲོད། »གཙང་དགོན་དགའ་ལྡན་དོན་གྲུབ་རབ་བརྟན་གླིང༌།
གཙང་དགོན་དགའ་ལྡན་དོན་གྲུབ་རབ་བརྟན་གླིང༌།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/9ལྟ་ཀློག (4337)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                                           རྭ་རྒྱ་བློ་དབང་།

     ཆོས་སྡེ་ཆེན་པོ་གཙང་དགོན་དོན་གྲུབ་རབ་བརྟན་གླིང་ནི་མདོ་སྨད་བྱང་རྒྱུད་རྨ་ཆུའི་འགྲམ་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གི་ཚངས་ཐིག་གོ་སྲིབ་ལྷས་སྔོ་རིང་ཞེས་པར་རབ་བྱུང་བཅུ་གསུམ་པའི་ཤིང་བྱ་སྤྱི་ལོ་༡༧༦༥ ལོར་སེར་བྱེས་བྱ་བྲལ་གཙང་སྐུ་ཕྲེང་གཉིས་པ་པཎྜི་ཏ་བློ་བཟང་བསྟན་པ་རྒྱ་མཚོས་ཕྱག་འདེབས་མཛད། གནས་འདི་ྋཔཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱིས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དངོས་སུ་གཟིགས་ཤིང་ལུང་ཡང་བསྟན། སྡེ་འདིར་རྨད་བྱུང་ཐོས་བསམ་གླིང་དང༌། རྒྱུད་སྨད་གྲྭ་ཚང་གསང་སྔགས་བདེ་ཆེན་གླིང༌། དུས་འཁོར་གྲྭ་ཚང་ཨེ་ཝཾ་ཆོས་འཁོར་གླིང༌། དུས་ཕྱིས་བཙུགས་པ་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་བཅས་གྲྭ་ཚང་ཆེན་པོ་བཞི་དང་རྟ་མགྲིན་གྲྭ་ཚང་བཅས་ཡོད་ལ། དེ་དག་གི་ཆོས་སྤྱོད་ཀྱི་རིམ་པའང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་ཆ་གཞིར་བཞག་གི་གཞུང་བཀའ་པོད་ལྔའི་འཆད་ཉན་ལ་འཛིན་གྲྭ་བཅུ་གསུམ་དང་ཆོས་ཐོག་ཆེ་ཆུང་གི་རིམ་པ་སོགས་སེར་བྱེས་མཁས་སྙན་གྲྭ་ཚང་ཇི་ལྟ་བུ་དང༌། རྒྱུད་པ་གྲྭ་ཚང་ལ་འགྲེལ་བ་བཞི་སྦྲགས་ཀྱི་འཆད་ཉན་དང་རྒྱུད་སྡེ་བཞིའི་དཀྱིལ་འཁོར་བྲི་བཞེངས་སོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ཇི་ལྟ་བུ་དང༌། དུས་འཁོར་གྲྭ་ཚང་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལ་འཆད་ཉན་གཙོ་བོར་གྱུར་བའི་རྣམ་སྣང་མངོན་བྱང་དང་རྩིས་སྐར་ནག་སོགས་ཀྱི་ཕྱག་སྲོལ་རྨད་དུ་བྱུང་བ་དང༌། སྨན་པ་གྲྭ་ཚང་ལ་རྩ་བ་ཐིག་རྒྱུད་དང་རྒྱུད་བཞི། རྡོར་དབྱིངས་སོགས་ཀྱི་ཆོ་ག་ཕྱག་ལེན་གྱི་རིམ་པ་ངོས་གཙང་བ། རྟ་མགྲིན་གྲྭ་ཚང་ལ་ཐོས་བསམ་གླིང་སྤྱི་མཚུངས་ལྟར་གཞུང་བཀའ་པོད་ལྔར་འཆད་ཉན་གྱི་སྟེང་དུ་ཡི་དམ་ཡང་གསང་གི་བསྐྱེད་རྫོགས་ཡིག་ཆུང་སོགས་ལ་འཆད་ཉན་དང་ཡི་དམ་གྱི་དཀྱིལ་འཁོར་བྲི་བཞེངས་སོགས་ཀྱི་ཕྱག་སྲོལ་དམ་པ་གོང་མའི་ཕྱག་བཞེས་ལྟར་ཡར་ལྡན་དུ་གནས། 

   གཙང་པཎྜི་ཏ་སྐུ་ཕྲེང་རིམ་བྱོན་དང༌།   ཀད་གོར་འཇམ་པའི་དབྱངས་སྐུ་ཕྲེང་རིམ་བྱོན། ལཱ་ཁ་ཏཱ་ལའི་ཧུ་ཐོག་ཐུ་སྐུ་ཕྲེང་རིམ་བྱོན་སོགས་བླ་སྤྲུལ་སུམ་ཅུ་ལྷག་དང༌། དགའ་བྱང་དགེ་བཤེས་འཇམ་དབྱངས་དོན་གྲུབ། གཙང་གི་འཇམ་དབྱངས་རྣམ་གསུམ་སོགས་དབུས་ནས་ཕེབས་པའི་དགེ་བཤེས་ཆེ་ཁག་གང་མང་དང༌། སྒར་ཁག་ཉེར་བརྒྱད། འདུ་ཁང་དང་ལྷ་ཁང་ཆེ་ཆུང་ཉི་ཤུ་  འཕེལ་རྒྱས་ཀྱི་སྐབས་གྲྭ་ཚོགས་ཆིག་སྟོང་བརྒྱད་བརྒྱ་ལྷག་འཛོམས་ཏེ་བཤད་སྒྲུབ་བསྟན་པའི་འོད་སྣང་ཕྱོགས་བཅུར་བཀྱེས་ཏེ་ལུགས་གཉིས་ཀྱི་གཟི་བྱིན་རབ་ཏུ་འབར་བ་བྱུང༌། སྤྱི་ལོ་༡༩༤༡ ལོར་རྒྱ་ནག་མ་ཇག་དམག་དཔུང་གིས་དགོན་པ་གཏོར་བཤིག་ཚད་མེད་དང་སྐྱ་སེར་སུམ་བརྒྱ་ལྷག་དམར་གསོད། ཉིས་བརྒྱ་ལྷག་རྨས་སྐྱོན། གྲྭ་བཙུན་རྣམས་རྒྱ་དམག་ཏུ་བཙན་འདེད་བྱས་པ་སོགས་བསྟན་པ་ལ་ཉམས་ཉེས་ཆེན་པོ་བྱུང༌། ཡུལ་སྡེ་དགོན་པ་དང་བཅས་པས་ཇག་དམག་ལ་ཕར་རྒོལ་གྱིས་རང་ས་བཙན་བཟུང་བྱས་ཏེ་སླར་ཡང་ཆོས་སྡེ་ཉམས་གསོ་སྐབས་སྤྱི་ལོ་༡༩༥༨ ལོའི་དུས་འགྱུར་དང་ཁེལ་དེ་དགོན་སྡེའི་གྲྭ་དམངས་དགེ་བཤེས་ཡོངས་དང་། གཙུག་ལག་ཁང་དང་། ལྷ་ཁང་གྲྭ་ཤག་དང་བཅས་པ་ཐལ་བའི་རྡུལ་དུ་བརླགས། སྤྱི་ལོ་༡༩༨༡ ལོར་གཙང་པཎྜི་ཏ་སྐུ་ཕྲེང་དྲུག་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཆོས་སྒོ་སླར་འབྱེད་དང་རི་ཤིས་མཁན་ཆེན་བློ་བཟང་བསྟན་པའི་རྒྱལ་མཚན། རྡོ་རམས་པ་རྗེ་ཆོས་འཕེལ་རྒྱ་མཚོ་སོགས་ཀྱི་བཀའ་དྲིན་ལས་གྲྭ་ཚང་བཞིའི་ཆོས་སྤྱོད་ཀྱི་རིམ་པ་མཐའ་དག་ཟུར་ཙམ་ཉམས་པ་མེད་པར་བསྐྱར་འཛུགས་དང༌། གཙུག་ལག་ཁང་དང་ལྷ་ཁང་སོགས་བཞེངས་ཏེ་འཕེལ་རྒྱས་ཀྱི་ཡང་རྩེར་སྙེག་བཞིན་ཡོད་པ་དང༌། 

    སྤྱི་ལོ་༡༩༩༥ ལོར་རྭ་རྒྱ་རུ་དགོན་འདི་དང༌། རྭ་རྒྱ། རེབ་གོང་གསུམ་གཙོས་མདོ་ཁམས་སུ་ཆེས་ཐོག་མའི་འཇང་དགུན་ཆོས་ཚུགས་པའི་སྲོལ་བཏོད་པ་ནས་ད་ལྟ་མདོ་ཁམས་སྟོད་སྨད་ཀུན་ཏུ་དགོན་སྡེ་རྣམས་མཉམ་འདུས་ཀྱི་རྒྱལ་བའི་གསུང་རབ་ལ་ཐོས་བརྩོན་གྱིས་བརྡར་ཤ་གཅོད་པའི་སྲོལ་བཟང་ཆེས་ཆེར་དར་བཞིན་པ་འདིའོ། །ཆོས་གྲྭ་འདིའི་དགོན་ལག་ཏུ་གཏོགས་པ་ཤིང་བཟའ་དགོན་དང༌། ལཱ་ཁ་དགོན་སོགས་ཅི་མང་དང༌། དགོན་འདིའི་ལྷ་སྡེ་ནི་སྔོན་ཨ་རིག་ཚོ་དགུའི་སྤྱི་དང་ལྷག་པར་དུ་གཙང་ཀླུ་བ་རྒྱལ་མངའ་ཞབས་ཀྱི་གཙང་ཨ་རིག་པ་རྣམས་ཡིན། ཕྱིས་སུ་ལོ་རྒྱུས་ཀྱི་འགྱུར་ལྡོག་ལྟར་ཨ་རིག་སྟོད་སྨད་བར་གསུམ་གྱེས་པས་ད་ལྟ་རྨ་ལྷོའི་ཨ་རིག་དང༌། གཙང་ལྷ་སྡེ། སོག་པོ་མདའ་ཚན། གཡུ་རྔོག མགར་རྩེ། རོང་བོ་སོགས་རྨ་ལྷོ་བྱང་གི་ཡུལ་སྡེ་མང་དུ་ཡོད། ད་ལྟ་རྒྱུན་བཞུགས་སློབ་གཉེར་བ་གཅིག་སྟོང་ལྷག་གིས་ལུང་སྡེ་སྣོད་གསུམ་གསང་བ་སྔགས་དང་བཅས་པར་འཆད་ཉན་ཐོས་བརྩོན་ཆུ་བོའི་རྒྱུན་བཞིན་གནས་ཤིང་། བསླབ་གསུམ་ཉམས་ལེན་གྱི་སྒྲུབ་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་ཏེ་ཁམས་གསུམ་མི་ཤིས་པའི་གཉེན་པོར་བཞུགས་བཞིན་པ་འདི་ལགས་སོ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41359301
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1