མི་ཚེའི་འགན་འཁྲི་རགས་ཙམ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» འབོལ་རྩོམ། » མི་ཚེའི་འགན་འཁྲི་རགས་ཙམ་གླེང་བ།
མི་ཚེའི་འགན་འཁྲི་རགས་ཙམ་གླེང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/4/15ལྟ་ཀློག (1827)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                                                                                      ཨ་རིག་དགེ་མཐོང་། རྒྱ་གར།


     དེ་རིང་རྩོམ་གྲོགས་ཤིག་བརྒྱུད་ནས་༼མི་ཚེའི་འགན་འཁྲིར༽འབོད་པའི་རྩོམ་བརྡ་ཞིག་འབྱོར།   ཁ་སང་དེ་རིང་ལོ་གཅིག་ནང་གི་དབྱར་གྱི་གུང་སེང་ཉིན་བདུན་ཡོད་པ་དེའི་དུས་ཚོད་དང་འཁེལ་འདུག་པས་གུས་པ་རྣམ་གཡེང་གི་དབང་དུ་སོང་བསྡད་ཡོད། དེའི་ཕྱིར་ཞིབ་མོ་ཞིག་འབྲི་རྒྱུའི་དུས་ཚོད་དེ་དཀའ་ན་ཡང་བསམ་འཆར་རཊ་བསྡུས་ཤིག་ཞུ་འདོད་བྱུང་།  མི་ཚེའི་འགན་འཁྲི་ལབ་ན་མི་བུ་བྱེ་བྲག་པ་རེ་རེ་གཞི་ལ་བཞག་ནས་གླེང་རྒྱུ་ལས་སྤྱི་ལ་ཁྱབ་པ་ཞིག་ཡོད་ཀྱང་ཤེས་དམའ་པ་བདག་ལྟ་བུ་ཞིག་གིས་དུས་ཚོད་ཐུང་ངུ་འདི་འདྲ་ཞིག་ལ་གླེང་མི་ནུས། དེས་ན་མི་བུ་རིགས་མི་འདྲ་བ་ཁ་ཤས་ཀྱི་སྟེང་ནས་ཏོག་ཙམ་གླེང་ན།


གཅིག  གྲྭ་བཙུན་གྱི་མི་ཚེའི་འགན་འཁྲི།

   གྲྭ་བཙུན་ཟུང་ལ་མཚོན་ནས་བཤད་ན། རྩ་བའི་རྩ་བ་བཞི་བརྟན་མོ་ཞིག་བསྲུང་བའི་སྟེང་ནས་ལུས་ངག་ཡིད་གསུམ་གྱི་སྒོ་དམ་པོར་སྡོམ་ཐུབ་ན་རབ།  དེ་མ་ནུས་ཀྱང་གང་ཐུབ་ཐུབ་དང་ཁྱིམ་པ་སུན་འབྱིན་གྱི་ལས་སུ་མ་སོང་བ་ཞིག་གལ་ཆེ།  ད་དུང་ མཚན་ཉིད་གཙོ་བྱས་པའི་རིག་གནས་ལ་མ་རྨོངས་པ་ཞིག་དང་དེ་བས་ཀྱང་རྨོངས་ དད་ཀྱི་མུན་དོང་དུ་མ་ལྷུང་བ་ངེས་པར་མཁོ།  གང་ཤེས་ཉམས་ལེན་དུ་བསྟར་ཐུབ་དགོས་པ་ནི་འགན་འཁྲི་ཞིག་ཏུ་གྲུབ། ཡིན་ཡང་བདག་གཙོས་གྲྭ་བཙུན་ཚོས་དེ་འདྲ་ ཞིག་དུས་སྙིགས་འདིར་མི་འཇོན་པ་མིག་མཐོང་ལག་ཟིན་རེད།  འགན་འཁྲི་ནི་དེ་ ལས་མ་འདས།


གཉིས། མི་སྐྱ་ཚོའི་འགན་འཁྲི།

     མི་སྐྱ་ཞིག་ལ་མཚོན་ན་གཙོ་བོ་སློབ་སྦྱོང་གི་རྨང་གཞི་ཞིག་ཡོད་པའི་སྟེང་ནས་མི་ རིགས་ཀྱི་འདུ་ཤེས་ཟབ་མོ་དང་།  འཚོ་གནས་ཀྱི་གོ་སྒྲིག་ཕུན་སུམ་ཚོགས་པ་ཞིག་ ངེས་པར་མཁོ།  ཁྱིམ་ཚང་གི་འཚོ་བ་དང་བུ་ཕྲུག་ལ་ཤེས་ཡོན་ཇི་ལྟར་སྤྲད་དགོས་མིན།  ཞིང་ལས་དང་འབྲོག་ལས་གང་ཡིན་ན་རང་ས་ནས་རང་གིས་འབད་བརྩོན་ལ་ བརྟེན་ཏེ་མི་ཚེ་བདེ་སྐྱིད་ཀྱི་ངང་བསྐྱལ་ཐུབ་དགོས་པ་ནི་འགན་འཁྲི་ཞིག་ཏུ་གྲུབ། འགན་འཁྲི་དེ་སྒྲུབ་ཐུབ་མིན་གྱི་མི་སྐྱ་སྣ་ཚོགས་ཤིག་ཡོད་ཀྱང་འགན་འཁྲི་ནི་དེ་ལས་མ་འདས།


གསུམ། ཤེས་ཡོན་པའི་མི་ཚེའི་འགན་འཁྲི།

    ཤེས་ཡོན་པ་ཞིག་ལ་མཚོན་ན་སློབ་སྦྱོང་གི་སྐོར་ནས་བཤད་མི་དགོས་པར་གང་འཚམ་ལྡན་དགོས་པ་མིང་ཙམ་གྱིས་ཀྱང་ཤེས་སླ།  འོན་ཀྱང་ཤེས་ཡོན་ཡོད་པ་ཙམ་གྱིས་མི་ཆོག་པར་མི་རིགས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་དང་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་ཐད་ནས་གཞན་དང་མ་འདྲ་བ་ཞིག་ངེས་པར་དགོས། ད་དུང་རང་གི་མི་རིགས་ཀྱི་བདེ་སྡུག་བསམ་སྟེ་གཞན་གྱི་ལག་རོགས་སུ་མ་གྱུར་བ་ཞིག་དགོས་པ་ནི་ད་ལྟའི་བོད་ཀྱི་ཤེས་ཡོན་པའི་འགན་འཁྲི་ཞིག་ཏུ་གྲུབ། དེ་ལྟར་བྱེད་ཐུབ་མིན་སྣ་ཚོགས་ཤིག་ཡོད་ཀྱང་འགན་འཁྲི་ནི་དེ་ལས་མ་འདས།


བཞི། རྩོམ་པ་པོ་ཚོའི་མི་ཚེའི་འགན་འཁྲི།

    རྩོམ་པ་པོ་ཞིག་ལ་མཚོན་ན་སློབ་སྦྱོང་གི་བརྒྱུད་རིམ་ཡོད་པའི་སྟེང་དུ། རང་ཉིད་ཀྱི་སྨྱུག་རྩེ་ནས་སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་ཞིག་བེད་སྤྱད་དེ་རྩོམ་རིགས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་ཀྱི་སྣེ་ཁྲིད་དེ་ལམ་སྟོན་མཁན། སྒེར་གཅོད་དང་རུལ་སུངས་ཀྱི་རིགས་གཙང་སེལ་བཟོ་དགོས། མདོར་ན་རིག་གནས་ཀྱི་ཆུ་ཚོད་མཐོ་ཞིང་མི་རིགས་ལ་ཁ་ཕྱོགས་སྟོན་དགོས་པ་ནི་འགན་འཁྲི་ཞིག་ཏུ་གྲུབ། འགན་འཁྲི་དེ་ལས་འདའ་བའི་རྩོམ་པ་པོའི་ཐ་སྙད་འཛིན་མཁན་ཧ་ཅང་མང་། འོན་ཀྱང་འགན་འཁྲི་ནི་དེ་ལས་འདས།


ལྔ། དགེ་རྒན་ཚོའི་མི་ཚེའི་འགན་འཁྲི།

    དགེ་རྒན་ཚོའི་འགན་འཁྲི་ནི་རང་ཉིད་ཀྱིས་སློབ་སྦྱོང་མཐར་ཕྱིན་པ་ཞིག་གནང་སྟེ་དགེ་ཕྲུག་ཚོའི་རྒྱུད་ལ་ཤེས་བྱའི་བདུད་རྩི་གཏོར་རྒྱུ་དང་།སློབ་ཁྲིད་སྐབས་སུ་སློབ་མའི་སེམས་ཁམས་དང་བསྟུན་ཏེ་བསླབ་རྒྱུ།ལྷག་དོན་སློབ་ཁྲིད་ཀྱི་དུས་སུ་དགོས་མེད་དང་འབྲེལ་མེད་ཀྱི་སྐད་ཆ་མི་བཤད་པ། སློབ་མའི་བློ་དང་བསྟུན་ཏེ་ཁྲིད་མཁན་ཞིག་ ངེས་པར་དགོས། དེང་སང་དགེ་རྒན་གྱི་མིང་ཙམ་ལས་སློབ་སྦྱོང་གི་ནུས་པ་མེད་པར་གླ་ཕོགས་ཀྱི་ཆེད་དུ་ཤི་འཐམས་བྱས་ཏེ་བསྡད་ཡོད་པ་གྲངས་པས་འདས། འོན་ཀྱང་ དགེ་རྒན་གྱི་འགན་འཁྲི་ནི་དེ་ལས་མ་འདས།



དྲུག ཕ་མ་ཚོའི་མི་ཚེའི་འགན་འཁྲི།

    ཕ་མ་ཞིག་ལ་མཚོན་ན་བུ་ཕྲུག་གཉོར་སྐྱོང་ནི་བཤད་མི་དགོས། ཁྱིམ་ཚང་གི་སློབ་ གསོ་ནི་བྱིས་པའི་ཐོག་མའི་ཤེས་རིག་གི་རྨང་གཞི་ཚུགས་ས་ཡིན་པ་དང་། དེ་ནི་ཕ་ མ་ལ་རག་ལས་པས་ཕ་མས་བུ་ཕྲུག་གཉོར་སྟངས་ཤེས་དགོས།  འོན་ཀྱང་དེང་སང་བྱིས་པ་ཆུང་དུས་སུ་གཅེས་ལང་དུ་བཏང་སྟེ་རྔན་པ་ཐབས་རྡུགས་རིཊ་སྟེར་བ། ཆུང་དུས་ནས་བྱིས་པའི་སེམས་ཁམས་ལ་གནོད་པའི་སྐད་ཆ་བཤད་པ།  དེང་གི་འཕྲུལ་ཆས་བྱིས་པའི་ལུས་སེམས་གཉིས་གར་གནོད་པའི་རིགས་གང་འདོད་དུ་རྩེ་གི་འཇུག་པ་སོགས་ནི་གཏན་ནས་མི་འོས། བྱིས་པ་སློབ་གྲྭར་གཏོང་བ་དང་སློབ་ཡོན་གྲ་སྒྲིག་དགོས་པ་ནི་འགན་འཁྲི་ཞིག་ཏུ་གྲུབ།  འགན་འཁྲི་ནི་འཁུར་གི་ཡོད་མེད་སྣ་ཚོགས་ཤིག་འདུག་ཀྱང་འགན་འཁྲི་ནི་དེ་ལས་མ་འདས། ད་ནི་བཤད་མཚམས་འཇོག ཁྱེད་ཅག་གི་དུས་དེབ་ཀྱི་འགྲོ་གྲོན་ལ་ཡང་བསམ་བློ་གཏོང་དགོས།  ཡིག་ཉོག་མང་བོ་སྤུངས་ན་དགེ་མཚན་མེད་པས་འདི་ཙམ་ཀུན་སློང་བཟང་བོའི་སྒོ་ནས་ཕུལ་བ་དེས་ ཕན་པར་ཤོག 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oles བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41982714
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1