དངུལ་ཁབ་ཀྱི་གསང་བའི་མན་ངག
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 11 ཚེས 18 རེས་གཟའ་ཟླ་བ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »དངུལ་ཁབ་ཀྱི་གསང་བའི་མན་ངག
དངུལ་ཁབ་ཀྱི་གསང་བའི་མན་ངག
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/5/26ལྟ་ཀློག (14498)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། ། དངུལ་ཁབ་རིག་པས་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་གསོ་ཚུལ་མདོ་ཙམ་

བརྗོད་པ་ངོ་མཚར་དཔྱད་ཀྱི་མདའ་མོ། །

                                           གླིང་བ་བྱང་རིག་ཁོ།

མ་རིག་ལས་ཉོན་དུག་ཆུ་འཁྲུགས་པའི་ལུས། །

བདག་འཛིན་དུག་ལྔས་བསྐྱེད་པའི་གཡོར་གྲུ་འདིར། །

མ་རུངས་ཚ་གདུང་རླུང་གིས་བུས་པ་ཡིས། །

མི་བཟོད་དུཿཁ་དྲག་པོས་གཟིར་བར་བྱེད། །

 

སྣ་ཚོགས་གསོ་བྱེད་རྟ་བདུན་དབང་བོའི་ཟེར། །

སྣ་མང་ནད་རིགས་གསོག་སློང་བྱེར་འདྲེན་ལ། །

ཞི་བྱེད་འོད་ཀྱིས་བདེ་བ་རབ་སྟེར་བའི། །

གསོ་དཔྱད་བསྟན་པའི་རྒྱལ་མཚན་དགུང་ལ་རེག །

 

རྩ་མདུད་གྲོལ་ཞིང་བགེགས་རིགས་མ་ལུས་དང་། །

ཉེས་གསུམ་རྐྱེན་བཞིས་བསྐྱེད་པའི་ནད་རིགས་སོགས། །

རླུང་ཁྲག་སྙོམས་པར་བྱེད་པའི་དཔྱད་ཀྱི་མཆོག །

དངུལ་ཁབ་རིག་པ་འཛམ་གླིང་སྐྱེ་འགྲོའི་རྒྱན། །

     ༧ཞེས་མཆོད་པར་བརྗོད་པའི་མེ་ཏོག་པད་དཀར་ཆུན་པོའི་སྔུན་བསུས་ཏེ་གླེང་བར་བྱ་བ་ནི་ང་ཚོ་ལ་ཡེ་གདོད་མ་ནས་ལྷན་སྐྱེས་སུ་གྲུབ་པའི་སེམས་མེད་རླུང་གིས་བསྐྱེད་ཅིང་མ་རིག་ཉོན་མོང་གིས་བསླངས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས་ཀྱི་ངེས་བརྗོད་དང་རླུང་ཁྲག་གི་ནད་རིགས་སྟེ་འདོད་ཆགས་ཀྱིས་སྐྱེད་པའི་རླུང་རྩ་སུམ་བརྒྱ་དྲུག་ཅུ་སོགས་གསོ་ཚུལ་མདོ་ཙམ་དང་། ཞེ་སྡང་གི་མེ་རྩའམ་ཁྲག་རྩ་སུམ་བརྒྱ་དྲུག་ཅུ་གསོ་ཚུལ་མདོ་ཙམ་དང་། གཏི་མུག་གི་ཆུ་རྩ་སུམ་བརྒྱ་དྲུག་ཅུ་གསོ་ཚུལ་མདོ་ཙམ་དང་། གདགས་སྲིབས་ཀྱི་རྩས་ཕྱི་ནང་གི་ནད་བཅོས་ཚུལ་དང་། འབྱུང་གདོན་ནད་ཀྱི་གཉེན་པོ་སྟེ་བོད་ཀྱི་

དངུལ་ཁབ་རིག་པའི་ཐུན་མིན་ཁྱད་ཆོས་བཅས་གླེང་བར་བྱའོ། །

༡ ཅི་ཞིག་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟེར།

    ང་ཚོར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་དུས་མིན་འཆི་བ་རྣམ་བརྒྱད། ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཞེས་བརྗོད་ཚེ་དེ་ནི་བཟློག་དུ་མེད་པའི་བདུད་དམ་འདྲེ་མ་རུང་བ་ཞིག་གི་གནོད་འཚེ་ཡིན་ལ་དེ་བཟློག་པར་ཆོས་ལུགས་ཀྱི་ཆོ་གས་བཟློག་བསྒྱུར་མནན་གཏད་སོགས་མ་གཏོགས་གང་གིས་ཀྱང་མི་ཕན་པར་སྙམ་མོད། དེ་ནི་གསོ་བ་རིག་པའི་གཞུང་ལུགས་ཀྱི་དགོངས་པའི་གསོ་བྱ་ཉིད་དུ་གྱུར་བ་ལས་འདྲེ་མ་ཡིན། མི་མིན་གྱི་གནོད་པ་ཡང་མ་ཡིན། ནང་བསྟན་ཆོས་ལུགས་ཀྱི་གཟབ་ཡངས་དཀྱེལ་ཆེའི་ནང་དོན་མ་གོ་བར་གཡམ་རྒྱུག་གིས་དཀྲོགས་པའི་སྒྲོ་འདོགས་ཀྱི་བློས་སླངས་ཞིག་སྟེ།  དོན་ངོ་མར་སེམས་མེད་རླུང་རྩའི་བྱེད་ནུས་ལ་ཕོག་ཐུག་བྱུང་བའི་རྣམ་འགྱུར་ཞིག་ཡིན་ལ་ང་ཚོ་ཐོག་མ་ཉིད་ནས་མའི་མངལ་དུ་རྣམ་པར་ཤེས་པ་དང་ལྷན་དུ་གྲུབ་པའི་སྐབས་ཉིད་ན་རང་བཞིན་ཀྱིས་གྲུབ་པའི་རྩ་སུམ་བརྒྱ་དང་དྲུག་ཅུ་གཤིས་སུ་གྲུབ་ལ་དེར་ཡེ་གདོད་མ་ནས་ཕྱི་ཤ་ལྤགས་ཀྱི་རྩ་བརྒྱ་དང་ཉི་ཤུ་དང་བར་རུས་རྐང་ལ་རྩ་བརྒྱ་དང་ཉི་ཤུ། ནང་དོན་སྣོད་ལ་རྩ་བརྒྱ་དང་ཉི་ཤུ་སྟེ་རྩ་སུམ་བརྒྱ་དྲུག་ཅུ་འདུས་པ་ལ་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟེར།

     དེར་ང་ཚོའི་སྒོ་གསུམ་ཏེ་ལུས་ངག་ཡིད་གསུམ་སོགས་ལ་ཕྱིའི་འཇིག་རྟེན་གྱི་ཟས་སྤྱོད་ལོག་པའི་རྐྱེན་གྱིས་སྲིན་ཕྲ་འཁྲུགས་ནས་རྣམ་པ་གཞན་དུ་གྱུར་ཅིང་ལུས་ལ་ཞུགས་པས་རྩའི་བྱེད་ནུས་བསྒགས་པའམ་བགེགས་བྱེད་པ་དེ་ལ་བར་དུ་གཅོད་པའི་དགྲ་ལྟ་བུ་མ་རིག་པ་འདོད་ཆགས་ལས་བྱུང་བའི་རླུང་ནད་སྐྱེད་བྱེད་མོ་གདོན་ཀྱི་རླུང་རྩ་སུམ་བརྒྱ་དྲུག་ཅུ་དང་ཞེ་སྡང་ལས་བྱུང་བའི་མཁྲིས་ནད་སྐྱེད་བྱེད་ཕོ་གདོན་ནམ་ཞེ་སྡང་གི་མེ་རྩའམ་ཁྲག་རྩ་སུམ་བརྒྱ་དྲུག་ཅུ། གཏི་མུག་ལས་བྱུང་བའི་བད་ཀན་གྲང་བ་སྐྱེད་བྱེད་མ་ནིང་གི་གདོན་ནམ་གཏི་མུག་གི་ཆུ་རྩ་སུམ་བརྒྱ་དྲུག་ཅུ་བཅས་འདྲིལ་བའི་སྟོང་ཕྲག་གཅིག་དང་བརྒྱད་ཅུའི་བསྡུས་མིང་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞེས་བྱའོ། །

༢ བྱེ་བྲག་ཏུ་ནད་རྣམས་ཀུན་གྱི་སྣ་འདྲེན་དང་མཇུག་སྡུད་བྱེད་པའི་འདོད་ཆགས་ཀྱི་རླུང་རྩ་

སུམ་བརྒྱ་དྲུག་ཅུ་བཅོས་ཚུལ་བཤད་པ།

      ང་ཚོའི་འདོད་ཆགས་ཀྱིས་བསྐྱེད་པའི་རླུང་གི་ནད་ལ་མན་རྒྱུད་ལས། ནད་རྣམས་ཀུན་གྱི་སྣ་འདྲེན་མཇུག་སྡུད་རླུང་། །མཁྲིས་ཚད་འབུད་ཅིང་བད་ཀན་གྲང་བ་འཁྱག །དམུ་འོར་སྐྱ་རྦབ་གཡོ་ཞིང་སྐྲན་རྣམས་སྒོང་། །བསགས་སློང་བྱེར་འདྲེན་ཚད་མཇུག་རླུང་གིས་འབུད། །ཞེས་གསུངས་པ་ལྟར་ཐོག་མར་ནད་ཐམས་ཅད་ལས་རླུང་འཇུག་ཅིང་དེ་ནས་ནད་གཞན་རྣམས་སློང་བར་བྱེད་པ་དང་། མཇུག་སྡུད་དེ་ཚད་གཞུག་འབུད་པ། བྱུང་བའི་ནད་རྣམས་བྱེར་ཞིང་འཐོར་བའི་ལས་བྱེད་པ། ཚ་གྲང་མ་ངེས་བ་ཀུན་ལ་ཁྱབ་ཅིང་གནོད་བྱ་ཀུན་ལ་རྒྱུ་བ། གནོད་བྱེད་ལ་སྡོངས་ཟླར་རྒྱུགས་ཏེ་གྲོགས་བྱེད་པ། རང་རྒྱུད་གདུག་ཅིང་གཞན་ལ་གནོད་པའི་མཐུ་ཆེ་བ། ནད་གཞན་ལས་སྣ་མང་ཞིང་སྟོབས་ཆེ་ཡིན་ཕྱིར་ཐོག་མར་རླུང་ནད་གསོ་བཅོས་ཀྱི་ལས་ལ་བརྩོན་ཞིང་ནམ་ཡང་བྱ་ར་ནན་མོ་བྱེད་དགོས་སོ།

བཅོས་ཐབས། གཙོ་བོ་བོད་ཀྱི་དངུལ་ཁབ་རིག་པའི་གསོ་བཅོས་ཀྱི་རྨང་གཞི་ནི་རྩའི་བྱེད་ནུས་དང་། རྩ་རྒྱུད་ནི་ལུས་ཀྱི་རླུང་ཁྲག་སྐྱེལ་འདྲེན་བྱེད་པའི་ལམ་ཁ་གཙོ་བོ་ཡིན་ལ། དོན་སྣོད་དབང་པོ་སོ་སོར་དགོས་ངེས་ཀྱི་ལུས་ཟུངས་དྭངས་མ་མཁོ་སྤྲོད་བྱེད་ནུས་པ་དང་། ལུས་པོ་སྲུང་ལ་ནད་རིགས་སྔོན་འགོག་བྱེད་པ་དང་ལུས་ལ་ཁོར་ཡུག་གིས་ཕོག་ཐུག་བྱུང་སྐབས་རྩ་རྒྱུད་ཀྱིས་རང་གི་གཤིས་ནུས་བརྒྱུད་གདོང་ལེན་དང་། ནང་དོན་སྣོད་དབང་རྟེན་སོ་སོའི་ནུས་པ་རྒྱུན་འཛིན་དང་། སྙོམས་སྒྲིག་བྱས་ནས་ཕྱི་ནང་གི་འབྱུང་ཁམས་སྙོམས་པར་བྱེད་པ། རྩ་རྒྱུད་ཆགས་ལུགས་ཀྱི་འཐུས་ཚང་རང་བཞིན་ལ་གནོད་སྐྱོན་ཕོག་པའམ་རླུང་ཁྲག་སྐྱེལ་འདྲེན་བྱེད་པ། རྩ་རྒྱུད་རེར་རྒྱུ་གནས་ངེས་ཅན་རེ་ཡོད་པས་གཞུང་རྩ་དྲ་བཅུ་གཉིས་དང་ནང་དོན་སྣོད་རྣམས་ཕན་ཚུན་འབྲེལ་འབྱོར་གྱི་ཚུལ་དུ་གནས་ཡོད་པའི་མཚན་ཉིད་ཤེས་དགོས་ལ་ང་ཚོའི་ལུས་ཐ་མལ་དུ་གནས་པ་དང་རྣམ་པ་གཞན་དུ་གྱུར་བའི་རླུང་མཁྲིས་བད་ཀན་གསུམ་མམ་དུག་གསུམ་འཁྲུགས་པའི་རྒྱུ་གནས་དགུ་སྟེ་འདོད་ཆགས་ཀྱིས་སྐྱེད་པའི་རླུང་ཉིད་འཁྲུགས་པར་གཙོ་བོ་སྙིང་ལ་རྒྱུ་བས་སྙིང་གི་གསང་དང་སྲོག་རླུང་གི་གསང་ལོང་གི་གནས་སུའང་རླུང་རྒྱུ་ས་གཙོ་བོ་ཡིན་པས་ལོང་གསང་བཅས་ལ་གཙག་བཅོས་བྱས་ན་རླུང་བདེ་བར་རྒྱུ་ཞིང་ཁམས་་སྙོམས་པར་མཛད་པའི་ནུས་པ་ཕུན་སུམ་ཚོགས་པ་ཡོད་པ་རེད།

    ཇི་སྐད་དུ། འདུ་བ་མ་སྙོམས་རྩ་རྒྱུད་འགག །ཐ་མལ་གནས་ལ་བདེ་བར་རྒྱུ།ཞེས་དང་གཞན་ཡང་། ནད་བརྒྱ་གསོ་བཅོས་འདུ་བ་སྙོམས་སྒྲིགས་ལ། གཙོ་བོ་གསང་དང་རྩ་ཡི་བྱེད་ནུས་ཡིན། ཞེས་གསུངས་པ་ལྟར་འདོད་ཆགས་དང་ཞེ་སྡང་གཏི་མུག་གིས་བགེགས་བྱེད་པའི་རླུང་ཁྲག་གི་རྩ་རྒྱུད་སྦྱངས་ནས་སྙིང་སྲོག་ལོང་གསུམ་གྱི་གསང་ལ་དངུལ་ཁབ་རིག་པའི་གཙག་ན་ རླུང་ཁྲག་བདེ་བར་རྒྱུ་ཞིང་ཁམས་དྭངས་ལ་མི་ན་བར་རིང་དུ་འཚོ་ཐུབ་པ་སོགས་ཀྱི་བྱེད་ནུས་ཕུན་སུམ་ཚོགས་པ་ལྡན་པ་རེད་དོ། །


༣ ཞེ་སྡང་གི་མེ་རྩའམ་ཁྲག་རྩ་སུམ་བརྒྱ་དྲུག་ཅུ་བཅོས་ཚུལ་བཤད་པ།

    ཇི་སྐད་དུ། རྣམ་འགྱུར་ནད་ཀྱི་རྒྱུ་ནི་བད་ཀན་དང་། །རླུང་ནི་ནད་ཀྱི་རྟ་ཡིན་ལུས་ཀུན་ཁྱབ། །དུག་གསུམ་མ་ལུས་བསྐྱེད་བྱེད་ཉོན་མོང་གནས། །ཁྲག་དང་མཁྲིས་པ་ཡིན་པ་མཁས་པའི་གསུངས། །ཞེས་པ་ལྟར། ང་ཚོ་ལ་ཞེ་སྡང་གིས་བསྐྱེད་པའི་ལུས་ཀྱི་དྲོད་ཀྱི་ཁམས་སྣུམ་བཅས་རྣོ་ཚ་སོགས་ཀྱིས་ལུས་ལ་མེ་འབར་བ་ལྟར་གྱི་དྲོད་སྐྱེད་ཅིང་མཁྲིས་པ་ཚ་བའི་རང་རྒྱུད་རྩུབ་ པས་ཁྲག་གི་རྒྱུ་བར་བགེགས་བྱེད་ནས་ཁོང་ཁྲོ་ལངས་བ་དང་ཞེ་སྡང་སྐྱེས་པ་སོགས་ཀྱི་ལས་བྱེད། སྤྱིར་ན་མཁྲིས་པ་ཞེས་པ་ནི་འབར་བའི་དོན་ཡིན་ཞིང་ངོ་བོ་ལུས་ཀྱི་དྲོད་ཁམས་ཀྱི་ཆ་ཤས་ཡོངས་རྫོགས་ལ་བྱ་ཞིང་འབར་བའི་མེ་ཉིད་གཙོ་བོ་གོང་དུ་བརྗོད་པའི་དུག་གསུམ་འཁྲུགས་བའི་རྒྱུ་གནས་ལས་མཁྲིས་པ་གཙོ་བོ་ནི་ཁྲག་དང་གློ་བ་དང་མཆིན་པ་སྣོད་མཁྲིས་བཅས་ཀྱི་ཚད་པའི་རྟ་ལ་ཞོན་ནས་ལུས་ཀུན་མ་རུང་བར་བྱེད་པ་རེད། །

བཅོས་ཐབས།   ཞེ་ནས་སྡང་ཅིང་ཁོང་དུ་ཁྲོ་བ་མེ་ལྟར་འབར་བའི་ཁྲག་དང་མཁྲིས་པ། ཚ་བ་བཅས་ཀྱི་མེ་ཆེན་པོའི་ཚ་ཟུག་གཅོག་པར་རྐང་པའི་ཁ་གདགས་སྣོད་དུ་རྒྱུ་བའི་གདགས་རྩའི་ལམ་ཐིག་གི་གློ་གསང་དང་མཆིན་གསང་མཁྲིས་གསང་བཅས་ལ་གཙག་བཅོས་བྱས་ན་རླུང་ཁྲག་བདེ་བར་རྒྱུ་ཞིང་རྩ་ཁམས་སྤྱང་ནས་ཉོན་མོང་གི་མགོ་བོ་བཅིལ་ཏེ་འཕེལ་ཟད་འཁྲུགས་གསུམ་ལ་སྙོམས་སྒྲིགས་དང་ཚོད་འཛིན། བདེ་གནས་སོགས་ཀྱི་ལས་བྱེད་པ་རེད། །

༤ གཏི་མུག་གི་ཆུ་རྩ་སུམ་བརྒྱ་དྲུག་ཅུ་བཅོས་ཚུལ་བཤད་པ།

    ང་ཚོ་ལ་གཏི་མུག་གིས་སྐྱེད་པའི་ལུས་ཀྱི་ས་ཆུའི་ཁམས་རང་གི་ལྡང་ཚད་ལས་འཕེལ་ཟད་འཁྲུགས་གསུམ་གྱི་ངོ་བོར་གྱུར་ ནས་འོར་དང་སྐྱ་རྦབ་དམུ་ཆུ་སོགས་རྣམ་པ་གཞན་གྱུར་གྱིས་ལུས་ཀྱི་ཆུ་ཁམས་དང་རླུང་ཁྲག་བདེ་བར་རྒྱུ་ཞིང་ཐ་མལ་དུ་གནས་བར་བགེགས་བྱེད་ནས་ནམ་ཡང་ལེ་ལོ་དང་གཏི་མུག་གིས་འཐོམས་པར་འགྱུར་བ་ལ་ཡང་དུག་གསུམ་རྒྱུ་གནས་ཏེ་བད་ཀན་གཙོ་བོ་རྒྱུ་ཤིང་གནས་པའི་ཡུལ་དུ་གྱུར་བ་ནི་ཕོ་བ་དང་མཆེར་བ་མཁལ་མ་སོགས་ཀྱི་ཡུལ་ཡིན་པས་ཕོ་མཆེར་མཁལ་གསུམ་གྱི་བྱེད་ནུས་ལ་ངར་སྐུལ་འདོན་དགོས་པ་རེད།

བཅོས་ཐབས།  དོན་སྣོད་དང་འབྲེལ་ཞིང་འབྱོར་མཐུད་ཀྱི་མཚན་ཉིད་ལྡན་པའི་གདགས་སྲིབས་ཀྱི་རྩ་དྲའི་རླུང་ཁྲག་བདེ་རྒྱུའི་རྩ་ལམ་སྤྱང་ཕྱིར་དོན་མཆེར་མཁལ་གཉིས་ཀྱི་གསང་ཟུང་དུ་གཙག་སྟེ་སྣོད་ཕོ་བའི་གསང་དང་བསྡེབས་པར་གྱུར་ན་རླུང་རྩར་ངོ་བོ་ལྕི་རྟུལ་གྱིས་ཐེབས་པའི་ཕོག་ཐུག་གི་གཟིར་བའི་ནད་མཐའ་དག་ལ་བདེ་གནས་ཁམས་སངས་ཀྱི་སྐུལ་མ་དང་ནུས་པ་བསྐྱེད་ཐུབ་པ་བཅས་རེད། །

༥ གདགས་སྲིབས་ཀྱི་རྩས་ཕྱི་ནང་གི་ནད་བཅོས་ཚུལ་བཤད་པ།

     གོང་སྨན་པའི་རྩའི་སྟོང་ཐུན་ལས། རྩ་ལ་གོམས་པའི་སྨན་པ་དེ། །སོར་མོའི་རྩེ་ལ་སྙིང་ཡོད་འདྲ། །སྟོད་སྨད་དོན་སྣོད་ནད་རྟོགས་པའི་། །དེ་འདྲའི་རིག་པ་རྩ་ལ་ཤར། །ཞེས་གསུངས་པ་ལྟར་རྩ་དྲ་དང་རླུང་ཁྲག་གིས་གྲུབ་པའི་ལུས་ཕུང་འདི་ཉིད་ཐ་མལ་དུ་གནས་མིན་དང་རིང་དུ་འཚོ་མིན་ནི་རྩ་རྒྱུད་འགག་མིན་ལ་རག་ལས་ཤིང་དེར་བརྟེན་ང་ཚོའི་ལུས་ཐ་མལ་དུ་གནས་ཤིང་མི་ན་བར་རིང་དུ་འཚོ་བ་ལ་ཡང་རྩའི་བྱེད་ནུས་དང་རྩའི་གནས་ལུགས་ཤེས་དགོས་པ་བཤད་མ་དགོས་མོད།  ད་ལྟའི་དུས་རབས་ཉེར་གཅིག་ལ་འཕྲོད་བསྟེན་སྨན་བཅོས་ཀྱི་ཆུ་ཚད་གོང་འཕེལ་སོང་སྟེ་གཞོགས་འདེགས་དཔྱད་ཆས་ཀྱི་ཡོ་བྱད་ཚར་དུ་དངར་ཞིང་ཚན་རྩལ་མཐོན་པོ་ཡོད་ཞེས་ཚང་མ་ཡིད་སྨོན་དང་ཡིད་ཆེས་ཀྱིས་ཁེངས་འདུག་ཀྱང་བོད་གསོ་རིག་གི་རྩ་བརྟག་རིག་པའི་གསང་རྒྱ་མ་བརྟོལ་བར་ད་རུང་སྟོང་ཆ་རུ་ལུས་འདུག་པ་ཚང་མའི་ཤེས་གསལ་རེད། ནད་བརྒྱ་གསོ་བཅོས་དང་འདུ་བ་སྙོམས་སྒྲིག་བྱེད་པར་ཐོག་མར་གདགས་སྲིབས་ཀྱི་རྩའི་བྱེད་ནུས་ཤེས་དགོས། དེ་ལ་ཇི་སྐད་དུ།     གདགས་སྲིབས་དོན་སྣོད་རྟེན་འབྲེལ་རྩ། །ཆུ་ཚོད་བཅུ་གཉིས་དང་འགྲོགས་ཏེ། །ལུས་ཀྱི་སྟོད་སྨད་བར་གསུམ་དུ། །རླུང་ཁྲག་འཁོར་ལོའི་ཚུལ་དུ་སྐོར།།ཞེས་པ་ལྟར་གདགས་སྲིབས་ཀྱི་རྩ་རྣམས་ལུས་ཕྱི་ནང་དང་དོན་ལྔ་སྣོད་དྲུག་ཏུ་རྒྱུ་ཞིང་རྒྱུ་བ་དེའི་གདགས་ཀྱི་རྩ་རྣམས་ སྣོད་དྲུག་ལ་རྒྱུ་བ་དང་སྲིབས་རྩ་རྣམས་ནི་དོན་ལྔ་ལ་རྒྱུ་ཞིང་དེ་དང་འབྲེལ་བའི་ཕྱི་པགས་པའི་བར་རྒྱུ་ལ། ནང་དོན་སྣོད་དེ་དང་འབྲེལ་བའི་གནས་སམ་རྩ་རྒྱུད་ཀྱི་གསང་རྣམས་སུ་གཟེར་ཚོར་རྣོ་བ་དང་། རྩ་མདུད་རྒྱག་པ། སྦྲིད་པ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། རྩ་རྒྱུད་རེར་རྒྱུ་གནས་ངེས་ཅན་རེ་ཡོད་པས་གཞུང་རྩ་དྲ་བཅུ་གཉིས་དང་ནང་དོན་སྣོད་རྣམས་ཕན་ཚུན་འབྲེལ་འབྱོར་ གྱི་ཚུལ་དུ་གནས་ཡོད། དེར་བརྟེན་དངུལ་ཁབ་ཀྱིས་ནད་བཅོས་སྐབས་རྩ་རྒྱུད་གཅིག་གམ་དོན་སྣོད་གང་རུང་ཞིག་གི་ནད་འགྱུར་དང་། དེ་མངོན་ཡུལ་གྱི་ཉེ་འཁོར་རམ་རྩ་རྒྱུད་རྒྱུ་གནས་ཀྱི་ཉེ་རིང་གང་རུང་གི་གསང་རྣམས་བཙལ་འདེམས་བྱེད་ནས་གཙག་བཅོས་བྱས་ན་ནད་ཕྱི་ནང་གི་རྩའི་རླུང་ཁྲག་བདེ་བར་རྒྱུ་ཞིང་ཁམས་རྣམས་སྙོམས་པར་བྱེད་པའི་ཕན་ནུས་ལྡན་པ་རེད ། །

༦ འབྱུང་གདོན་ནད་ཀྱི་གཉེན་པོ་སྟེ་བོད་ཀྱི་དངུལ་ཁབ་རིག་པ།

     ང་ཚོ་ལུས་ཐ་མལ་དུ་གནས་པའི་འབྱུང་བཞིའི་ཁམས་ལས་གྲུབ་པའི་གཟུགས་ཅན་དེ་མི་མིན་གྱི་གནོད་པའི་གདོན་དང་ གནོད་བྱེད་གཟུགས་མེད་ཀྱི་བགེགས་སོགས་རང་ངོ་མ་ཤེས་པ་འཁྲུལ་བའི་རྣམ་རྟོག་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་བསྒྱུར་བའི་ནད་འགྱུར་ལ་བོད་ཀྱི་དངུལ་ཁབ་རིག་པའི་དཔྱོད་ཤེས་ཚ་ངར་འབུམ་གྱི་མདའ་མོ་ལྟོང་ལ་སྦྱར་ཏེ་ལྕི་འཐིབས་རྨོངས་འཐོམས་ཀྱིས་མནར་བའི་ལུས་ཅན་གང་གི་སྒོ་གསུམ་གྱི་རྣམ་པ་གཞན་དུ་གྱུར་བ་ལ་དང་ཐོག་སྙིང་ཁམས་ཁྲག་རྩའི་བྱེད་ནུས་ལ་ཟུག་ཚོར་རྣོ་བའི་གསང་གནས་ཁྱད་པར་ཅན་གདགས་སྲིབས་རིགས་པའི་རྩ་དྲའི་བརྒྱུད་འདྲེན་གྱི་འཁོར་སྐྱོད་དང་མཉམ་དུ་རྩ་མདུད་མ་ལུས་བགྲོལ་བར་སྒལ་རྒྱབ་ཀྱི་སྙིང་གི་གསང་(心俞穴)དང་སྟེང་ཕྱོགས་རྣམ་ཤེས་ཀྱི་བུ་ག་འབྱེད་ཅིང་རིག་པའི་རྩ་ཁ་གློད་པའི་ལག་པའི་མཁྲིག་ཚིགས་ཀྱི་ལྷ་སྒོ་གསང་(神门穴)གཞན་ཡང་་ཀླད་པའི་བཀོད་འདོམས་ལ་སྐུལ་མའི་ལྕག་ཚན་གནམ་ལ་འདེགས་ཞིང་རླུང་ཁྲག་དང་ ཟུངས་བདུན་གསོ་ཞིང་བཅུད་ཀྱི་བརྟེན་དུ་གྱུར་བའི་རྐང་བའི་ནང་ལོགས་ཀྱི་ཁྲག་མཚོ་གསང་(血海穴)བཅས་ ལ་མཉམ་དུ་བསྡེབས་ཏེ་གཙག་ན་སྒོ་གསུམ་ཉེས་འཁྲུགས་ཀྱི་ནད་རིགས་མཐའ་དག་དང་ཁྱད་པར་འབྱུང་བོས་རྒྱུད་བརླམ་ནས་ལུས་སེམས་མ་རུང་བར་བྱེད་པའི་གདོན་བགེགས་ཀྱི་ནད་མཐའ་དག་སྐྲོད་ཅིང་སྙིང་གི་འཕར་ལྡིང་གི་ཚད་དང་ཁྲག་གི་གར་གཤེར།  ཁྲག་རླུང་བརྒྱུད་སྐུལ་སོགས་སྙོམས་སྒྲིག་གི་ནུས་པ་བསྐྱེད་ནས་ཁམས་གསོ་ཞིང་ཡིད་ལ་སྤྲོ་དགའི་དཔལ་འཕངས་མེད་དུ་སྟེར་བའི་ཁྱད་ནུས་ཕུན་སུམ་ཚོགས་པ་དང་ལྡན་པ་བཅས་སོ། །   ། །

མཐར་སྨྲས་པ།

དེ་ལྟར་རྩ་མདུད་མ་གྲོལ་བའི ། །

བགེགས་རིགས་སྐྲོད་པའི་ཐབས་ཀྱི་མཆོག །

ངོ་མཚར་དཔྱད་ཀྱི་མདའ་མོ་ཡིས ། །

མ་ཕོག་བརྗོད་ཉེས་ཅི་བྱུང་རྣམས ། །

 

མཁྱེན་ལྡན་འཚོ་བྱེད་དམ་པ་ཡིས ། །

འཛེམ་མེད་མཆིད་བསྩོལ་ཕྱོགས་སྟོན་དང་། །

མ་རྟོགས་ལོག་རྟོགས་ཅི་མཆིས་རྣམས། །

དཔྱོད་ལྡན་མཁས་པའི་སྤྱན་སྔར་འཆགས། །

 

གལ་ཏེ་ལེགས་པའི་ཆ་མཆིས་ན། །

ཚུལ་འདི་ཉི་ཟླའི་དཀྱིལ་འཁོར་བཞིན། །

ཕྱོགས་བཞིའི་ཐ་གྲུ་ཀུན་ཁྱབ་སྟེ། །

གསོ་དཔྱད་བསྟན་པ་རྒྱས་པར་ཤོག །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
96xc བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: 13369733888 སྤེལ་དུས:2016/8/22
ད་ལྟ་སྨན་པ་ཁོང་གང་དུ་ཕྱག་ལས་གནང་བཞིན་ཡོད་དམ། ཅི་ལྟར་འབྲེལ་ཐུབ་བམ
 སྤེལ་མཁན:  སྤེལ་དུས:2014/5/27
མན་ངག་འདི་དག་གསེར་གྱིས་ས་གཞི་བཀང་ཡང་ཉོ་བྱ་མིན་པས་རྒན་བྱང་རིག་ཁོ་ལགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་རྗེས་མ་མུ་མཐུད་དུ་འདི་འདྲའི་བཀའ་རྩོམ་ཡག་པོ་རེ་འདིར་འགོད་པར་རེ་ཞིང་བསྒུག་ཡོད། ཅེས་གསོ་རིག་ལ་སློབ་སྦྱོང་ཅུང་ཙམ་བྱས་ཤིང་ཆབ་མདོའི་སྨན་ཁང་དུ་དངོས་སྦྱོང་བྱེད་པའི་པ་སངས་ཀྱིས་གུས་ཕུལ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15602525
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号