བཛྲ་ཚུལ་ཁྲིམས་མཆོག་གི་མཛད་རྣམ་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། »བཛྲ་ཚུལ་ཁྲིམས་མཆོག་གི་མཛད་རྣམ་མདོར་བསྡུས།
བཛྲ་ཚུལ་ཁྲིམས་མཆོག་གི་མཛད་རྣམ་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/5/27ལྟ་ཀློག (11621)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་རྒྱུན་ལས་སློབ་གཙོ་བཞོན་པ་དང་ནུབ་བྱང་

མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན་ཆེན་མོ།


     བཛྲ་ཚུལ་ཁྲིམས་མཆོག་ནི་མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོའི་ཤར་ཕྱོགས།   ས་ལ་དགེ་བཅུ་ཚང་བའི་ཡུལ་ཕྱོགས་མཛོད་དགེ་རུ་སྟོད་མ་ཞེས་པའི་སར་སྤྱི་ལོ་༡༩༦༥ལོའི་དབོ་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པའི་ཉིན་སྐུ་འཁྲུངས།   གཞོན་ནུ་ཉིད་ནས་ཐོས་པ་འཚོལ་བའི་འདུན་པ་འགོག་མེད་ཅིག་མངའ་བས་སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད།   སྐབས་དེར་ཁོང་ཕེབས་སའི་སློབ་གྲྭ་དེ་དག་ཏུ་སྦྱང་བྱ་ཡོད་ཚད་རྒྱ་ཡིག་ཡིན་གཤིས།   ཁོང་ལྟ་བུའི་འབྲོག་ཕྲུག་རྣལ་མ་ཞིག་ལ་མཚོན་ན་དཀའ་ངལ་མི་ཉུང་བ་དང་འཕྲད་མྱོང་བ་ནི་སྨོས་མ་དགོས་མོད།འོན་ཀྱང་ཟླ་མེད་ཀྱི་རྣམ་དཔྱོད་དང་ལྷོད་མེད་ཀྱི་བརྩོན་པ་ཟུང་དུ་སྦྲེལ་བས་དཀའ་ཁག་ཀུན་ལས་རྒྱལ་ཞིང་དགེ་སློབ་ཡོངས་ཀྱི་བསྔགས་ཡུལ་དུ་གྱུར།

     སྤྱི་ལོ་༡༩༨༠ལོར་དལ་འབྱོར་ལ་སྙིང་བོ་འཚོལ་ཕྱིར་བཤད་སྒྲུབ་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་དུ།འདུལ་བ་འཛིན་པའི་ཁྱུ་མཆོག་འཕགས་པ་ཉེ་བར་འཁོར་གཉིས་པ་རྗེ་དགེ་འདུན་རྒྱ་མཚོའི་སྤྱན་སྔར་རབ་ཏུ་བྱུང་སྟེ་རྨད་བྱུང་ཐོས་བསམ་གླིང་དུ་ཞུགས།   ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་དགེ་འདུན་རྒྱ་མཚོ།  གནས་ལྔ་རིག་པའི་པཎ་ཆེན་རྗེ་དམུ་དགེ་བསམ་གཏན་ཚང་།  སྨད་སོག་བཛྲ་ཚང་།   བཤེས་གཉེན་ཆེན་པོ་རྗེ་འཇམ་དབྱངས་རྒྱ་མཚོ།  ཁྲི་ཆེན་གུང་ཐང་སྐུ་འཕྲེང་བདུན་པའི་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་ཚང་སོགས།   ས་ཆེན་པོས་ཀྱང་འདེགས་མི་བཟོད་པ་ལྟ་བུའི་སར་གནས་དམ་པ་མང་བོ་བསམ་སྦྱོར་རྣམ་པར་དག་པས་ཚུལ་བཞིན་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལེགས་པར་སྦྱངས།

      སྤྱི་ལོ་༡༩༨༥ལོར་ཀན་སུའུ་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་ལོ་ལྔའི་རིང་ལ་ཕར་ཕྱིན་དང་དབུ་ཚད་འདུལ་མཛོད་ཀྱིས་མཚོན་པའི་མཚན་ཉིད་སྐོར་དང་།   གཞན་ཡང་ཐ་སྙད་རིག་གནས་དང་། ལོ་རྒྱུས། ཆབ་སྲིད།   རྒྱ་ཡིག་སོགས་ལ་ལེགས་པར་སྦྱངས་ནས་མཐར་ཕྱིན་ཆེད་རྩོམ་ལ་༼རྟོགས་བརྗོད་འདུན་ལེགས་མའི་འགྲེལ་བ་དད་པའི་དྲི་གསུང་འཐུལ་བའི་རྫིང་བུ་༽བྲིས་པར་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྟོད་བསྔགས་ཆེས་ཆེར་གནང་ཞིང་སློབ་གྲྭ་ཆེན་མོའི་མཐར་ཕྱིན་དཔང་རྟགས་བཞེས།  དེ་ནས་སླར་ཡང་ཆོས་གྲྭར་འགྲིམས་ཤིང་མཁས་མང་ལི་ཁྲིའི་ཆུ་གཏེར་མཁའ་ལ་འཕྱོ་བའི་དབུས་སུ་ཕར་ཕྱིན་དམ་བཅའ་བཞག

     སྤྱི་ལོ་༡༩༩༢ལོར་སླར་ཡང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཞུགས་ཤིང་ལོ་གསུམ་གྱི་རིང་ལ་རིག་གནས་སྤྱི་དང་ཁྱད་པར་དུ་སྒྲ་ཀཱ་ཙན་དབྱངས་གསུམ་ལ་སྦྱངས་པས་ནང་བསྟན་སྒྲ་རིག་ཆེད་སྦྱོང་གི་འཛིན་ཡིག་ཐོབ།  ཆེད་རྩོམ་ལ་༼སྒྲ་རིག་དར་སྤེལ་དང་བརྒྱུད་འཛིན་བྱེད་པར་བསྐུལ་བའི་ཅོང་སྒྲ༽ཞེས་པ་བྲིས།   དེ་ནས་གྲོང་ཁྱེར་གྱི་འཚོ་བ་སོགས་ལ་ཐུགས་མ་ཞེན་པར་མདོ་སྔགས་ཀྱི་གཞུང་ལ་སྔར་བས་ཐོས་བསམ་གཏིང་ཟབ་མོ་ཞིག་བགྱི་འདུན་གྱིས་སླར་ཡང་བཀྲ་ཤིས་འཁྱིལ་དུ་ཕེབས།  ཡིན་ནའང་མདོ་སྨད་བསྟན་པའི་མངའ་བདག༧ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་དང་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ཁྲི་ཆེན་གུང་ཐང་བསྟན་པའི་དབང་ཕྱུག་རྣམ་གཉིས་ཀྱིས་བཀའ་ནན་སྤྱི་བོར་བསྩལ་བའི་ངོ་མ་བཟློག་པར་རང་ཁོ་ནའི་ཐོས་བསམ་གྱི་བྱ་བ་ཅམ་གྱིས་བཞག་སྟེ་སྤྱི་ལོ་༡༩༩༥ནས་བཟུང་།   ད་ལྟའི་བར་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ།   གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་དུ་ཕེབས་ཤིང་མཚན་ཉིད་དང་ཐུན་མོང་རིག་གནས་སྐོར་སོགས་དཔེ་ཁྲིད་རྒྱུན་མ་ཆད་པར་གནང་སྟེ་སློབ་བུ་བརྒྱ་ཕྲག་མང་བོ་བསྐྱངས་དང་སྐྱོང་བཞིན་ཡོད་དོ།  །


     སློབ་གླིང་འདི་ཉིད་རྨང་བཙུགས་མ་ཐག་པའི་སྐབས་སུ་དགེ་རྒན་གྱིས་དཀའ་ངལ་ཡོད་གཤིས།  དབྱིན་ཡིག་དང་རྒྱ་ཡིག་གི་དགེ་རྒན་གྱི་འགན་ཡང་རེ་ཞིག་བཞེས་རབས་ཐོས།  དེ་ལྟར་མི་ལོ་མང་བོའི་བར་དུ་དཔེ་ཁྲིད་ཀྱི་བགྱི་བ་ཁོ་ནར་བྲེལ་ཆེ་བས་སྐུ་ལ་བརྣག་པར་དཀའ་བའི་བསྙུན་གྱིས་བཏབས་ཏེ་སྐྱེ་བོ་ཕལ་བ་རྣམས་ཉི་མ་འགར་ཡང་བཟོད་པར་དཀའ་བའི་ཚོད་དུ་ལྷུང་ན་ཡང་ཁོང་གི་ལྷག་བསམ་ལ་འགྱུར་བ་དང་དམ་བཅའ་ལ་ཞུམ་པ་མེད་པར་སྔར་བཞིན་དཔེ་ཁྲིད་སྣ་མང་གི་ཞར་དུ་ད་དུང་སློབ་གསོའི་འགན་ཡང་གཅིག་ལྕོགས་སུ་བཞེས་མུས་སོ།།

    ཁོང་གིས་རྟག་ཏུ་གསུང་རྒྱུར་༼ང་ནི་རིག་གནས་མདོ་སྔགས་ཀུན་ལ་ནང་བྱན་ཆུད་པའི་དགེ་བའི་བཤེས་གཉེན་ཞིག་མིན་རུང་།   སྐྱབས་གསུམ་ལ་མོས་པ་བརྟན་པའི་ཆོས་ལུགས་པ་ཞིག་ཡིན་པས་བསྟན་འགྲོའི་དོན་དུ་ལུས་ངག་ཡིད་གསུམ་ཕུལ་ཟིན་པ་ཡིན།༽ཞེས་དང་ཡང་།༼ང་ལ་ཡོན་ཏན་དང་ནུས་པ་ཆེས་ཆེར་མེད་ཀྱང་བཤེས་གཉེན་དམ་པ་རྣམས་ཀྱི་བཀའ་དྲིན་ལས་ཅུང་ཟད་ཤེས་པའང་ནང་བསྟན་བརྒྱུད་འཛིན་དང་མི་རིགས་སློབ་གསོའི་བྱ་བཞག་ལ་ཡོངས་སུ་འབུལ་འདོད་ཀྱི་དམ་བཅའ་སྙིང་ནས་བཞག་ཡོད༽ཅེས་གསུངས་ཤིང་། ཁ་བཤད་ཙམ་མ་ཡིན་པར་ཕྱག་ལེན་དུའང་དེ་ཁོ་ན་ལྟར་མཛད་དང་མཛད་མུས་སོ།  །ཁོང་གིས་དེ་ལྟར་གསུངས་ཤིང་དེ་ལྟར་ཕྱག་ལེན་དུ་བསྐྱངས་པས་ཁོང་གི་སྐུ་ཚེ་ནི་འོད་སྟོང་གིས་སྤྲས་ཡོད། འདི་ལྟར་ལོ་ངོ་མང་བོ་ཉིན་མ་གཅིག་ནང་བཞིན་ནམ་རྒྱུན་གྱི་དཔེ་ཁྲིད་ལས་གཞན།  དབྱར་གནང་དང་དགུན་གནང་སོགས་ཅུང་ཙམ་ཁོམ་སྐབས།    རྒྱལ་ཡོངས་ས་གནས་སོ་སོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་།   རོང་འབྲོག་མང་ཚོགས།  དགོན་སྡེའི་གྲྭ་བ་སོགས་སེར་སྐྱ་མང་བོའི་འདོད་བློ་བཞིན།   རྒྱ་བོད་གཉིས་ཀྱི་སྐད་ལ་བརྟེན་ནས་གང་ལ་གང་འཚམ་གྱི་ཆོས་སྦྱིན་བདུད་རྩིའི་ཆར་རྒྱུན་བསྩལ་དང་སྩོལ་བཞིན་མཆིས་སོ། །
         གསུང་རྩོམ་གྱི་སྐོར།༼ཡང་དག་པའི་སློབ་གསོའི་ཁ་ཕྱོགས་གླེང་བ་རྫོགས་ལྡན་བསུ་བའི་སྐྱ་རེངས༽དང་།༼ནང་བསྟན་གྱི་ཁྱད་ཆོས་བཤད་པ་བློ་གསལ་བྱིས་པའི་དགའ་སྟོན༽ ཕན་བདེ་ཀུན་གྱི་གཞི་མ༼མཛེས་སྡུག་གི་ཡང་རྩེ་ནི་ནང་སེམས་རྒྱུད་ཀྱི་མཛེས་པ་ཡིན ༽༼ཚན་རིག་དང་འགལ་བ་ཙམ་གྱིས་གནས་ལུགས་མ་ཡིན་པར་བརྗོད་དུ་རུང་ངམ༽སོགས་བོད་ཡིག་དང་དེ་མིན་རྒྱ་ཡིག་ལམ་ནས་ཀྱང་བརྩམས་ཆོས་དུ་མ་མཛད་ཀྱང་པར་དུ་མ་འཁོད་པར་བཞུགས་ཤིང་།གཞན་ཡང་དེབ་ཏུ་བསྐྲུན་ཟིན་པ་ལ་ཡང་༼སེམས་སེམས་བྱུང་གི་རྣམ་གཞག་རྨོངས་མུན་འཇོམས་པའི་འོད་སྣང་༽༼བསྡུས་གྲྭའི་ཟིན་བྲིས་ཚད་མའི་གཞུང་ལ་འཇུག་ཚུལ་བློ་གསལ་བྱིས་པ་དགའ་བའི་མེ་ལོང་༽༼ཁྱད་པར་འཕགས་བསྟོད་ཀྱི་ཚིག་འགྲེལ་དད་གསུམ་གསལ་བའི་འོད་སྣང་༽༼སྒྲ་གཞུང་དབྱངས་ཅན་མ་ལས་མཚམས་སྦྱོར་ལྔ་བའི་སྐོར་གྱི་ཟིན་བྲིས་བྱིས་བློ་གསལ་བའི་མེ་ལོང་༽སོགས་བཞུགས་སོ།།

མཇུག་ཏུ།  

    ཁོང་གི་སྐུ་ཚེ་མཛད་འཕྲིན་དང་བཅས་པ་ཀུན་གསལ་མཐའ་དང་མཉམ་པའི་སྨོན་འདུན་སྙིང་ནས་ཞུ་ཞུ།

      སྤྱིར་ཞུ་འདོད་པའི་རྣམ་ཐར་མང་ནའང་དམ་པ་ཁོང་ཉིད་རང་གི་ཡོན་ཏན་ཆེར་སྒྲོག་པ་ལ་མི་དགྱེས་པས་ད་རེབ་ཀྱི་ངོ་སྤྲོད་ཐུང་ངུ་འདི་ས་བཅད་མ་སྟོང་བ་ཙམ་དུ་སློབ་བུ་བྱམས་པ་དོན་གྲུབ་ཏུ་འབོད་པས་རྩོམ་སྒྲིག་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yq5 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལྡོང་མེ་ཚར། སྤེལ་དུས:2016/3/11
ཧ་ཅང་ཡག་འདུག་དགེ་རྒན་ལགས།
 སྤེལ་མཁན:  སྤེལ་དུས:2014/5/27
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41137818
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1