བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ནོར་ལྷ་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དཔལ་འབྱོར།» ཐོན་རྫས་གསར་བ་འོས་སྦྱོར། »བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ནོར་ལྷ་གླེང་བ།
བཛྲ་ཚུལ་ཁྲིམས་རྒྱ་མཚོ་མཆོག་གིས་ནོར་ལྷ་གླེང་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/6/3ལྟ་ཀློག (7590)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དྲི་བ།

    དགེ་རྒན་ཚུལ་ཁྲིམས་ལགས།  ཁྱེད་བདེ་མོ།    ང་ཚོ་ཚང་མས་ཤེས་གསལ་ལྟར་ཁྱེད་དང་ནོར་ལྷ་ལས་ཁུངས་ཀྱི་བར་དུ་འབྲེལ་བ་ཁྱད་པར་བ་ཞིག་ཡོད་པ་མ་ཟད།   ལས་ཁུངས་ཀྱི་ཆེས་ཐོག་མའི་ཚུགས་རྐྱེན་དང་ད་ལྟའི་བར་གྱི་འཕེལ་རྒྱས་བཅས་མགོ་མཇུག་ཆ་ཚང་ལ་ཁྱེད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་འདུག    དེས་ན་འདི་ནས་ཁྱེད་དང་ལས་ཁུངས་བར་གྱི་ཆེས་ཐོག་མའི་བརྒྱུད་རིམ་དེ་ཚང་མར་ངོ་སྤྲོད་ཐུང་ངུ་ཞིག་བྱས་ན་ཆོག་གམ།
ལན།

    ལོས་ཆོག    ང་དང་ནོར་ལྷའི་བར་ན་དངོས་གནས་འབྲེལ་བ་ཐུན་མོང་མིན་པ་ཞིག་ཡོད།   འབྲེལ་བ་འདི་དོན་ལ་ལས་ཁུངས་འཛུགས་པ་བོ་དང་ང་རང་ལ་ཐུན་མོང་དུ་ཡོད་པའི་འགྲོ་ཕན་གྱི་རིན་ཐང་གི་ལྟ་བ་དང་།    ཐུན་མོང་གི་དད་མོས་ལས་བྱུང་བ་ཞིག་ཡིན།   དེ་ཡང་ངའི་དྲན་ཚོད་ལ་ཆེས་ཐོག་མར་གྲོགས་པོ་དང་གཉེན་ཉེ་དག་གི་ངོ་སྤྲོད་ལ་བརྟེན་ནས་མདོ་སྨད་བསྟན་པའི་འབྱུང་གནས་བྱང་ཉི་མ་བླ་བྲང་དུ་ང་བདེ་ཆེན་དང་མོའི་ནུ་བོ་ལ་ཐུག་འཕྲད་བྱུང་།   སྐབས་དེར་ངའི་སེམས་ལ་ཁོ་ཚོ་ཡང་གཞན་དག་དང་འདྲ་བར་ཡུལ་སྐོར་བའམ།   གྲགས་སྙན་གྱིས་ས་ཆེན་གཡོ་བའི་བླ་བྲང་དགོན་པར་མཇལ་སྐོར་དུ་འོངས་པ་མིན་ནམ་སྙམ།   རྒྱུ་མཚན་སྐབས་དེར་མོ་རང་ལོ་གཞོན་ཞིང་གཟུགས་བོང་ཡང་ཆུང་བས་བུ་མོ་ཆུང་ཆུང་ཞིག་ཏུ་འཁྲུལ་ཉེན་ཆེ།   འོན་ཀྱང་ཕན་ཚུན་ཁ་བརྡ་བྱས་རྗེས་ད་གཟོད་ཁོ་མོ་སྤྱིར་བཏང་གི་ཡུལ་སྐོར་བ་དང་ཆེད་དུ་ཡོང་བའི་གནས་མཇལ་བ་ཞིག་ཀྱང་མིན་པ་ཤེས་བྱུང་ལ།   མོའི་ཨ་མའི་མངགས་བཅོལ་ལྟར་རང་གཞན་གཉིས་ཕན་གྱི་བསམ་བློས་ཀུན་ནས་བསླངས་ཏེ།   ཚན་རྩལ་དང་ཕྱི་རྒྱུ་འབྱོར་གཉིས་ཆ་ནས་རྗེས་ལུས་ཡིན་པའི་བོད་ཁུལ་དུ་དོན་ལྡན་གྱི་བྱ་བཞག་ཅིག་བསྒྲུབ་རྩིས་འདུག་པ་ཤེས་བྱུང་།   ཕན་ཚུན་ཁ་བརྡ་བྱས་རྗེས་མོ་ལ་བསམ་བློའི་ཁ་ཕྱོགས་གསལ་བོ་ཡོད་པ་ཤེས་ཤིང་།    དེ་ལས་ཀྱང་དགའ་འོས་པ་ནི་ངས་མོ་ལ་འགྱུར་མེད་ཀྱི་བློ་སྤོབས་ཤིག་ཡོད་པ་མཐོང་བས།   སྐབས་དེར་ངའི་བསམ་པའི་ཕུགས་ནས་ཁོ་མོར་རྒྱབ་སྐྱོར་བྱེད་འདོད་ཀྱི་གོམ་པ་ཐོག་མ་སྤོས་པ་ཡིན།
    དེ་རྗེས་ང་དང་ངའི་སྤུན་ཆུང་བཛྲ་འོད་ཟེར་ངེད་གཉིས་ཕྱི་རྒྱལ་ལ་ལྟ་སྐོར་དུ་སོང་སྐབས།   ཡང་བསྐྱར་བདེ་ཆེན་དང་མོའི་ཨ་མ་ལྕམ་མོ་པདྨ་སྒྲོལ་དཀར་ལགས(འདི་ནི་ནོར་ལྷ་ཚང་གི་སྦྱིན་བདག་རེད།)།    ད་དུང་གཞན་པའི་ནོར་ལྷ་ལས་ཁུངས་ཀྱི་མི་སྣ་གལ་ཆེན་དག་དང་ཐུག་འཕྲད་བྱུང་།   ང་ཚོ་ཕན་ཚུན་གཏམ་གླེང་ཞིབ་མོ་བྱས་ཚེ།   ངས་ཁོ་ཚོར་ཚོང་ལས་ཕྱོགས་ཀྱི་ཡོན་ཏན་རྒྱ་ཆེན་པོ་ཡོད་པར་མ་ཟད།    ད་དུང་ཚོང་ལས་ཀྱི་ཉམས་མྱོང་ཡང་ཕུན་སུམ་ཚོགས་པར་ཡོད་པ་ཤེས་བྱུང་།  དེ་ལས་ཀྱང་གལ་ཆེ་བ་ནི་ཁོ་ཚོ་དད་པ་རྣམ་པར་དག་པ་དང་ལྡན་པའི་ནང་བསྟན་པ་ཡིན་ཞིང་།   ལས་འབྲས་ཀྱི་ཚུལ་ལ་ཡིད་ཆེས་བརྟན།   ཐེག་པ་ཆེན་པོའི་བྱམས་པ་དང་སྙིང་རྗེ་གཞན་ཕན་གྱི་བསམ་བློ་གོང་དུ་བཀུར་མཁན་ཤ་སྟག་ཡིན་པའང་ཤེས་རྟོགས་བྱུང་།   དེའི་ཕྱིར་སྐབས་དེར་ངའི་སེམས་ལ།   གལ་ཏེ་ངས་ཁོ་ཚོར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་ངའི་ཕ་ཡུལ་ནས་བྱ་གཞག་བསྒྲུབ་ཏུ་བཅུག་ན།   ཕ་ཡུལ་འཕེལ་རྒྱས་ལ་སྨན་པར་གདོན་མི་ཟ་ཞིང་།   ངས་ཁོ་ཚོའི་གཤིས་རྒྱུད་དང་དད་མོས་ལ་ཡིད་ཆེས་བཅོལ་བས།   རང་དོན་འབའ་ཞིག་གི་ཆེད་དུ་ལས་འབྲས་ལ་རྒྱབ་འགལ་དང་།    སྐྱེ་ཁམས་ལ་གཏོར་བརླག    སེམས་ཅན་ལ་གནོད་པའི་ལས་སོགས་བསམ་བཞིན་བྱེད་མི་སྲིད་སྙམ།     དེའི་ཕྱིར་སྤུན་ཆུང་ངེད་གཉིས་ཀས་ མཐའ་གཅིག་ཏུ་ཁོ་ཚོར་རྒྱབ་སྐྱོར་བྱེད་རྒྱུའི་སེམས་ཐག་བཅད།
      ངས་བལྟས་ན་རྒྱུ་ནོར་རང་ངོས་ནས་དགེ་བའང་མིན་ལ་སྡིག་པའང་མ་རེད་སྙམ།   དེ་དགེ་སྡིག་གང་དུ་འགྱུར་མིན་ནི།གཙོ་བོ་དེ་ཉིད་བེད་སྤྱོད་གཏོང་མཁན་གྱི་མི་དེས་ཇི་ལྟར་བེད་སྤྱོད་གཏོང་བའམ་ཇི་ལྟར་བཀོད་བསྒྲིག་བྱེད་ཚུལ་ལ་བལྟ་དགོས།གལ་ཏེ་མི་ཞིག་གིས་རང་ཕན་གཞན་གནོད་གྱི་བསམ་བློ་དང་ངན་ཇུས་སྣ་ཚོགས་ཀྱི་སྒོ་ནས་ཕྱིའི་རྒྱ་འབྱོར་ཁོ་ན་དོན་དུ་གཉེར་ཞིང་།   ཡང་དག་པ་མ་ཡིན་པའམ་ཚུལ་ལུགས་དང་མི་མཐུན་པ།   བདེན་དོན་སྣང་མེད་དུ་བཏང་བ་ལས་བྱུང་བའི་རྒྱུ་ནོར་ནི་ཅུང་ཟད་ཙམ་རེ་ཐོབ་ཏུ་ཆུག་ཀྱང་ཤིན་ཏུ་མི་གཙང་ངོ་།   །

     གལ་ཏེ་དད་པ་བརྟན་ཅིང་བློ་རིག་གསལ་བའི་མི་ཞིག་ཡིན་ན།   ཇི་ལྟར་མི་དག་སྦྲུལ་གདུག་པ་ལ་འཇིགས་པ་བཞིན་ཚོང་བ་དེ་རིགས་རིང་དུ་སྤོང་བར་རིགས་སོ།  །འོན་ཀྱང་ཡང་དག་པའི་ཐབས་ལམ་ལ་བརྟེན་ནས་ཐོབ་པའི་རྒྱུ་འབྱོར་གཙང་མ་ནི།   ནང་བ་བ་ཞིག་ཡིན་ཡང་དགེ་ཚོགས་བསྒྲུབ་པའི་གཞི་མར་བཟུང་ན་ཅི་ཞིག་འགལ་སྙམ་པས།    ཚུལ་ལུགས་དང་མཐུན་པར་བེད་སྤྱོད་གཏོང་བའམ།   དགའ་དགའ་སྤྲོ་སྤྲོའི་ངང་ནས་བཀོད་བསྒྲིག་བྱེད་པའམ།    ཡིད་བདེ་བའི་ངང་ནས་ལོངས་སུ་སྤྱོད་པར་འོས་པ་ཡིན་ནོ།  །ཞིས་སེ་ལུའོ་ཞེས་པས་ལ་པེ་ལིས་འི་སི་ལ་དག་འབུད་ཅེས་པའི་ནང་དུ།  ཁོས་བྲེལ་འཚུབ་ཆེན་པོའི་སྒོ་ནས་རྒྱུ་འབྱོར་བསྒྲུབ་པའི་དམིགས་ཡུལ་ནི།    འདོད་སྲེད་སྐོང་བའི་ཆེད་དུ་མིན་པ་གསལ་བོ་ཡིན་ཏེ།   དགེ་བསྒྲུབ་བྱེད་པའི་རྒྱུ་ཚོགས་འཚོལ་བ་ཉིད་དུ་མྱོང་བས་སོ།  །ཞེས་བཤད་པ་བཞིན་ནོ།  །ངས་ཁོ་ཚོར་རྒྱབ་སྐྱོར་དང་ཁོ་ཚོ་ངའི་ཕ་ཡུལ་ལ་དྲངས་ནས་ཕ་ཡུལ་དུ་ལས་གཞི་འདི་བསྒྲུབ་ཏུ་བཅུག་པའི་རྒྱུ་མཚན་ཆེས་གཙོ་བོ་ནི།   ངས་ཁོ་ཚོའི་མི་གཤིས་དང་ལྷད་མེད་ཀྱི་དད་པ་ལ་ཡིད་ཆེས་བྱས་པ་དེ་ཡིན།  དེ་ཡང་གསལ་བོར་བཤད་ན།   ངས་ཁོ་ཚོས་གནས་སྐབས་ཀྱི་ཁེ་ཕན་ཆུང་ངུ་ཙམ་གྱི་ཆེད་དུ་རྒྱུན་རིང་གི་དོན་སྙིང་ལྡན་པའི་དད་པ་དང་མི་གཤིས་འདོར་ག་ལ་སྲིད་སྙམ་དུ་ཡིད་ཆེས་བྱས་པ་ཡིན།

དྲི་བ།

    ཁྱེད་ཀྱིས་བལྟས་ན་དང་ཐོག་ཁོ་ཚོས་ལས་གཞི་འདི་འདྲ་ཞིག་སྒྲུབ་དགོས་པའི་རྒྱུ་མཚན་ཅི་རེད།
ལན།

   ངས་བལྟས་ན་ལུས་སེམས་བདེ་ཐང་ཅན་གྱི་མི་ཚད་ལྡན་ཞིག་ཡིན་གཤིས།   ལས་དོན་ཅི་ཡང་མི་བསྒྲུབ་པར་རང་དགར་སྡོད་མི་རིགས་ཤིང་།   རང་ཉིད་མི་རུ་སྐྱེས་པའི་དགེ་མཚན་ཆུད་ཟོས་སུ་མ་བཏང་བར།    འཇོན་ནུས་གང་ཡོད་ལེགས་པར་བཀོལ་ནས་འགྲོ་དོན་བསྒྲུབ་པའི་ཁུར་ཆེན་སྤྲོ་བས་རང་ཉིད་ཀྱི་ཕྲག་ཏུ་ལེན་པར་རིགས་སོ་སྙམ་མོ།   །སུ་ཡིན་གསལ་བོ་ཞིག་ རེ་ཞིག་སེམས་ལ་མི་དྲན་མོད།   འོན་ཀྱང་རྒྱ་ནག་གི་གོང་མ་ཞིག་གིས་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་བ་དྲན་པ་ནི་འདི་ལྟ་སྟེ།   གལ་ཏེ་ངའི་བསམ་པ་ལྟར་འོངས་སྲིད་ན།   བདག་གི་མངའ་འོག་ཏུ་ལས་མེད་རང་དགར་འཁྱམས་པའི་མི་གཅིག་ཀྱང་ཡོད་དུ་མི་འཇུག་སྟེ།    གལ་ཏེ་མི་འགའ་ཞིག་ཅི་ཡང་མི་བསྒྲུབ་པར་རང་དགར་ལས་མེད་དུ་བསྡད་ན་ནི།   གཞན་པ་ཁ་ཤས་ཞིག་འཁྱག་སྡུག་དང་ལྟོགས་སྡུག་མྱོང་བར་འགྱུར་བས་སོ་ཞེས་སོ།  །སྐད་ཆ་འདི་ཚན་རྩལ་ཆེས་ཆེར་དར་བའི་དེང་གི་སྤྱི་ཚོགས་འདིར་ཡང་ཚད་གཞིར་བཟུང་ཆོག་པའི་རིན་ཐང་དང་དོན་སྙིང་ཡོད་སྙམ།   དེས་ན་འཇོན་ཐང་དང་ཤེས་ཡོན་ལྡན་ལ་བསམ་པའང་བཟང་བོ་ཅན་གྱི་མི་ཞིག་ཡིན་ན།   ལྷག་པར་ཡང་གནས་སྐབས་ཙམ་གྱི་བདེ་བ་འབའ་ཞིག་གི་ཆེད་དུ་ཆེས་ རྩ་འགངས་ཆེ་བའི་འགྲོ་དོན་བསྒྲུབ་པའི་གོ་སྐབས་དེ་ལེ་ལོ་དང་སྒྱིད་ལུག་ལ་འཕྲོག་ཏུ་འཇུག་པར་ཤིན་ཏུ་ནས་ཀྱང་ག་ལ་རིགས་སྙམ་མོ།   །དེས་ན་འཇོན་ཐང་ལྡན་ཞིང་ཐེག་པ་ཆེན་པོའི་ཆོས་ལ་དད་པའི་ཁོ་མོ་མ་སྨད་གཉིས་ལྟ་བུའི་ཁྱིམ་པ་བ་ཚུལ་མཐུན་ཞིག་ནི་རང་དགར་འདུག་ག་ལ་སྲིད།    འོན་ཀྱང་རང་རང་སོ་སོའི་ཆ་རྐྱེན་དང་ས་གནས་ཁོར་ཡུག་སོགས་ཀྱི་ཁྱད་པར་ལས་གཞན་དོན་བསྒྲུབ་པའི་ཐབས་ཚུལ་ཡང་མི་འདྲ་བ་མང་བོ་ཡོད་པ་སྨོས་ཅི་དགོས།    འོ་ན་ཁོ་མོ་མ་སྨད་གཉིས་ཀས་ཐབས་ཚུལ་འདི་འདྲ་ཞིག་འདེམས་ནས་འགྲོ་དོན་བསྒྲུབ་པ་ཅི་ཡིན་ཞེ་ན།    དེ་ཡང་ཁོ་ཚོའི་དད་མོས་ལ་དངོས་དང་བརྒྱུད་པ་ ཅི་རིགས་ཀྱི་འབྲེལ་བ་ཡོད་འདུག་སྙམ་སྟེ།   ནང་ཆོས་ལ་དད་པའི་ཚོང་ལས་གཉེར་མཁན་ཞིག་ལ་ཆ་མཚོན་ན།  ཐབས་ལམ་འདིར་གཤམ་གྱི་དགེ་མཚན་འདི་དག་ཡོད།
༡ སེམས་ཅན་སུ་དང་གང་གི་ཚེ་སྲོག་ལའང་གནོད་འཚེ་བྱེད་མི་དགོས་པར་སྒོར་མོ་འཚོལ་ནུས།   ནང་ཆོས་ལ་དད་པ་རྣམ་དག་མངའ་བའི་ཆོས་པ་ཞིག་ལ་མཚོན་ན།   གནས་འདི་ལ་བསམ་བློ་གཏོང་ངེས་ལ།   ངེས་པར་གཏོང་དགོས་པ་ཞིག་ཀྱང་ཡིན་ནོ།།
འདི་ནི་དེང་དུས་ཀྲུང་གོའི་ཤེས་ལྡན་དག་གིས་གསེང་མཐོར་སྒྲོག་བཞིན་པའི་རྒྱུན་འཛིན་རུང་གི་འཕེལ་རྒྱས་སམ་གནོད་པ་ཆུང་པའི་འཕེལ་རྒྱས་ཀྱི་ཆ་རྐྱེན་དང་མཐུན་ཏེ།    སྐྱེ་ཁམས་གཏོར་བརླག་གཏོང་བ་རྨང་གཞིར་བཟུང་སྟེ་ཚད་ཉུང་ཞིང་སླར་ཡང་སྐྱེ་རྒྱུ་མེད་པའི་ཐོན་ཁུངས་འཛད་མེད་དུ་སྤྱད་ནས་འཛུགས་བསྐྲུན་བྱེད་པ་འདིས་ནི།    མིའི་རིགས་རང་ཉིད་བརླག་པར་འགྱུར་ཉེན་ཆེ་བས་ངེས་པར་དོ་སྣང་བྱེད་དགོས་པས་སོ། །
ཁོ་ཚོས་ཐོན་ཁུངས་འདི་བེད་སྤྱད་དེ་རང་གཞན་གཉིས་ཀར་ཕན་པའི་ཚོང་ལམ་ཞིག་གི་གདམས་ངག་རྙེད་པ་རེད།   འདི་ཡང་ནང་ཆོས་ལ་དད་པ་ཡོད་པའི་ཚོང་ལས་གཉེར་མཁན་ཞིག་གིས་བསམ་བློ་གཏོང་དགོས་པའི་གནས་ཤིག་ཡིན་ཏེ།   ཆོས་ལ་དད་པའི་ཁྱིམ་པ་ཞིག་གི་ཆ་ནས་བཤད་ན་རི་ཁྲོད་འགྲིམས་པའི་རབ་བྱུང་བ་དང་མཚུངས་པར་རྣམ་པ་ཀུན་ཏུ་དཔལ་འབྱོར་ལ་སྣང་མེད་བྱེད་དགོས་དོན་ཡང་མེད་པས་སོ།།



དྲི་བ།

      ཁྱེད་ཀྱིས་བལྟས་ན་ཁོ་ཚོས་ཅིའི་ཕྱིར་ཁེ་ལས་རང་བཞིན་ཅན་གྱི་གཞན་ཕན་བསྒྲུབ་པའི་རྩ་འཛུགས་འདི་འདྲ་ཞིག་བོད་ནང་ནས་བཙུགས་པ་རེད།
ལན།

     དེ་ལ་གཤམ་གསལ་གྱི་རྒྱུ་མཚན་འདི་དག་ཡོད་དེ།
༡ ནོར་གནག་ནི་བོད་ཁ་བ་ཅན་འབའ་ཞིག་ན་ཡོད་པའི་སྲོག་ཆགས་ཀྱི་རིགས་ཁྱད་པར་བ་ཞིག་ཡིན།   དེས་ན་དེའི་ཁུལ་ཡང་བོད་ཡུལ་གྱི་ཐོན་རྫས་སུ་གྱུར་ཡོད་པའང་སྨོས་མ་དགོས།  དེ་བས་བོད་ནང་ནས་ནོར་ཁུལ་ལ་བརྟེན་པའི་འཁེལ་འཐག་ཐོན་རྫས་ལས་སྣོན་བྱས་ན་ཐོན་ཁུངས་ཕུན་སུམ་ཚོགས་པའི་དགེ་མཚན་ཡོད།
༢ ནོར་ཁུལ་ལ་བལ་དང་ཁུལ་རིགས་གཞན་དག་གིས་ཚབ་བྱེད་མི་ནུས་པའི་གྲང་འགོག་གི་རིན་ཐང་ཁྱད་པར་དུ་འཕགས་པ་ཞིག་ཡོད།   འོན་ཀྱང་ནོར་ལྷ་ལས་ཁུངས་འདི་མ་བྱུང་གི་བར།    རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས།   ཧ་ཅང་འཐུས་ཚང་གི་འཆར་གཞི་ཡོད་པའི་སྒོས་རྒྱུ་ཆ་འདིའི་གསེང་ན་ཡིབ་པའི་མིའི་ལུས་ལ་ཕན་ནུས་ཆེན་པོ་ཡོད་པའི་གསང་བ་དེ་སྔོག་འདོན་བྱེད་མཁན་ཤིན་ཏུ་ཉུང་།
༣ བོད་པ་རྣམས་ནང་བསམ་བློའི་དཔལ་འབྱོར་གྱི་ཆ་ནས་རྒྱལ་ཁབ་གཞན་ནམ་མི་རིགས་གཞན་སུ་དང་གང་ལས་ཀྱང་ཕྱུག་པོ་ཡིན་མོད།   འོན་ཀྱང་ཕྱིའི་རྒྱུ་ནོར་གྱི་ཆ་ནས་བལྟས་ན་ཕྱུག་པོ་གཞན་དག་ལས་དབུལ་བོ་ཡིན་པའང་མངོན་སུམ་ཡིན།  དེའི་ཕྱིར་ཚན་རྩལ་ཆེར་མ་དར་ཞིང་དཔལ་འབྱོར་གཞན་ལས་ཞན་པའི་བོད་ཁུལ་ལ་སུ་ལས་ཀྱང་འཛུགས་བསྐྲུན་འདི་འདྲ་ཞིག་ཧ་ཅང་མཁོ་གལ་ཆེ།
༤ རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ནོར་ལྷ་ལས་ཁུངས་ཀྱི་ཆེས་མཐོའི་མི་སྣ་དག་བོད་ཡུལ་ལ་དུང་བ་ཟབ་པས།    བོད་ཡུལ་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་ཤུགས་འདོན་པའི་ལྷག་བསམ་དང་རེ་བས་ཡོངས་སུ་ཁེངས་ནས་ཡོད།

༥ ཁོ་ཚོས་བོད་མིའི་རྒྱུད་ལ་ལག་རྩལ་འདི་སྐོར་ཤེས་རུང་གི་རིགས་ཁྱད་པར་བ་ཞིག་ཡོད་པའང་ཤེས་རྟོགས་བྱུང་བ་རེད།

དྲི་བ།

    ཁྱེད་ཀྱིས་བལྟས་ན་ལས་ཁུངས་བཙུགས་ནས་ད་ལྟའི་བར།   རུ་སྟོད་མའི་སྡེ་བ་འདིར་འགྱུར་ལྡོག་དང་འཕེལ་རྒྱས་ལ་ནུས་པ་ག་འདྲ་ཐོན་སོང་།
ལན།

    ངའི་ཕ་ཡུལ་མཛོད་དགེ་རུ་སྟོད་མ་ནི་འབྲོག་ས་ཞིག་ཡིན།   ཁོ་ཚོ་འཇིག་རྟེན་གཞན་དང་འབྲེལ་བ་གཏན་མེད་པའི་འཚོ་བ་རོལ་བཞིན་ཡོད་པར་ནི་སྨྲ་མི་ནུས་མོད།   འོན་ཀྱང་ཕྱི་རོལ་འཇིག་རྟེན་གྱི་གནས་བབ་ལ་ཆ་རྒྱུས་ཤིན་ཏུ་ཞན་སྟབས།  ཐོག་དང་བོར་ང་དང་སྤུན་ཆུང་།    བདེ་ཆེན་བཅས་ང་ཚོས་ཕྱི་གླིང་གི་མགྲོན་པོ་ཁ་ཤས་ཁྲིད་ནས་རུ་སྟོད་མར་ཐོན་དུས།    ཡུལ་མི་ཚོས་གོ་ལ་གཞན་པའི་སྟེང་གི་མི་ཞིག་མཐོང་སོང་བ་འདྲ་བར་ཡ་མཚར་ནས་ཁོ་ཚོའི་མཐའ་འཁོར་དུ་རུབ་རུབ་བྱས་ནས་བལྟ།   དྲང་མོར་བཤད་ན་དེ་ཡང་མཐོང་ཐོས་ཉུང་བའི་རྟགས་མཚན་ཞིག་རེད།    འོན་ཀྱང་ད་སྐབས་ཡུལ་འདིའི་བྱིས་པ་ཞིག་ཡིན་ཡང་ཕྱི་གླིང་གི་མགྲོན་པོ་མཐོང་ན་མཚར་སྣང་ཅི་ཡང་མི་བྱེད།   ཕལ་ཆེར་རིམ་གྱིས་གོ་ལ་ཧྲིལ་བོ་འདི་སྡེ་བ་གཅིག་ལྟ་བུར་འགྱུར་བཞིན་ཡོད་པའི་གནས་བབས་ཀྱང་ཤེས་ཀྱིན་ཡོད་པ་འདྲ།   ནོར་ལྷ་ལས་ཁུངས་ཀྱི་ལས་བཟོ་བ་མང་ཤོས་གཏན་ནས་སློབ་གྲྭར་འགྲོ་མ་མྱོང་ཞིང་ཡི་གེ་གཅིག་ཀྱང་མི་ཤེས་པ་ཤ་སྟག་ཡིན་མོད།   ད་ལྟ་ཕྱི་གླིང་བ་དག་ལ་དབྱིན་སྐད་ ཀྱིས་རྒྱུན་སྤྱོད་ཁ་བརྡ་ཐན་ཐུན་དང་གློག་ཀླད་འོས་འཚམས་བཀོལ་སྤྱོད་བྱེད་ཐུབ་ཅིང་།    ལས་བཟོ་བ་བརྒྱ་ལྷག་ཅིག་ཡོད་པ་ས་ཆ་ཡར་མར་མང་དུ་འགྲོ་མི་དགོས་པར་རང་ས་རང་ཡུལ་ནས་ཡོང་འབབ་བླངས་ཏེ་རང་གི་ཁྱིམ་ཚང་གི་འཚོ་བའི་གནད་དོན་ཐག་གི་གཅོད་ཐུབ་པ་འདིས།   ལས་ཁུངས་ཀྱིས་ཡུལ་མིའི་ཤེས་ཚད་མཐོར་འདེགས་དང་།   ལག་རྩལ་སྦྱོང་བརྡར།དཔལ་འབྱོར་ཡོང་སྒོ་སོགས་ཕྱོགས་ཀུན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་འདུག་པ་མཚོན་ནུས་ཤིང་།   དེ་ལས་ཀྱང་གལ་ཆེ་བ་ནི།    ནོར་ལྷས་ཁོ་ཚོར་རང་ཆས་སུ་མངའ་ཡང་རང་ཉིད་ཀྱིས་ཀྱང་ཤེས་མེད་པའི་ལག་རྩལ་གྱི་ནུས་པའམ་སད་རུང་གི་རིགས་དེ་སྔོག་འདོན་བྱས་ཤིང་།    རང་ཉིད་ཀྱི་འཇོན་ཐང་དང་ལག་རྩལ་ལ་བརྟེན་ནས་དཔལ་འབྱོར་བསྒྲུབས་ནས་འཚོ་བ་རོལ་བའི་ཐབས་ལམ་བསླབས་པ་རེད།
ལྔ།

    ལས་ཁུངས་ཀྱི་ཡུལ་མིར་ཕན་ཐོགས་པའི་ངོས་ནས་ཐེབས་རྩ་ཚོགས་པ་གཞན་དང་དང་མི་འདྲ་ས་གང་དག་ཡོད་དམ།
ལན།

    ཁ་དཔེར་ཉ་སྦྱིན་པ་གཏོང་བ་ལས་ཉ་འཛིན་ཚུལ་བསླབ་ན་དགའ་ཞེས་བཤད་པ་ལྟར་རེད་སྙམ།  རོགས་སྐྱོར་དགེ་བསྒྲུབ་ཀྱི་ལས་ཀ་བྱས་ནས་ངེས་པར་རོགས་སྐྱོར་དགོས་པ་ལ་རོགས་སྐྱོར་བྱེད་མཁན་དག་ནི་བསམ་གྱིས་མི་ཁྱབ་ཅིང་བསྟོད་བསྔགས་ཡི་རངས་ཀྱི་གནས་སུ་མཆིས་མོད།    འོན་ཀྱང་སྤྱིར་བཏང་གི་ན་གཞོན་ཕལ་མོ་ཆེ་ལ་མཚོན་ན།   ཁོ་ཚོ་རང་ཉིད་ལ་མངའ་བའི་ནུས་པ་སྒོ་འབྱེད་བྱས་ཏེ་རང་ཁ་རང་གསོ་བྱེད་ཚུལ་བསླབས་ན་ལྷག་པར་ཡང་རིན་ཐང་ཆེ་ཞིང་དོན་སྙིང་ཡོད་པར་སེམས་ཏེ།

༡ ཐབས་འདིས་རང་ཉིད་འགུལ་མི་འདོད་པའི་ལེ་ལོ་དང་སྒྱིད་ལུག་གི་གོམས་གཤིས་ངན་པ་དེ་བསྒྱུར་ནུས་ཤིང་།   ཡར་བསྐྱོད་དང་བརྩོན་པ་བསྐྱེད་དེ་འཚོ་བ་རོལ་བའི་བསམ་སྤྱོད་བཟང་བོ་བསྐྱེད་བསྲིང་བྱེད་ཐུབ།

༢ ཕྱོགས་གཉིས་ཀར་དཔལ་འབྱོར་གྱི་ཁེ་ཕན་འཐོབ་པས་ཚོང་ལས་ལ་དོ་དམ་བྱེད་མཁན་གྱི་འགོ་ཁྲིད་པ་རྣམས་ཀྱང་རང་གི་ལས་ཀ་ལ་གཞན་ལས་ལྷག་པར་འགན་འཁུར་བའི་འདུ་ཤེས་བརྟན་པོ་ཡོད།
༣ འདི་ལྟར་བྱས་ན་མ་རྐང་གི་ཡོང་ཁུངས་ཅུང་བརྟན་འཇགས་ཡིན་པས་བྱ་གཞག་བསྒྲུབ་པའི་འཁོར་བསྐྱོད་ལ་ཁེག་ཐེག་ཐེབས་པས།    ཕྱོགས་གཉིས་ཀའི་ཁེ་ཕན་ཡང་གཞན་དག་ལས་ལྷག་པར་བརྟན་འཇགས་ཡིན།

དྲི་བ།

    ནོར་ལྷ་དང་སྤྱིར་བཏང་གི་སྤྱི་ཚོགས་ཀྱི་ཁེ་ལས་གཞན་པ་ལ་མི་འདྲ་ས་གང་འདྲ་ཡོད།
ལན།

    ངས་བལྟས་ན་སྤྱི་ཚོགས་ཀྱི་ཁེ་ལས་ཡོད་ཚད་ལའང་བརྒྱ་ཁ་གཅིག་ཆོད་ཀྱིས་སྡོམ་ཚིག་འགོད་མི་རུང་སྙམ།   ཁེ་ལས་ལ་ལར་ཁེ་ལས་བསམ་བློ་དང་ཚོང་ལས་ཁ་ཕྱོགས་གང་ཡིན་ཡང་ཧ་ཅང་ལེགས་པོ་ཡོད།   ཁེ་ལས་ཡོད་ཚད་རང་བསྲུང་གཞན་འཚེ་དང་།   མགོ་གཡོག་མགོ་བསྐོར་དང་།    ངན་ཇུས་གང་ཡོད་བཏོན་ནས་རང་གི་ཁེ་ཕན་བསྒྲུབ་པ་ཤ་སྟག་ག་ལ་ཡིན།   འོན་ཀྱང་སྤྱི་ཚོགས་སྟེང་ཁེ་ལས་གཉེར་མཁན་གྱི་སྦྱིན་བདག་ལ་ལ་མི་ཤེས་རྨོངས་པ་དང་འདོད་སྲེད་ཀྱི་དབང་དུ་གྱུར་ཏེ།    སྤྱིར་ཁེ་ལས་ལ་ཡོད་འོས་པའི་རིན་ཐང་དེ་འཕང་དམའ་རུ་བཏང་འདུག   ཡིན་ཡང་ནོར་ལྷ་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་མི་སྣ་དག་ལ་ནི་ཐུན་མོང་མིན་པའི་གཤིས་རྒྱུད་དང་ལྷད་མ་འདྲེས་པའི་དད་པ་ཡོད་པའི་དབང་གིས།   རང་གི་ཉམས་ལེན་དང་བྱ་བ་གཉིས་ཟུང་འབྲེལ་བྱེད་བཞིན་ཡོད།   དེའི་ཕྱིར་གནས་སྐབས་ཁེ་ཕན་ཙམ་གྱི་ཆེད་དུ་རང་ཉིད་དམྱལ་བར་འཕེན་བྱེད་ཀྱི་རྒྱུ་གསོག་མི་སྲིད་ལ།    རང་ཉིད་ཀྱི་སྤྲོ་སྐྱིད་དེ་གཞན་དག་གི་སྡུག་བསྔལ་རྨང་གཞིར་བཟུང་ནས་ཀྱང་བསྒྲུབ་མི་སྲིད་དོ།།

    ངས་དུས་རྒྱུན་དུ་ནོར་ལྷའི་ལས་མི་ཡོངས་ལ་མི་ཆོས་ཀུན་སྤྱོད་དང་ལས་འབྲས་སྐོར་གྱི་ཁ་བརྡ་ཡང་ཡང་བྱས་པ་ཡིན།ངས་ནམ་རྒྱུན་ཁོ་ཚོ་ལ།   ཁྱེད་རང་ལས་མི་ཞིག་ཡིན་ཡང་རུང་།    འགོ་ཁྲིད་ཅིག་ཡིན་ནའང་ཆོག    རང་གིས་བསྒྲུབ་པའི་བྱ་བ་དེ་གཞན་ལ་ཇི་ལྟར་བཤད་ཚུལ་ལ་བསམ་བློ་གཏོང་རྒྱུ་མིན་གྱི།    གཙོ་བོར་རང་གི་སེམས་དང་ལས་འབྲས་ལ་ཇི་ལྟར་བཤད་དགོས་སྙམ་དུ་བསམ་བློ་གཏོང་དགོས་ཞེས་བཤད་པ་ཡིན།    དེའི་ཕྱིར་ནོར་ལྷའི་ནང་དུ།   ལས་མི་རྣམས་ཕན་ཚུན་གཅིག་ལ་གཅིག་འཆམ་མཐུན་ཡིན་པར་མ་ཟད།   འགོ་ཁྲིད་དང་ལས་མིའི་བར་གྱི་འབྲེལ་བའང་ཧ་ཅང་ཡག་པོ་ཡོད་ལ།   དེས་ན་ནོར་ལྷའི་འགོ་ཁྲིད་དང་ལས་མི་སུ་ཡིན་ཡང་།   རང་ཉིད་ཀྱི་མི་གཞི་དང་ལས་འབྲས་ལ་འགན་ཁུར་འཁུར་བཞིན་ཡོད།   ངས་བལྟས་ན་ཁྱད་ཆོས་འདི་ནི་ནོར་ལྷ་ལས་ཁུངས་གཞན་པ་ལས་འཕགས་ཆོས་གཙོ་བོར་འཇོག་དགོས་སམ་སྙམ།རྒྱུ་མཚན་དེས་ན་བདག་གི་འདས་ཟིན་པའི་ཨ་ཕ་དྲིན་ཅན་དང་གཉེན་ཉེ་ཡོངས་ཀྱིས་མགོ་མཇུག་བར་གསུམ་དུ་ལས་ཁུངས་ལ་རྒྱབ་སྐྱོར་དང་རོགས་རམ་ཚད་མེད་བྱས་དང་བྱེད་བཞིན་ཡོད་པ་ཡིན་ནོ།  །
     མཐའ་མཇུག་ངས་་ནོར་ལྷའི་ལས་ཁུངས་ཀྱི་གོང་འགོ་ཁྲིད་དང་།   འོག་ལས་མི་ཡོངས་ལ་སྙིང་ནས་བཤད་འདོད་པ་ནི།ནོར་ལྷས་ནམ་ཡིན་ཡང་གཞན་དང་ཐུན་མོང་མིན་པའམ།    དམ་པ་ཆོས་དང་མི་འགལ་བའི་རྒྱུ་ནོར་འཚོལ་ཞིང་གཞན་ཕན་བསྒྲུབ་ཚུལ་གྱི་ཐབས་ལམ་འདི་རྒྱུན་འཛིན་རྩི་བསྲུང་བྱེད་འཚལ་ཞེས་རེ་བ་སྙིང་ཁོང་ནས་ཞུ།

བཛྲ་འོད་ཟེར་དང་ནོར་ལྷ་ལས་ཁུངས།
     ངའི་མིང་ལ་བཛྲ་འོད་ཟེར་ཟེར།    ང་བཛྲ་ཚུལ་ཁྲིམས་རྒྱ་མཚོའི་སྤུན་ཆུང་བ་ཡིན།  ང་རང་ཆུང་དུས་ནས་སློབ་གྲྭར་མ་སོང་བར་དགོན་པའི་ནང་ནས་ནར་སོན་པ་ཡིན།   ཆོས་དཔེ་མི་ཉུང་བ་ཞིག་བློ་འཛིན་བྱས་མྱོང་མོད།   འོན་ཀྱང་གཞུང་ཆེན་ལ་མཐར་ཆགས་སུ་སྦྱོང་བ་མ་སོང་བའི་རྐྱེན་གྱིས་ང་ལ་རིག་གནས་ཡོན་ཏན་ཟབ་མོ་གང་ཡང་མེད།   དེའི་ཕྱིར་ང་ལ་སྐད་ཆ་ མང་བོ་ཞིག་བཤད་སྙིང་མེད།   ཡིན་ན་ཡང་ང་རང་ནོར་ལྷ་ལས་ཁུངས་ལ་ཐོག་མཐའ་ཀུན་ཏུ་ཆ་རྒྱུས་ཟབ་མོ་ཡོད་པས་ངས་ཀྱང་ཕུ་བོའི་གཏམ་ལ་ཁ་སྣོན་གྱི་ཚུལ་དུ་ཅུང་ཙམ་ཞུ་དགོས་བསམ།    དང་ཐོག་ཕུ་བོ་ངེད་གཉིས་བདེ་ཆེན་ལ་ཐུག་དུས།   ཁོ་མོ་ལོ་ན་ཆུང་ཡང་མིག་རྒྱང་རིང་ལ་སྤྱོད་ལམ་བཟང་།   དེ་བས་ཕུ་བོས་ང་ལ་ཁོ་ཚོའི་བསྒྲུབ་འདོད་པའི་བྱ་གཞག་འདི་ང་ཚོའི་ཕ་ཡུལ་གྱི་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད་ངེས་མོད།   འོན་ཀྱང་ང་ལ་དུས་ཚོད་ཀྱི་ཁོམ་ལོང་ཆེན་པོ་མི་འདུག་པས་ཁྱོད་ཀྱིས་རང་གི་ནུས་པ་ཡོད་རྒུ་བཏོན་ནས་ཁོ་ཚོར་རོགས་རམ་དང་རྒྱབ་སྐྱོར་བྱས་ན་འོས་ཚུལ་ནན་གྱིས་བསྟན།    དེ་བས་ བདག་གིས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོ་ཚོར་རོགས་རམ་བྱས་པར་མ་ཟད།    རང་གི་ཉེ་འཁོར་གྱི་མི་རྣམས་ལའང་ནོར་ལྷ་མཚམས་སྦྱོར་དང་དེའི་བསྔགས་པ་བརྗོད་པ་ཡིན།

     ད་ལྟ་ལོ་རེ་ནས་ལོ་རེ་བཞིན་ལས་ཁུངས་ཡར་རྒྱས་འགྲོ་བཞིན་པའི་རྣམ་པ་མཐོང་ན་ང་རང་སེམས་གཏིང་ནས་དགའ་སྤྲོ་སྐྱེས་འོང་།    བདག་ལ་ཁྱོད་ཚོར་བསླབ་སྟོན་བྱེད་རྒྱུའི་འོས་བབ་ཅི་ཡང་མེད་མོད།    འོན་ཀྱང་ང་རང་ནོར་ལྷ་ལས་ཁུངས་ལ་ལྷག་བསམ་དག་པ་དཔང་དུ་བཞག་སྟེ་སྙིང་ནས་བཤད་འདོད་པ་ནི།   ང་ཚོ་ཚང་མ་བོད་པ་རེད།   དེ་ལས་ཀྱང་ནང་ཆོས་ལ་དད་པ་ཡོད་མཁན་ཏག་ཏག་རེད།    དེའི་ཕྱིར་ང་ཚོས་ནམ་ཡིན་ཡང་གཙོ་བོར་རང་སེམས་ལ་ལྟ་རྟོག་དང་བྱ་ར་བྱས་ཏེ་སྒེར་སེམས་རྐྱང་རྐྱང་བྱེད་པའི་སྒོ་ལེགས་པར་འགོག་དགོས་ཤིང་།    རང་ཉིད་འབའ་ཞིག་གི་འདོད་སྲེད་སྐོང་བའི་ཕྱིར་དུ།མར་གྱུར་འགྲོ་བ་ཡོངས་ལ་གནོད་པའི་ལས་ཀྱི་རིགས་གཏན་ནས་མི་བསྒྲུབ་པར་ཞུ།
       མདོར་ན་ལས་རྒྱུ་འབྲས་དང་འགལ་བའི་བྱ་བ་མི་བསྒྲུབ་ཅིང་།    ནང་བསམ་བློའི་ནོར་ལ་མཐོང་ཆེན་དང་སེམས་ཀྱི་ཟས་ལ་གཅེས་སྤྲས་བྱེད་རྒྱུའི་རེ་བ་ཞུ་ཞིང་།   ཕྱི་རྒྱུ་ནོར་བེད་སྤྱོད་ལེགས་པར་བཏང་སྟེ་རང་གཞན་གཉིས་ཕན་གྱི་བྱ་གཞག་ལེགས་པར་དོན་དུ་གཉེར་འཚལ།


ནོར་ལྷའི་རྩོམ་སྟེགས་ལས་བཤུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjcp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41152902
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1