ལས་འཕྲོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 15 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གནའ་གཏམ་དང་སྒྲུང་། »ལས་འཕྲོ།
ལས་འཕྲོ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/6/26ལྟ་ཀློག (5506)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                                                                                                            སྦྲ་ནག་བློ་བཟང་། ༼མགོ་ལོག༽

                                                      ཡུལ་ལྗོངས།                                                                                              འོད་མདངས་ཉམས་པའི་མིག་ཟུང་དག་གློ་བུར་དུ་ཕྱེས་རྗེས་སྤྲིན་ནག་ལེབ་མོ་ཞིག་ཤར་ཕྱོགས་ཀྱི་མཁའ་དབྱིངས་ནས་མགྱོགས་པོར་རྒྱུ་ཚུལ་ལ་བལྟས་ན།   ཆུ་ཚོད་ཀྱི་མདའ་ཁབ་དང་དེ་གཉིས་བར་དུ་བརྗོད་མི་ཐུབ་པའི་གསང་བ་ཞིག་ཡོད་པ་རྟོགས་ཤིང་།   རླུང་བུས་བཏུས་པའི་མཚེར་ཤུལ་གྱི་འགྱིག་ཤོག་དག་ནི་ལྷའི་སྟོབས་ཤུགས་ཀྱིས་གཤོག་ཟུང་ཞིག་བཙུགས་པ་དང་འདྲ།  “ངང་བའི་མཚོ་སྐོར་”ཞེས་པའི་བོད་ཀྱི་རོལ་མོ་དེ་ཡུལ་ལྗོངས་ཧྲིལ་བོའི་སྐྱོ་མདངས་དང་བསྡེབས་ཏེ་གྲགས་འོང་།   འདི་ནི་ཅི་འདྲའི་མི་སེམས་སྐྱོ་བའི་གདངས་དབྱངས་ཤིག་རེད།    སྤྱང་ལྟོགས་ཤིག་གིས་ངུ་ཟུག་བར་སྣང་གང་བ་རེ་བྱས་རྗེས་ས་སྲོས་ཀྱི་ཚོན་མདངས་ཀྱིས་བྱུགས་པའི་ཁོར་ཡུག་ཡོངས་སུ་རྒུད་པ་ཞེས་པའི་ཡིག་འབྲུ་ཞིག་ཤར་བ་དང་མཚུངས།   ལུང་བའི་ཕུག་གི་རྫ་རི་ནག་ཡོ་རེ་མཐོང་ཞིང་།   དེ་ནི་གྲིབ་སོའི་ཁུགས་སུ་ཚུད་པའི་གཡག་རྒན་ཞིག་གིས་རྒྱང་སྐྱོད་བྱེད་པའི་ཟུངས་ཟད་པ་དང་གཉིས་སུ་མ་མཆིས།   ལྷགས་རླུང་རྒུམ་པའི་ཕོ་རོག་ཅིག་གིས་“ལས་འཕྲོ་”ཞེས་པའི་ཁུག་མ་ཞིག་གཤོག་ཁུག་ཏུ་བཟུང་སྟེ་རྫི་བོ་རྣམས་ཀྱི་ཉེ་བར་བཅར་ཞིང་།   སེམས་གསོ་ལྟ་བུའི་གླིང་བུ་རལ་བོ་ཞིག་འབུད་རྡུང་བྱེད་པར་ངེས།   བདག་གི་མཐོང་ལམ་དུ་མངོན་པའི་མི་རྟག་པའི་སྣང་ཚུལ་འདི་དག་གིས་འཇིག་རྟེན་ནི་སྐྱོ་བའི་གཏེར་མཛོད་ཅིག་དང་འདྲ་བར།   མི་རྣམས་ཀྱི་ཡིད་སེམས་རྨས་པར་མཛད་རྗེས་བསྐྱར་དུ་གཏམ་རྒྱུད་ཅིག་འཁྲབ་པར་སྟ་གོན་བྱེད་དུ་བཅུགས། 

                                      གཏམ་རྒྱུད།                                                                                       

    ཉི་ཟེར་གྱིས་བསྲེག་པའི་ངོ་གདོང་འདིའི་ཕག་ཏུ་ཚོད་དཔག་བྱ་ཐུབ་མེད་པའི་གནད་དོན་མང་བོ་ཞིག་སྐུང་ཡོད་ཅིང་།  གནད་དོན་དེ་དག་གི་ཁ་དང་ལྟོ་བ་རུ་ང་དང་ཁྱོད་ཀྱིས་བྲིས་པའི་གཏམ་རྒྱུད་ཅིག་མཆིས།ཀོང་དུ་ལྷུང་བའི་མིག་ཟུང་གི་འོད་མདངས་ལས་གཞོན་དུས་ཀྱི་ཆགས་སྲེད་དག་དྲན་པར་བྱེད་ལ། མཚམས་རེར་དྲག་ཏུ་ལྡིང་ཞིང་སྐབས་རེར་རྐང་ལག་བསྐུམ་ནས་གྲགས་མེད་དུ་འཁུམས་པའི་སེམས་ངོགས་ཧྲིལ་བོར། གཞུག་ནས་བལྟ་ཞེས་པའི་རྡོ་རིང་ཞིག་བརྐོས་འདུག   ཇག་པ་དམར་བོ་ཞིག་གིས་ས་སྲོད་ཀྱི་དུས་སུ་བཙན་འཕྲོག་བྱས་པའི་བུ་མོ་ཞིག་དང་འཕྲད་རྒྱུ་ནི་ཤིན་ཏུ་དཀའ་བ། ལས་སྐལ་མེད་པའི་འདུ་འཛོམས་ནི་ཅི་འདྲའི་སྙིང་ན་བ་ཞིག་ཅི་ལ་མིན།   ཧམ་སེམས་ཤིག་གི་རྐྱེན་གྱིས་ངས་ཁ་ཐག་ཅུང་རིང་ས་ནས་ཁོ་མོར་རྒྱང་མཐོང་ལས་བལྟས་མོད།   དྲི་ངལ་ཁྱད་པར་བ་ཞིག་འཐུལ་འོང་རྗེས་བདག་གི་ལྟ་སྟངས་ལ་ནོར་འཁྲུལ་བྱུང་བ་རྟོགས་ཤིང་།    ནམ་ཡང་ཇག་པ་དམར་བོ་དང་བུ་མོ་དེར་འཕྲད་འོང་སྙམ་པའི་སེམས་ཁྲལ་ཞིག་སྐྱེས་འོང་།   གནས་ལུགས་མེད་པའི་སུན་སྣང་འདི་ཡིས་ང་རང་གར་སྡོད་དུ་མ་བཅུགས་པར།   མཚོན་ཆ་འགའ་ཞིག་ཀྱང་གྲ་སྒྲིག་བྱ་དགོས་བྱུང་།   འདི་ནི་གཏམ་རྒྱུད་ཅིག་གི་མཇུག་འབྲས་དང་གླེང་གཞི་ཙམ་ཡིན།

     ཁ་ཆར་དྲག་ཏུ་བབས་ཏེ་སློབ་གྲྭའི་ར་ནང་གི་གང་སར་རྙོག་ཆུས་ཁེངས་པས།   དགེ་སློབ་ཚང་མར་སུན་སྣང་སྐྱེ་བ་ཞིག་བཟོས་འོང་།   ཉིན་དེར་ངས་སློབ་ཆུང་རིམ་པ་དམའ་འབྲིང་དུ་འཕར་བའི་བོད་ཡིག་གི་རྒྱུགས་ཆེན་ལེན་གྱིན་ཡོད།   ངའི་གོམ་ཁ་དང་ཕུགས་བསམ་གཉིས་ཀ་རྒྱུགས་རའི་ཕྱོགས་སུ་སྤོས་ཏེ་དངོས་ཡོད་རིང་ལུགས་ཀྱི་ལོ་རྒྱུས་སྙན་ངག་ཅིག་ལ་བློས་བསླངས་བྱས།   རྣོ་ངར་གྱི་སྙུ་གུ་ཐོགས་པའི་སློབ་མ་དག་གིས་སྙིང་སྟོབས་ཅིག་སྤྲིན་པ་ལ་བཞོན་འདུག    རྗེས་སུ་འབྲངས་པའི་སློབ་དཔོན་གསེར་ཞྭ་བསྣབས་མཁན་ཚོས་ཀྱང་གདར་དང་ཁ་ཟས་ཁྱེར་ཏེ་བྱ་རྒོད་ཀྱིས་བེམ་རོ་སྲུང་བའི་བཟོ་ལྟ་ཞིག་དོད་ཀྱིན།   སང་ཉིན་གྱི་སྐྱ་རེངས་དང་འཇའ་ཚོན་ལ་ལག་པ་བསྲིངས།   སྙུ་གུ་དང་ཚིག་སྦྱོར་གྱི་ཉམས་མྱོང་དག་བུམ་པ་གང་བྱོའི་ཚུལ་གྱིས་སློབ་མའི་ཀླད་པའི་གས་ཀ་དང་ཁྲག་རྩའི་གསེང་སོ་སོར་ལྡུག་གིན་མཆིས།   སྐབས་རེར་མིག་ཟུང་འདིའང་བསླུ་བྲིད་ཀྱི་བདག་མོ་ཞིག་སྟེ།   དུས་ཀྱི་ཆུ་ལོག་དྲག་ཏུ་འཁྲིགས་པའི་ལོགས་སུ་རང་ཉིད་ལའང་རྡོག་པ་གཏད་སའི་སྐམ་ས་ལེབ་མོ་ཞིག་རེག་ན་ཅི་མ་རུང་།   ཆུ་ཤེལ་ལྟ་བུའི་ངོ་གདོང་ཞིག་གིས་བདག་ལ་དམ་དུ་འཁྱུད་པས་ངས་གོམ་ཁ་དང་རྡོག་ལམ།  ཕུགས་བསམ་སོགས་ཀྱང་སྔུན་དུ་བསྐྱུར་ཏེ་མེ་ཏོག་གི་མིག་ཟུང་ཞིག་འཚོལ་གྱིན་འདུག   བདག་གི་ངོ་གདོང་ནི་ཉི་མས་ཚིག་པའི་རྩི་ཤིང་ཞིག་ལྟར་མེ་ལྕེ་ནས་དུ་བར་གྱུར་རྗེས།   ད་གཟོད་ཁོ་མོའི་བསིལ་བའི་རླུང་བུ་དེར་མཉམ་འཇོག་བྱེད་པའི་གོ་སྐབས་ལེགས་པོ་དེ་རྙེད་བྱུང་།                                                    

    བརྩམས་སྒྲུང་བྲིས་ཏེ་མཚམས་འདིར་ཐོན་དུས་ཁོ་མོས་བྲིས་པའི་རང་ཉིད་དེ་ཅི་འདྲའི་མཛེས་ཤིང་བློར་འབབས་པ་ཞིག་རེད།    ངའི་རྣམ་རྟོག་གི་འགྱུ་བས་ནི་ལོ་རྒྱུས་སུ་གྱུར་བའི་དུས་ཚོད་ཀྱི་བཞུར་འགྲོས་དེར་ཞུགས་ཏེ་བགྲང་བྱ་དུ་མའི་ཡར་སྔོན་ཞིག་ལ་གཏོལ་མེད་ཀྱིས་རྔམ་རྒྱུགས་ཐེངས་འགར་བྱས།   ལྐོག་ལྟ་དང་གཟབ་ཉན་ནི་ཀུན་སྤྱོད་མི་ལེགས་པའི་མི་ཞིག་གི་བྱེད་ཐབས་ཆེས་ལེགས་ཤོས་དེ་ཡིན།   འཛིན་གྲྭ་གཅིག་པའི་སློབ་མ་རྣམས་ཀྱིས་ཕན་ཚུན་ལ་རོགས་རམ་བྱ་དགོས་ཞེས་པའི་རླུང་བུ་ངའི་རྣ་བ་གཡས་པར་འཛུལ་ཏེ་གཡོན་ནས་ཆས་སོང་།   གནད་དོན་གྱིས་མི་ཞིག་དཔའ་འཛངས་ལྡན་པར་བྱེད་པར་མ་ཟད།   བླུན་པོའི་སེམས་ཁམས་ཀྱང་བསྐྲུན་སྲིད།   བདག་གི་བསམ་གཞིག་གིས་རྨ་ཁ་ཞིག་ལ་བྱིལ་བྱིལ་གཏོང་གིན་འཚོ་བའི་ལྡེབས་རིས་ཀྱི་སྐྱ་ཐིག་ཞིག་རྟོག་བཟོ་བྱེད་པར་ཡང་དོན་སྙིང་ཆེའོ་སྙམ།                                                                          

     ལྐོག་ལྟའི་སྐུད་སྣེ་ཞིག་ང་དང་ཁོ་མོའི་དུས་ཚོད་དང་བར་སྟོང་དུ་འཐེན་ཏེ་སུས་ཀྱང་མི་ཤེས་པའི་གསང་བ་ཞིག་གི་གོ་བརྡ་སྤྲོད་པར་ནུས་ཤུགས་ཡོད་རྒུ་བཏོན་ཡང་།   ལྐོག་ལྟ་ཁོ་ནས་ཆུ་རྒྱུན་གྱིས་བཀྲུས་པའི་དུང་རིམ་པ་ཞིག་ལྟར་གཏིང་ཟབ་ཏུ་ཕྱིན་པ་ཙམ་མོ།   །     ཐེ་ཚོམ་བྲག་དང་དབྱུག་གུས་བརྩིགས་པའི་མཁར་རྫོང་བཙན་པོ་ཞིག་ཡུན་གྱིས་ཆགས་ཏེ།   ཀློང་དུ་བརྡོལ་བའི་ཚོར་ཤེས་ཐ་དག་མཁའ་ན་གཡེང་བའི་ཤོག་བྱ་ཞིག་གི་སྐུད་སྣེར་འཇུས་འདུག   ཐེངས་དེའི་ལས་ཀ་ནི་གོ་མེད་ཚོར་མེད་ཀྱི་ངང་དུ་སྐད་ཅིག་གིས་འདས་རྗེས་ཐེ་ཚོམ་གྱི་མདུད་པ་གྲོལ་མ་ཐུབ་པའི་ང་དང་སློབ་མ་རྣམས་ཀྱིས་ཤུགས་རིང་སྣ་ཐིག་རེ་ཁྲིད་དེ་སྒོར་བུད།  དུས་ཚོད་ནི་རླུང་གིས་འདྲུད་པའི་ཤོག་སྙིགས་ཤིག་ལྟར་རང་གི་ཁ་ཕྱོགས་ལ་ནམ་ཡང་འགྱུར་བ་གཏོང་མི་ནུས།  མིའང་ཤོག་སྙིགས་སུ་འབྱར་བའི་རྩྭ་ཉག་ནང་བཞིན་སྣང་བ་བན་བུན་གྱིས་རྗེས་སུ་འབྲངས་པ་ཁོ་ནར་ཟད།   ཐེངས་འདིར་བསྐྱར་དུ་བདག་གིས་ཁོ་མོའི་ལག་ཟུང་གི་དྲོད་ཁོལ་མྱངས་ཤིང་།  ཁོ་མོས་རང་གི་སློབ་མ་གཉིས་ཀྱི་ཤེས་རབ་དང་སྙུ་གུ་རིང་བོ་རེ་བདག་ལ་བཅོལ་རྗེས་མི་སྣང་བར་གྱུར། 

                                                      ཉིན་ཐོ།                                                           

    གནམ་ངོ་རིབ་ཀྱང་ཆར་རླུང་འཐབ་པའི་སྒྲ་དབྱངས་བར་མེད་དུ་གྲགས་ཤིང་།  མེ་ཏོག་གི་ཟེའུ་འབྲུར་འབྱར་བའི་ངལ་རྩོལ་ཆེ་ཞིང་ངལ་དུབ་ཀྱིས་ཉོབ་པར་བྱས་པའི་བུང་བ་དག་ཀྱང་ཤི་གསོན་གྱི་ངོ་བོ་དགར་ཐབས་མེད་པར་གྱུར།   མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ལྗང་དང་ལྕུག་ཕྲན་གྱི་ཡལ་ག་རྣམས་ཀྱང་མལ་ཁྲིའི་མཐའ་ཅན་དུ་མཆིས་པ་རྟོགས་ཤིང་།   ང་རང་སློབ་ཆུང་ཀ་བ་ནས་སུན་སྣང་དང་ཨུ་ཚུགས་ལ་འཇིགས་ཏེ་རྫོང་ཐོག་ཏུ་ཐོན་མོད།   ཕྱེ་ལེབ་ཅིག་གི་ཚེ་ཡི་འཕེན་པ་རྫོགས་རེག་བར་དུ་རྣམ་གཡེང་བྱས་ཆོག་པའི་ལས་ཀ་ཅི་ཡང་མེད་པས།  

    ཕྱི་གླིང་བ་དང་མེས་པོའི་ཤེས་རབ་ཀྱི་འོད་ཟེར་དང་མུན་པ་ལས་ངས་རང་ཉིད་ཀྱི་གཤོག་ཟུང་ལ་ལྡེམ་མྱུར་གྱི་ནུས་པ་ཞིག་ལྡན་པའི་ཕྱིར་དུ།   མཚོན་རྟགས་རིང་ལུགས་ཀྱི་སྙན་ངག་ཅིག་ལ་བློས་བསླངས་བྱས་ཏེ།  འབྱུང་འགྱུར་གྱི་ལམ་ཁར་སྐྱ་ཐིག་ཅིག་འཐེན་གྱིན་མཆིས།   ནམ་ནམ་ཞར་ཞར་ཕྱི་རོལ་ཏུ་འཁྱམ་པ་ནི་ཤེས་རབ་ལ་མ་དད་པའི་ཡིན་པར་ངེས།   ང་རང་ཆེས་དགའ་བའི་གསེར་མདོག་གི་གསུང་རབ་ཁྲོད་དགག་སྒྲུབ་དང་སྣང་ཚུལ་རྐྱང་བ་མ་ཡིན་པའི་ཁབ་དང་སྐུད་པ་ཞིག་འཚོལ་རྒྱུ་ནི་ཆས་གོས་འདིའི་ཕྱིར་དུ་ཡིན།   འོན་ཀྱང་བདག་ལ་ཕ་ཡུལ་དང་ཁ་གྱེས་ཏེ་གནས་འདིར་ཡོང་བའི་རྒྱུ་མཚན་ཡང་བཤད་རྒྱུ་གསལ་བོ་ཞིག་མེད།   གནས་ལུགས་དང་རྒྱུ་མཚན་མེད་པའི་གཏམ་རྒྱུད་དེའང་འདི་ལྟར་འགོ་ཚུགས་བྱུང་། 

                                         གཏམ་རྒྱུད།                                                                           

      ཉིན་མཚན་ལ་ཁྱད་མ་ཕྱེས་པར་དྲག་ཆར་བབས་ཏེ་ལུང་ཁུག་རྣམས་སུ་བཙོག་ཆུ་རིང་བོ་ཞིག་ཤར་རྒྱུག་བྱེད་ཀྱིན་ཡོད་ཅིང་།  རྩྭ་ཐང་གི་སྒང་གཤོང་ཐང་གསུམ་དུ་གད་སྙིགས་གཏོས་ཆེ་བ་རེ་གང་སར་སྤུངས་འདུག        ས་སྲོས་དང་ནུབ་ཁ་ནི་བདག་གི་གཏམ་རྒྱུད་དང་སེམས་ཁམས་ལ་ཤིན་ཏུ་འཕྲོད་པས་སྟོན་མཇུག་གི་ནུབ་ཁ་རེ་རེས་ངའི་ཡིད་སེམས་སུ་སྨྲ་བསམ་བརྗོད་མེད་ཀྱི་ཚོན་རྩི་རབ་ཏུ་བྱུགས་ཤིང་།   ཚེ་སྲོག་གི་ངར་ཤུགས་དེའང་དུས་སྐབས་དེས་མཚོན་པར་ནུས་སོ་སྙམ་པའི་སྟོང་བསམ་བཅངས།   སེམས་ཚོར་ཁྱད་པར་བ་ཞིག་གི་རྐྱེན་གྱིས་དམིགས་པ་མེད་པའི་འཆམ་འཆམ་དུ་འགྲོ་བའི་དུས་ཚོད་ཅིག་ལྷའམ་བདུད་ཀྱིས་སྩལ་ཏེ།   རྩྭ་ལྗང་གིས་ཁེབས་པའི་རྡོག་ལམ་དུ་ངེས་མེད་དུ་འཁྱམས་ཉུལ་བྱེད་བཞིན་པའི་དུས་སུ་རྒྱུས་མེད་པའི་བུ་མོ་ཞིག་དང་འཕྲད་བྱུང་།     དུངས་བརྗོད་སྙན་ངག་ཅིག་གིས་བྲིས་པའི་མཛེས་ཆོས་ཐ་དག་རྫོགས་པར་ཚང་ཡོད་ཅེ་ན་ཁྱེད་ཅག་རློམ་ཐབས་བྲལ་མོད།   མིག་ཟུང་སྒོར་ཞིང་སྐྲ་ལོ་གནག་པ།   སོ་ཕྲེང་ལེགས་པོར་བསྟར་བ་ནི་ངའི་ཡིད་དབང་འཕྲོག་པའི་ཆ་དག་ཡིན་ཞིང་།   དུས་ཚོད་དང་བྱ་དངོས་གློ་བུར་བ་ནི་ཞིབ་འདང་མི་ཕོགས་པ་ཞིག་སྟེ།   ང་དང་ཁོ་མོས་ཕན་ཚུན་དུ་ཐེངས་གཅིག་མ་གཏོགས་ལྟ་མ་སྤོབས།   མཛེས་མའི་འཇོ་སྒེག་ནི་རྒུན་ཆང་དུ་བསྙལ་བའི་བཟི་ཁ་ཞིག་ལྟར་ཧུབ་ཀྱིས་འཐུང་རྗེས་ཡུན་གྱིས་སེམས་ཁོང་དུ་ཐིམས་འོང་།   ལས་དོན་དང་དུས་ཚོད་ཀྱི་ལྕེབས་ཐག་དལ་མོར་བསྲིངས་པའི་ཀློང་དུ་ཕན་ཚུན་ངོ་ཤེས་རྒྱུ་ནི་རི་རབ་ཀྱིས་ཆོད་པའི་གླིང་ཕྲན་བརྒལ་དགོས་པ་བཞིན་དཀའ་ཞིང་། ཐོག་མར་རོལ་དབྱངས་ཤིག་དཀྲོལ་བ་ནི་ཅི་འདྲའི་གུས་ལུགས་མི་ཤེས་པ་ཞིག་གོ །རྗེས་སུ་ང་དང་ཁོ་མོའི་ལག་ཟུང་རེག་པ་ཙམ་གྱིས་“ལས་འཕྲོ་”ཞེས་པའི་གཏམ་རྒྱུད་སྐྱོ་བོ་ཞིག་ལ་ཁ་དོག་སྦྱར་སོང་།   བདག་སེམས་ཀྱི་ཧམ་སེམས་ནི་ལྟོ་བ་རབ་ཏུ་ཆེ་བའི་བུམ་པ་ཞིག་དང་འདྲ་བར་ཁོ་མོ་མེ་ཏོག་ཅིག་ཏུ་བསྒྱུར་ཏེ་གསོ་སྐྱོང་བྱ་དགོས་སྙམ།  

    རི་ལུང་སྐྱ་ཐིང་ཐིང་དུ་མངོན་ཞིང་ཁ་བ་དང་བུ་ཡུག་གི་གདུག་རྩུབ་ཀྱང་ཤིན་ཏུ་ཆེ།  སློབ་འགོ་ཚུགས་པ་དང་གུང་སེང་གི་དུས་ཚོད་གང་ཡིན་ཆ་མ་འཚལ་མོད།   འཛུམ་མདངས་ལྷུག་པར་གྲོལ་ནས་བདག་ལ་འཚམས་འདྲི་ཞིག་བྱས་པ་དེས་ངའི་སེམས་ཀྱི་གཏན་ཚིགས་ཀྱི་བྲག་རྡོ་རྨང་ནས་ཉིལ་སོང་། 

དུས་ཚོད་ནི་རླུང་འཚུབ་ཅིག་གི་རྒྱུན་དང་འགྲོགས་ཏེ་ལོ་ཟླ་དུ་མ་སྐད་ཅིག་གིས་འདས། ཆར་གདུགས་ཐོགས་པའི་དགའ་བ་ཞིག་ཀྱང་རླུང་བུའི་གསེབ་ཏུ་ཚུད་ནས་རྡོག་ལམ་བོར་བའི་བུས་པ་བཞིན།  ཉིན་མཚན་དུས་དྲུག་གི་ཁེར་རྐྱང་སྒུམ་གྱིན་སོ་ལྟ་དང་གཟབ་ནན་ཐེངས་མང་མཛད།   སྐབས་ཤིག་སྙིང་སྟོབས་ཀྱི་དབྱུ་གུ་དགུང་དུ་འཕྱར་ཏེ་རང་སེམས་ཀྱི་གསང་བ་དང་ལྐོག་གྱུར་དག་གསལ་བོར་བཤད།  ཁོ་མོས་སོ་ཕྲེང་གི་མཛེས་སྡུག་ངོམ་གྱིན་“གཞུག་ནས་བལྟ་”ཞེས་བརྗོད་བྱུང་།  

    གྲོགས་བདེ་འདྲིས་སླ་བའི་གཤིས་ཀ་ནི་དགེ་སྐྱོན་གྱི་རི་མོ་གཉིས་གཤིབས་ཤིག་སྟེ།   བདག་གིས་ཀྱང་རང་དབང་མེད་པར་ཁ་ནས་“གཞུག་ནས་བལྟ་”ཞེས་ཤོར་བྱུང་།   འོན་ཀྱང་དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ་ངས་མཐོང་འོང་བ་ནི་ཆུང་མའི་ངོ་གདོང་ཙམ་ལས་ཅི་ཡང་མཐོང་མ་ཐུབ།   ཕྱིས་ཀྱི་དུས་རབས་གཅིག་གི་རིང་དུའང་དེ་ལྟ་ཡིན་པ་ངས་སྔར་ནས་གསལ་བོར་རྟོགས་ཡོད།    འདས་དོན་ཡོད་ཚད་ལ་ཕྱིར་དྲན་ཡང་ཡང་བྱས་ཚེ་སྔར་མེད་ཀྱི་གཟི་བརྗིད་དང་ང་རྒྱལ།  ཕམ་ཁ་སོགས་དོན་ལྡོག་པའི་སྡོམ་ཚིག་འགའ་ལས་མེད་པ་ཤེས་པས།    རང་དབང་མེད་པར་ཁ་ནས་“གཞུག་ནས་བལྟ་”ཞེས་རྨི་ལམ་དང་མངོན་སུམ་གང་ཡིན་གྱི་དུས་སུ་གློ་བུར་གློ་བུར་དུ་ཤོར་འགྲོ།                                                                                                                                                                                                                            ༣༠༡༤ལོའི་ཟླ་༤ཚེས་༡༥ཉིན། 



དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
30r6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15326665
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号