བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་སྟངས་དང་ཡུལ་ལུང་འགའི་གྲངས་བགྲང་སྐབས་ཀྱི་སྒྲ་གདངས་སྐོར་ཕྲན་ཙམ་བཤད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་སྟངས་དང་ཡུལ་ལུང་འགའི་ག
བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་སྟངས་དང་ཡུལ་ལུང་འགའི་གྲངས་བགྲང་སྐབས་ཀྱི་སྒྲ་གདངས་སྐོར་ཕྲན་ཙམ་བཤད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/7/18ལྟ་ཀློག (3424)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                  རྒྱལ་མོ་ལྕགས་ཐར་འབུམ།

 [ནང་དོན་གནད་བསྡུས] རྩོམ་ཡིག་འདིར་བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་སྟངས་

དང་ཡུལ་ལུང་འགའི་གྲངས་བགྲངས་སྐབསཀྱི་སྒྲ་གདངས་སྐོར་ལ་དཔྱད་བརྗོད་ཕྲན་བུ་ཞིག་སྤེལ་ཡོད།

[བརྡ་ཆད་གཙོ་བོ།] གྲངས་ཀ  མཚམས་སྦྱོར།  སྒྲ་གདངས།

གླེང་གཞི།

དེ་ཡང་བརྡ་སྤྲོད་རིག་པའི་གཞུང་ལ་སློབ་དཔོན་ཐུ་མི་ནས་བརྒྱུད་ལོ་ཙཱ་བ་ལྕེ་ཁྱི་འབྲུག་གི་གནས་བརྒྱད་ཆེན་མོ་ལོ་ཙཱའི་གཞུང་ལུགས་ཀྱི་ཐོག་མདང་། པཎྚིཏ་དྲན་པའི་ཡེ་ཤེས་གྲགས་པའི་སྨྲ་སྒོ་མཚོན་ཆ། དཔང་ལོ་ཙཱ་བའི་ཚོགས་གསུམ་གསལ་བ། ས་སྐྱ་བསོད་ནམས་རྩེ་མོའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་དང་ས་པཎ་གྱིས་མཛད་པའི་དེའི་འགྲེལ་བ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་མཁས་དབང་མང་པོས་མཛད་པའི་གཞུང་ལུགས་རི་བོའི་གཏོས་དང་མཉམ་པ་ཡོད་ལ། མཁས་པ་སྔ་མ་དག་གི་གསུང་གི་ལེགས་ཆ་འདུས་ཤིང་གཞུང་དོན་ལ་དཔྱོད་པའི་སྒོ་མང་དུ་འབྱེད་པའི་ལེགས་བཤད་ཀྱི་ལྡེ་མིག་ལྟ་བུར་ཡོངས་སུ་གྲགས་ཤིང་གྲུབ་པའི་པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱི་སུམ་ཅུ་པའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན་དང་། སི་ཏུ་པཎ་ཆེན་གཙུག་ལག་ཆོས་ཀྱི་སྣང་བའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་གཉིས་དང་། དེ་བཞིན་དེ་དག་གི་རྗེས་སུ་འབྲང་པའི་གཞུང་མང་པོ་ཡོད་པ་ལས་དཀའ་བའི་གནས་ཉུང་ངུའི་ཚིག་གིས་མཚོན་པའི་གཞུང་དམ་པ་སྟེ། ཨཀྱཱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིརྟགས་འཇུག་འགྲེལ་བ་རབ་གསལ་སྣང་བདང་རྣམ་དབྱེ་བྱ་བྱེད་སོགས་ཀྱི་དཀའ་གནད་གསལ་གསལ་བའི་མེ་ལོང་དང་། བདག་གཞན་བྱ་བྱེད་ལས་གསུམ་ཉུང་གསལ་འཕྲུལ་གྱི་ལྡེ་མིག་ལྟ་བུ་མང་དུ་མཆིས་པས། བོད་ཀྱི་བརྡ་སྤྲོད་རིག་པའི་གནད་གང་དང་གང་ཡིན་རུང་སྔོན་བྱོན་མཁས་པའི་གཞུང་གི་དགོངས་པར་གཏུག་ན་ཐག་གིས་མ་ཆོད་པ་མེད་ལ་མ་འགྲིག་པ་ཡང་མེད་སྙམ་སྟེ། ཇི་སྐད་དུ། ཕན་སེལ་རིན་ཆེན་ལ་བལྟ་ཡི༎མགལ་དུམ་ལ་ནི་སུ་ཞིག་དཔྱོད༎ཅེས་པ་བཞིན་ནོ༎ཡིན་ཡང་བོད་ཀྱི་གྲངས་བགྲང་ཚུལ་སོགས་གྲངས་ཀྱི་སྐོར་ལ་མཚོན་ན། རྒན་དཔའ་རིས་སངས་རྒྱས་ལགས་ཀྱི་དག་ཡིག་རིག་པའི་གབ་པ་མངོན་ཕྱུང་དང་བརྡ་སྤྲོད་གསལ་བྱེད་ངག་སྒྲོནབརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལགཞན་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱི་བོད་རིག་པའི་བྱུང་བ་དང་འབྱུང་འགྱུར་སྐོར་མདོ་ཙམ་བཤད་པལེགས་བཤད་ཚངས་པ་བཤད་པའི་བློ་གྲོས་ཀྱི་སྒྲ་རིག་པ་དང་བོད་ཀྱི་བརྡ་སྤྲོད་རིག་པའི་བར་གྱི་འབྲེལ་བའི་སྐོར་བཤད་པསོགས་ན་ཟུར་ཙམ་རེ་གླེང་ཡོད་པ་མ་གཏོགས་བརྡ་སྤྲོད་གཞུང་ལུགས་སྔ་མ་དག་ན་མཐོང་དཀོན་པའི་གནས་སུ་ལྷུང་ཡོད། རྗེས་ཀྱི་མཁས་པའི་གཞུང་ལས་རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་བོད་ཀྱི་གྲངས་ཚུལ་གྱི་སྐོར་ལ་འཛིན་བདེ་ཕྱིར་ཚིགས་བཅད་ཤོ་ལོ་ཀ་དྲུག་དང་ཕྱེད་ཀ་གསུང་ཡོད་པ་དེ་ནི་རྩ་ཆེ་བའི་ལེགས་བཤད་དུ་སྣང་། ཡིན་ཡང་དེ་རུ་འདིར་བཤད་པར་བྱ་བ་ཡི་ཀྱི་ཉེར་སོ་ཞེ་སོགས་ལདེ་ལ་བཅུ་གནས་སླ་བྲིས་སུ།།ཉེར་གཅིག་སོ་གཉིས་ཞེ་གསུམ་དང་།།ང་བཞི་རེ་ལྔ་དོན་དྲུག་དང་།།གྱ་བདུན་གོ་བརྒྱད་ཅེས་པར་བྱ ཞེས་མིང་ཙམ་མ་གཏོགས་དེ་དག་རེ་རེ་བཞིན་ཇི་ལྟར་ཐོན་ཚུལ་གསུང་མེད་པ་དང། རྒན་ཉན་ཤུལ་ལགས་ཀྱིས་ཀྱང་བོད་ཡིག་གི་གྲངས་ཚིག་བསྡུས་ཚུལ་ཞེས་སྟབས་བདེ་པོ་ཞིག་ལས་གསུང་མེད། ལེགས་བཤད་ཚངས་པ་བཞད་པའི་བློ་གྲོས་སམ་བློ་བཟང་བློ་གྲོས་ཀྱིས་ལེགས་སྦྱར་གྱི་བརྡ་སྤྲོད་ལ་གཏུག་ནས་བསྒྲུབ་ཡོད་ཀྱང་ལེགས་སྦྱར་གྱི་བརྡ་སྤྲོད་དང་འགལ་བའམ་སྐྱོན་འབབ་པའི་ཆ་དུ་མ་སྣང་བས། སྔ་མ་གཉིས་ཀྱི་ཁ་གསབ་དང་ཕྱི་མའི་སྐྱོན་སེལ་གྱི་ཚུལ་དུ་བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་སྟངས་ཅུང་ཞིབ་མོའི་ཚུལ་དང་། ཡུལ་ལུང་འགའི་གྲངས་བགྲང་སྐབས་ཀྱི་སྒྲ་གདངས་ཅུང་རགས་པའི་ཚུལ་གྱིས་བཤད་པ་འདིས་བོད་ཀྱི་རིག་གནས་སྦྱང་མཁན་དག་ལ་ཕན་ཅུང་ཟད་ཐོག་ན་སྙམ་པའི་བློ་དང་ཀུན་སློང་རྣམ་དག་གིས་རྣམ་པར་བསྐུལ་བས་ཕྲན་གྱིས་འདིར་རང་རེའི་རིག་གཞུང་རྒྱ་མཚོའི་རླབས་ཕྲེང་ལས་ཆུ་ཐིགས་ཀྱི་་ཟེགས་མའི་ཡང་ཟེགས་མ་ཙམ་ཞིག་ཟུར་དུ་སྤྲས་པའོ༎

དང་པོ།  བོད་ཀྱི་གྲངས་བགྲང་ཚུལ་འགའི་མཚམས་སྦྱོར་ཚུལ་བཤད་པ།

གཤམ་ནས་གླེང་བར་བྱ་བའི་དོན་འདི་ལ་རྒན་དཔའ་རིས་སངས་རྒྱས་ལགས་ཀྱིས་སླ་བྲིས་ཞེས་སུ་གསུང་ཡོད་ལ་རྒན་ཉན་ཤུལ་ལགས་ཀྱིས་བསྡུས་ཚུལ་ཞེས་གསུང་ཡོད། ཡིན་ཡང་འདི་ལ་སླ་བྲིས་དང་བསྡུས་ཚུལ་ཞེས་བཏགས་ན་དོན་དང་མི་གནས་པར་སྣང་སྟེ། དེ་ནི་གཉིས་བཅུ་གཉིས་གཅིག་དང་སུམ་ཅུ་གསུམ་གཉིས་ལྟ་བུ་ཞིག་བསྡུས་པའམ་སླ་བྲིས་བྱས་པ་ཞིག་མ་ཡིན་པར་ཡི་གེའི་སྒྲ་གཟུགས་མཚམས་སྦྱར་ནས་བརྗོད་བདེ་བ་དང་བརྗོད་མྱུར་བའི་ཕྱོགས་སུ་འཕེལ་བ་ཞིག་ཡིན་པའི་ཕྱིར་དང་། སྟག་ཚང་ལོ་ཙཱ་བའི་རིག་གནས་ཀུན་ཤེས་ལས་སྒྲ་རིག་པ་བཤད་པའི་སྐབས་སུ་ཡང་། ཡི་གེ་དབྲི་དང་བསྣན་དང་བསྒྱུར་བ་དང་། །ཚིག་གི་རྣམ་དབྱེ་སོགས་ཀྱི་རྣམ་འགྱུར་རོ། །ཞེས་པ་དང་། དབྱངས་ཅན་སྒྲ་མདོར། གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་ནི་དབྱིའོ། །ཡི་གེ་མི་མཐོང་པ་ཕྱིས་པའོ། །ཡི་གེ་རྣམ་པར་འགོག་པ་ནི་དབྱི་བ་ཙམ་མོ། ། གཉེན་དང་འདྲ་བ་ནི་ཨཱ་ག་མའོ། །དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ། །ཞེས་གསུངས་པ་བཞིན། བོད་རང་གི་བརྡ་སྤྲོད་པའི་ཆོས་ཉིད་དང་མཐུན་ཞིང་བརྗོད་བདེ་བའི་ཕྱིར་སྔོན་རྗེས་མིང་གཞི་གསུམ་ལ་སྣོན་འཕྲི་བསྒྱུར་གསུམ་བྱས་ནས་ད་གཟོད་ཉེར་དང་སོ་དང་ཞེ་དང་ང་སོགས་གྲུབ་པར་སྙམ་པས། ཕྲན་གྱིས་འདི་ལ་མཚམས་སྦྱོར་ཞེས་སུ་བཏགས་ནས་བཤད་པར་བྱའོ། །

གཅིག  བཅོ་ལྔ་དང་བཅོ་བརྒྱད་ཅེས་པ་ཇི་ལྟར་ཐོན་ཚུལ།

བཅོ་ལྔ་དང་བཅོ་བརྒྱད་ལ་སྤྱིར་བཅུ་ལྔ་དང་བཅུ་བརྒྱད་ཅེས་ཀློག་ན་འགྲིག་པར་སྣང་མོད། དེ་ལྟར་མི་ཀློག་པར་བཅོ་ལྔ་དང་བཅོ་བརྒྱད་ཅེས་ཀློག་ལ་ཡིག་ཆ་འགའ་རེའི་ནང་བཅྭོ་ལྔ་དང་བཅྭོ་བརྒྱད་ཅེས་སུ་བྲིས་པ་དེ་ཡང་སྙིང་ཇི་ལྟར་ཐོན་པ་ཡིན་ཞེ་ན། ཚུ་རོལ་ལ་བཅུ་གནས་ཀྱི་མིང་གི་བཅུ་ཞེས་པའི་རྟགས་བཞག ཕ་རོལ་ལ་གཅིག་གནས་ཀྱི་མིང་གི་ལྔ་ཞེས་པའི་ཚིག་གྲོགས་སྦྱར་ཏེ་སྒྲས་རི་མོས་བསྒྲུབ་ན། ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་བཅུའི་མིང་གཞི་ཅུ་ཡི་སྲོག་གི་དབྱངས་ཨུ་ཕྲལ། ཅ྄་སྲོག་མེད་ཡིན་པས་ཧ་ལཱན྄་ཏས་མཚོན་པས། བཅ྄ཨུ་ཞེས་གྲུབ། དེ་བཞིན་ཕ་རོལ་ལྔའི་སྲོག་གི་དབྱངས་ཨ་ཡང་ཀ་ལཱ་པར་རིམ་པ་ལས་མ་འདུས་པར་ཕྲལ་བར་བྱའོ་ཞེས་ཕྲལ་བས་ལ྄ང྄ཨ་ཞེས་གྲུབ་ལ། ང྄་དབ་ལ྄་རེ་རེ་བཞིནའགོག་པའི་དོན་གྱིས་ཕྱིས་པས་ཕ་རོལ་ན་ཨ་གཅིག་པུ་ལྷག  ཚུ་རོལ་ན་བཅ྄ཨུ་དང་། ཕ་རོལ་ཨའོ།། ཚུ་རོལ་ལ་དབྱངས་ཨུ་དང་ཕ་རོལ་ལ་རང་དང་མཚུངས་པ་མ་ཡིན་པའི་དབྱངས་གཞན་བྱུང་ཚེ། དབྱངས་ཅན་སྒྲ་མདོར་ཨུ་ཝ྄འོ་ཞེས་དང་། ཀ་ལཱ་པའི་མདོར་ཨུའི་ཡི་གེར་ཝ྄འོ་ཞེས་ཝ྄་སྲོག་མེད་དུ་འགྱུར་ལ། དེ་ནས་རིམ་བཞིན་དབྱངས་ཅན་སྒྲ་མདོར། དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་པའམ། ཀ་ལཱ་པར། གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པ་བཞིན་རིམ་བཞིན་ཕ་རོལ་ལ་སྦྱོར་བའམ་དྲང་ན་བཅྭ་ཞེས་གྲུབ། དེ་ལ་སྣར་ཐང་ལོ་ཙཱ་པས། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་བཞིན་བཀླགས་པས་བཅོ་ལྔ་ལ་འགྱུར་བ་ཡིན་ལ། བཅོ་བརྒྱད་ཀྱང་དེ་བཞིན་ནོ། །

གཉིས། ཉི་ཤུ་ཞེས་པ་ཇི་ལྟར་ཐོན་ཚུལ།

ཉི་ཤུ་ལ་སྤྱིར་བཏང་ཉིས་ཅུའམ་གཉིས་བཅུ་ཟེར་དགོས་པ་ལས་ཉི་ཤུ་ཟེར་བ་མི་ཐོན་པར་སྣང་ལ། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་སྐད་གསར་བཅད་བྱེད་སྐབས་ཉི་ཤུ་ལ་གཉིས་བཅུ་དང་སུམ་ཅུ་ལ་གསུམ་བཅུ་སོགས་སོ་སོར་གཏན་ལ་ཕབ་ཀྱང་། དེ་མ་དར་པར་ཉི་ཤུ་དང་སུམ་ཅུ་ཞེས་སུ་དར། འོ་ན་དེ་ཇི་ལྟར་ཐོན་པ་ཡིན་ནམ་ཟེར་ན། གཉིས་ཀྱི་མིང་གཞིའི་ཡི་གེ་ཉི་སོར་བཞག་བྱས་ཤིང་།  སྔོན་འཇུག་ག་འགོག་པའི་དོན་དང་རྗེས་འཇུག་ས་རྗེས་འབྲེལ་གྱིས་དབྱི་བས་ཚུ་རོལ་ན་ཉི་དང་། དེའི་ཕ་རོལ་ལ་ལེགས་སྦྱར་གྱི་བཅུའི་སྐད་དོད་དཤན྄་ཞེས་པའི་ཚིག་གྲོགས་སྦྱར། དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། དེ་ནས་ཀ་ལཱ་པའི་ལུང་གིས་སིའི་སྲོག་གི་དབྱངས་ཨི་ཕྲལ་བས་ས྄་རུ་གྱུར། ཨི་བརྗོད་དོན་གྱིས་དབྱི། ན྄་གནས་དོན་ཡིན་པས་ཕྱིས་པས། ཉིདཤས྄་ཞེས་སུ་གྲུབ། ས྄་ཡང་དབྱངས་ཅན་སྒྲ་མདོར། ས྄ར྄་དག་གི་རྣམ་བཅད་དོ་ཞེས་རྣམ་བཅད་ལ་བསྒྱུར་པས་ཉིདཤཿཞེས་སུ་གྲུབ། དེ་ཚུ་རོལ་བྱས་ཏེ་དེའི་ཕ་རོལ་ལ་གཅིག་གཉིས་གསུམ་བཞི་སོགས་དགུའི་བར་གྱི་ཚིག་གྲོགས་གང་རུང་ཞིག་སྦྱར་ཚེ།  རྣམ་བཅད་ཀྱི་མཚམས་སྦྱོར་སྐབས་སུ། ཚིག་མཐའི་རྣམ་བཅད་ཀྱི་ཕ་རོལ་ལ་སྒྲ་ལྡན་གྱི་ཡི་གེ་ཉི་ཤུའམ་ཧ་བའི་ཡི་གེ་སྟེ། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ་བཅས་ལས་གང་རུང་ཞིག་བྱུང་ཚེ། ཚུ་རོལ་གྱི་རྣམ་བཅད་ཨུ་ལ་འགྱུར་ཏེ། ཚུ་རོལ་ལ་ཉིདཤཿདང་། ཕ་རོལ་ལ་གཅིག(གཅིག་ནས་དགུའི་བར་གྲངས་གང་རུང་གིས་ཚིག་གྲོགས་སྦྱར་རུང་སྔོན་འཇུག་དང་མགོ་ཅན་ནི་ཧ་བའི་ཡི་གེར་གཏོགས།)ཅེས་པའི་ཚིག་གྲོགས་སྦྱར། དབྱངས་ཅན་སྒྲ་མདོར། ཧ་བ་ལའོ། །ཞེས་ཚུ་རོལ་གྱི་རྣམ་བཅད་ཨུ་བསྒྱུར་བས་ཉིདཤཨུ་ཞེས་སུ་གྲུབ། དེ་ནས་ཀ་ལཱ་པའི་མདོས་ཤ་ཡི་སྲོག་གི་དབྱངས་ཨ་ཕྲལ་བས་ཉིདཤ྄ཨཨུ་རུ་འགྱུར། ཨ་བརྗོད་དོན་གྱིས་དབྱི། ཤ྄་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱར་བས་ཉིདཤུ་ཞེས་གྲུབ།(ས་ཆ་འགའ་རེར་ཉི་ཤུ་ལ་ཉིད་ཤུ་ཟེར་བའང་གནད་འདི་ནས་ཐོན་པ་མིན་ནམ་སྙམ་ནས་ཡ་མཚར་སྐྱེས།) དེའང་ད་སྔོན་འགྲོའི་དབང་གིས་དང་དེའི་སྲོག་གི་ཨ་བརྗོད་དོན་གྱི་དབང་གིས་དབྱི་ཞིངཤུ་སོར་བཞག་བྱས་པས་ཉི་ཤུ་ཞེས་གྲུབ་པའོ། །

གསུམ། ཉི་ཤུའི་གྲངས་ལ་ཉེར་ཞེས་པ་ཇི་ལྟར་ཐོན་ཚུལ།

  དེ་ཡང་གཉིས་གཅིག་གཉིས་གཉིས་སམ་ཉིས་གཅིག  ཉིས་གཉིས་ཞེས་སུ་མི་བརྗོད་པར་རྩ་གཅིག་རྩ་གཉིས་སམ་ཉེར་གཅིག ཉེར་གཉིས་སོགས་སུ་བརྗོད་པའི་ཉེར་ཞེས་པ་ཇི་ལྟར་ཡོང་ཞེ་ན། སྒྲུབ་ཚུལ་དང་པོ། དེ་ནི་ཀ་ལཱ་པའི་ལུང་གིས་གཉིས་ཞེས་པའི་སྔོན་འཇུག་ག་ཡི་སྲོག་གི་དབྱངས་ཨ་ཕྲལ་བས་ག྄་སྲོག་མེད་དུ་འགྱུར། ག྄་ཆེད་དོན་ཡིན་པས་དབྱི། དེ་ནས་ཚུ་རོལ་གྱི་ཨ་དང་ཕ་རོལ་གྱི་ཉི་ཡི་སྲོག་གི་དབྱངས་ཨི་གཉིས་ཨ་ཨི་ལ་ཨེའོ་ཞེས་མཚམས་སྦྱར་བས་མིང་གཞིའི་ཡི་གེ་ཉི་ཡི་དབྱངས་ཉེ་རུ་འགྱུར། ས྄་དང་ར྄་ནི་བྱིངས་དང་མིང་གི་མཐར་ས྄ར྄་དག་གི་རྣམ་བཅད་དོ་ཞེས་ཉེཿགྲུབ། ཉེཿཡི་རྗེས་སུ་གཅིག་ནས་དགུའི་དབར་གྱི་གྲངས་གང་རུང་ཞིག་སྦྱར་བའི་ཚེ། ཚུ་རོལ་ནི་ནཱ་མིའི་མཐའི་རྣམ་བཅད་ཡིན་ཏེ། རྣམ་བཅད་མདུན་གྱི་དབྱངས་ཨེ་ཡིན་པས་ཕྱིར། ཕ་རོལ་ནི་ཨ་བའི་ཡི་གེ་ལ་གཏོགས་ཏེ། གཅིག་ནས་དགུའི་བར་གྱི་གྲངས་ཀ་ཚང་མའི་སྔོན་འཇུག་དང་མགོ་ཅན་ནི་ཨ་བའི་ཡི་གེ་ལ་འདས་པས་ན། ནཱ་མི་ལས་ཕ་རོལ་གྱི་རྣམ་བཅད་ཨ་བའི་ཡི་གེ་ཕ་རོལ་་ར་ཡིག་ཏུ་འགྱུར་ཚུལ་ཡོད་པས། དབྱངས་ཅན་སྒྲ་མདོ་ལས། ནཱ་མི་ལས་ར྄འོ་ཞེས་ཉེར་གྲུབ་ལ། ཉེར་གཅིག་ཉེར་གཉིས་སོགས་སོ། །གོང་གི་སྒྲུབ་ཚུལ་དེ་སྤྱིར་སྟབས་བདེ་ཞིང་སྒྲུབ་སླ་བར་སྣང་ཡང་སྐྱོན་ཡོད་དེ། ཀ་ལཱ་པའི་ལུང་གིས་གཉིས་ཞེས་པའི་སྔོན་འཇུག་ག་ཡི་སྲོག་གི་དབྱངས་ཨ་ཕྲལ་བས་ག྄་སྲོག་མེད་དུ་འགྱུར། ག྄་ཆེད་དོན་ཡིན་པས་དབྱི་ཚེ། ཚུ་རོལ་ན་ཨ་དང་དེའི་ཕ་རོལ་ཉི་ཡིན་པས་ཐད་ཀར་མཚམས་སྦྱོར་ཐབས་མེད། དེ་བས་ཉི་སྲོག་གི་དབྱངས་ཨི་ཡང་ཀ་ལཱ་པའི་ལུང་གིས་ཕྱིས་ཚེ། ཨཉ྄ཨིསཞེས་གྲུབ། དེའི་ཨ་དང་ཨི་གཉིས་མཚམས་སྦྱོར་ཐབས་མེད་དེ། དེ་གཉིས་ཀྱི་དབར་ན་ཉ྄་ཡོད་པའི་ཕྱིར། ཉ྄་ཕྱིས་ནས་མཚམས་སྦྱར་བ་ཡིན་ན། ཨེ་དང་ས་ལས་མི་ལྷག་སྟེ། ཕྱིས་པ་སླར་མཚམས་སྦྱོར་བ་མ་ཡིན་ནོ། །དེ་བས་ན་ཉེ་ཞེས་པ་ཡོང་ཐབས་མེད་དོ། །དེ་བས་སྒྲུབ་ཚུལ་གཉིས་པ་སྟེ་གཤམ་གསལ་ལྟར་བསྒྲུབ་ན་འགྲིག་པར་སྣང་སྟེ། གཉིས་ཀྱི་སྔོན་འཇུག་ག་གོང་བཞིན་ཕྱིས། དེའི་སྲོག་གི་དབྱངས་ཨ་ཡང་བརྗོད་དོན་གྱིས་ཕྱིས། དེ་ནས་མིང་གཞི་ཉི་ཡི་སྲོག་གི་དབྱངས་ཨི་ཡང་ཀ་ལཱ་པའི་ལུང་གིས་ཕྲལ་བར་བྱེད་པ་དང་། རྗེས་འཇུག་ས་ཡི་སྲོག་གི་དབྱངས་ཨ་ཡང་ཕྲལ་རྗེས། ས྄་འགོག་པའི་དོན་གྱིས་ཕྱིས་ཚེ། ཉ྄ཨིཨཞེས་གྲུབ། དེ་ལ་དབྱངས་ཅན་སྒྲ་མདོ་ལས་དབྱངས་ལ་ཨི་ཡ྄འོ་ཞེས་པའི་མདོ་བྱིན་ཚེ། ཉ྄ཡ྄ཨ་གྲུབ། རིམ་བཞིན་དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་ཨ་ཡི་ཐོག་ལ་དྲངས་ཚེ། ཉྱ་གྲུབ། དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། དེ་ནས་ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་སིའི་སྲོག་གི་དབྱངས་ཨི་ཕྲལ། དེ་ཡང་བརྗོད་དོན་གྱིས་ཕྱིད་ཚེ། ཉྱས྄གྲུབ། དེ་ལས་ས྄་གོང་གི་སྒྲུབ་ཚུལ་དང་པོ་བཞིན་ར་ལ་བསྒྱུར་པས་ཉྱར་ཞེས་གྲུབ། དེ་ཡང་སྣར་ཐང་ལོ་ཙཱ་པས། ཡ་བཏགས་ཕལ་ཆེར་འགྲེང་བུ་ནི། །ཡའི་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་བཞིན་བོད་དང་མཐུན་པར་བཀླགས་པས་ཉེར་ཞེས་ཐོན་པར་སྙམ།

བཞི། སུམ་ཅུའི་གྲངས་ལ་སོ་ཞེས་པ་ཇི་ལྟར་ཐོན་ཚུལ།

སུམ་གཅིག་གམ་གསུམ་གཅིག་སོགས་སུ་མི་བརྩི་བར་སོ་གཅིག་སོ་གཉིས་སོགས་སུ་བརྩི་བ་ལ་ཡང་སྒྲུབ་ཚུལ་གཉིས་ཏེ། དང་པོ། གོང་བཞིན་ཀ་ལཱ་པའི་ལུང་གིས་གསུམ་གྱི་སྔོན་འཇུག་ཡི་གེ་ག་ཡི་སྲོག་གི་དབྱངས་ཨ་ཕྲལ་པས་ག྄་སྲོག་མེད་དུ་གྱུར། ག྄་ཆེད་དོན་གྱིས་ཕྱིས།  དེའི་སྲོག་གི་དབྱངས་ཨ་དང་མིང་གཞིའི་ཡི་གེ་སུ་ཡི་སྲོག་གི་དབྱངས་ཨུ་གཉིས་མཚམས་སྦྱར་བས་ཨུ་ལ་ཨོའོ་ཞེས་ཨོ་རུ་འགྱུར་ཞིང་། དེ་ས྄་ཡི་སྲོག་ཏུ་ཞུགས་པས་སོ་རུ་གྲུབ་ཡིན་ཞེས་བཤད་ན་གོང་དང་གཅིག་མཚུངས་ཀྱི་སྐྱོན་འབབ་བོ། །གཉིས་པ།  ཀ་ལཱ་པའི་ལུང་གིས་གསུམ་ཞེས་པའི་མིང་གཞི་སུ་ཡི་སྲོག་གི་དབྱངས་ཨུ་ཕྲལ། ས྄་སྲོག་མེད་དུ་གྱུར། དེ་བཞིན་རྗེས་འཇུག་མ་ཡི་སྲོག་གི་དབྱངས་ཨ་ཕྲལ་ནས་ཨུ་ཝ྄འོ་ཞེས་པའི་མདོ་བྱིན་ཏེ་མཚམས་སྦྱར་ན་ཨུ་ཡིག་ཝ྄་རུ་འགྱུར།  མ྄་ཆེད་དོན་གྱིས་ཕྱིས་རྗེས་ཝ྄་དང་ས྄་རིམ་བཞིན་ཕ་རོལ་གྱི་ཨའི་སྟེང་ལ་དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེསདྲངས་པས་སྭ་ཞེས་གྲུབ། དེ་ནས་སྔོན་འཇུག་ག་ཡི་སྲོག་གི་དབྱངས་ཨ་ཕྲལ། ག྄་ཆེད་དོན་གྱིས་ཕྱིས། ཨ་བརྗོད་དོན་གྱིས་དབྱི་བས་སྭ་གཅིག་པུ་ལྷག དེ་ཡང་སྣར་ཐང་ལོ་ཙཱ་བས། ཝ་བཏགས་ཕལ་ཆེར་ན་རོ་སྟེ། །ཝ་སྒྲ་ཅུང་ཟད་ལྡན་པར་བཀླག །ཅེས་པ་བཞིན་བོད་ཀྱི་སྐད་ལ་བདེ་བར་བཀླགས་པས་སོ་ཞེས་གྲུབ་པར་སྣང་།

ལྔ།  བཞི་བཅུའི་གྲངས་ལ་ཞེ་ཞེས་པ་ཇི་ལྟར་ཐོན་ཚུལ།

བཞི་གཅིག་བཞི་གཉིས་ཞེས་སུ་མི་བརྩི་བར་ཞེ་གཅིག་ཞེ་གཉིས་སོགས་སུ་བརྩི་བ་ནི། བཞི་ཡི་སྔོན་འཇུག་བ་ཡི་སྲོག་གི་དབྱངས་ཨ་ཕྲལ་པས་བ྄་སྲོག་མེད་དུ་གྱུར། བ྄་ཆེད་དོན་གྱིས་ཕྱིས། དེའི་སྲོག་གི་དབྱངས་ཨ་དང་ཕ་རོལ་ཞི་ཡི་སྲོག་གི་དབྱངས་ཨི་གཉིས་མཚམས་སྦྱར་བས་ཨ་ཨི་ལ་ཨེའོ་ཞེས་ཨེ་རུ་འགྱུར་བས་ཞེ་གྲུབ་ཟེར་ན་གོང་བཞིན་སྐྱོན་འབབ་བོ། །དེ་བས་བཞི་བཅུ་ཞེས་པའི་བཞི་དང་བཅུ་ཞེས་པའི་སྔོན་འཇུག་བ་བླངས་རྗེས། བཞི་ཡི་སྔོན་འཇུག་བ་ཡི་སྲོག་གི་དབྱངས་ཨ་ཕྲལ་པས་བ྄་སྲོག་མེད་དུ་གྱུར། བ྄་ཆེད་དོན་གྱིས་ཕྱིས། དེའི་སྲོག་གི་དབྱངས་ཨ་དང་ཕ་རོལ་ཞི་ཡི་སྲོག་གི་དབྱངས་ཨི་གཉིས་མཚམས་སྦྱར་བས་ཨ་ཨི་ལ་ཨེའོ་ཞེས་ཨ་དང་ཨི་གཉིས་ལྷན་ཅིག་ཏུ་ཨེ་རུ་འགྱུར། དེ་ནས་ཕ་རོལ་བ་ཡི་སྲོག་གི་དབྱངས་ཨ་ཕྲལ། བ྄་ཡང་ཆེད་དོན་གྱིས་ཕྱིས་པས་ཨེཞ྄ཨ་ལྷག ཞ྄་དབྱངས་ཀྱིས་དམན་པས་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་ཨ་ཡི་སྲོག་ཏུ་ཞུགས་པས་ཨེཞ་གྲུབ། ཡང་ཨེ་ཨཡ྄འོ་ཨེ་དེ་ཨཡ྄་རུ་བསྒྱུར། ཨ་བརྗོད་དོན་གྱིས་ཕྱིས། ཡ྄་དབྱངས་ཀྱིས་དམན་པས་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་ཞ་ཡི་ཐོག་ཏུ་དྲངས་པས་ཞྱ་གྲུབ། དེ་ཡང་སྣར་ཐང་ལོ་ཙཱ་བས། ཡ་བཏགས་ཕལ་ཆེར་འགྲེང་བུ་ནི།། ཡའི་སྒྲ་ཅུང་ཟད་ལྡན་པར་བཀླགཅེས་པ་བཞིན་བོད་ཀྱི་སྐད་ལ་བདེ་བར་བཀླགས་པས་ཞེ་ཞེས་གྲུབ་པ་མིན་ནམ་སྙམ།

དྲུག  ལྔ་བཅུའི་གྲངས་ལ་ང་ཞེས་པ་ཇི་ལྟར་ཐོན་ཚུལ།

          ལྔ་གཅིག་ལྔ་གཉིས་སོགས་སུ་མི་བརྩི་བར་ང་གཅིག་ང་གཉིས་སོགས་སུ་བརྩི་བ་ནི་ཤིན་ཏུ་སླ་སྟེ།  ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་ལྔ་ཡི་སྲོག་གི་དབྱངས་ཨ་ཕྲལ་བས། ལ྄ང྄ཨཞེས་གྲུབ།  དེ་སྒྲ་མདོ་ལས་དབྱངས་བར་ན་མེད་པའི་ཧ་ས་རྣམས་ནི་ཡང་དག་པར་སྦྱོར་བའོ་ཞེས་སྦྱར་བས་ལྔ་གྲུབ་པ་ཡིན། དེ་ལས་ལ྄་གནས་དོན་གྱིས་ཕྱིས་ཤིང་། ང྄་དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་ཨ་ཡི་ཐོག་ལ་དྲངས་པས་ང་གྲུབ་པའོ། །

བདུན།   དྲུག་ཅུའི་གྲངས་ལ་རེ་ཞེས་པ་ཇི་ལྟར་ཐོན་ཚུལ།

       རེ་གཅིག་རེ་གཉིས་ཞེས་པའི་རེ་ནི་མིང་དང་རྐྱེན་གྱི་བར་དང་བྱིངས་དང་རྐྱེན་གྱི་བར་གློ་བུར་དུའམ་གསར་དུ་རྐྱེན་ཨཱ་ག་མ་ཞིག་བསྣན་ནས་སྔ་ཕྱི་མཚམས་སྦྱོར་བ་དང་བརྗོད་བདེ་བ་ལ་ཕན་འདོགས་གྲོགས་བྱེད་ཀྱི་ཚུལ་དུ་གཉེན་དང་འདྲ་བ་ནི་ཨྰ་ག་མའོ་ཞེས་རྐྱེན་གློ་བུར་བ་ཞིག་གིས་འགྱུར་བ་ཡིན་ལ། ཨཱ་ག་མ་ཡིན་ན་བར་རྐྱེན་ཡིན་པས་མ་ཁྱབ་པས་ཕྱི་རྐྱེན་ཡང་ཡིན་རུང་། དེ་ཡང་དྲུག་ཅེས་པ་ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་ད྄རུག་གྲུབ། ད྄་གནས་དོན་གྱིས་ཕྱིས།  རུ་ཡི་སྲོག་གི་དབྱངས་ཨུ་ཕྲལ་བས་ར྄་རུ་འགྱུར། ཨུ་བརྗོད་དོན་གྱིས་དབྱི། རྗེས་འཇུག་ག་ཡི་སྲོག་གི་དབྱངས་ཨ་ཕྲལ་རྗེས་ཆེད་དོན་དང་བརྗོད་དོན་གྱིས་ཕྱིས་པས་ར྄་གཅིག་པུ་ལྷག  དེ་ལ་ཕྱི་རྐྱེན་ཨེ་ཨཱ་ག་མ་ཞིག་བྱིན་ཏེ་ཕ་རོལ་ཏུ་ཡང་དག་པར་སྦྱར་བས་རེ་གྲུབ་པ་མིན་ནམ་སྙམ་ཡང་ད་དུང་དཔྱད་རིགས།  ཡང་ན། དེ་འདི་ལྟར་སྒྲུབ་རིགས་ཏེ། ཀ་ལཱ་པའི་ལུང་གིས་དྲུག་གི་མིང་གཞི་དྲུ་དང་རྗེས་འཇུག་ག་ཡི་སྲོག་གི་དབྱངས་སོ་སོར་ཕྲལ་བས། ད྄ར྄ཨུག྄ཨ་ཞེས་གྲུབ། དེའི་ད྄་དང་ཨུ་དང་ག྄་དང་ཨ་བཅས་རེ་རེ་བཞིན་གནས་དོན་དང་བརྗོད་དོན་གྱིས་ཕྱིས་པས་ར྄་གཅིག་པོ་ལྷག དེ་ལ་རྣམ་དབྱེ་བཞི་པའི་གཅིག་ཚིག་ངེ་བྱིན། ངེའི་སྲོག་གི་དབྱངས་ཨེ་ཕྲལ་རྗེས་ང྄་གནས་དོན་གྱིས་ཕྱིས་ཚེ། ར྄ཨེ་གྲུབ། དབྱངས་ཀྱིས་དམན་པ་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་ཞེས་ར྄་སྲོག་མེད་ཨེ་ལ་དྲངས་པས་རེ་གྲུབ་པ་ཡིན་ཞེས་ཀྱང་བརྗོད་རིགས་སྙམ་མོ། །

བརྒྱད།  བདུན་ཅུའི་གྲངས་ལ་དོན་ཞེས་པ་ཇི་ལྟར་ཐོན་ཚུལ།

དེ་ཡང་གོང་བཞིན་བདུན་གྱི་སྔོན་འཇུག་བ་ཡི་སྲོག་གི་དབྱངས་ཨ་ཕྲལ། བ྄་འགོག་པའི་དོན་གྱིས་ཕྱིས། ཨ་དང་ཕ་རོལ་གྱི་དུ་ཡི་སྲོག་གི་དབྱངས་ཨུ་དང་མཚམས་སྦྱར་བས་ཨུ་ལ་ཨོའོ་ཞེས་དོ་གྲུབ། ན་སོར་བཞག་བྱས་པས་དོན་གྲུབ་ཅེ་ན་གོང་བཞིན་ནོ། །དེ་བས་བདུན་གྱི་སྔོན་འཇུག་བ་ཡི་སྲོག་གི་དབྱངས་ཨ་ཕྲལ། བ྄་ཆེད་དོན་གྱིས་ཕྱིས། ཨ་བརྗོད་དོན་གྱིས་དབྱི་བས་དུན་གྲུབ། ཨུཝ྄འོ་ཞེས་དུ་ཡི་སྲོག་གི་དབྱངས་ཨུ་ཝ྄་རུ་བསྒྱུར་བས་ད྄ཝ྄ན་གྲུབ། དེ་ནས་ན་ཡི་སྲོག་གི་དབྱངས་ཨ་ཕྲལ་ཏེ་ཝ྄དང་ད྄་རིམ་བཞིན་ཨའི་ཐོག་དྲངས་པས་དྭན྄་ཞེས་གྲུབ། ན྄་རྗེས་སུ་ང་རོར་བསྒྱུར་བས་དྭཾ་གྲུབ། དེ་ཡང་སྣར་ཐང་ལོ་ཙཱ་བས།རྗེས་སུ་ང་རོ་སྡེ་པ་ལ།།རང་རང་སྡེ་པའི་ལྔ་པར་བཀླག། ཡ་སོགས་བརྒྱད་ལ་ང་རུ་བཀླག།ཡང་ན་སྡེ་ལྔའི་ཟླ་ལ་སྦྱར།།ཤད་ཀྱིས་ཆོད་ན་རང་ཉིད་བརྩི།།ཤད་མེད་ན་ནི་འགོ་མ་བརྩིཞེས་པ་དང་། ཝ་བཏགས་ཕལ་ཆེར་ན་རོ་སྟེ།།ཝ་སྒྲ་ཅུང་ཟད་ལྡན་པར་བཀླག།ཞེས་པ་བཞིན་དྭཾ་ཤད་ཀྱིས་ཆོད་པས་རང་སྡེའི་ལྔ་པ་ན་རུ་ཀློག་པའམ་ན྄་རྗེས་སུ་ང་རོར་མ་བསྒྱུར་བར་ན་རུ་ཀློག་པ་གང་རུང་བྱས་པ་དང་། ཝ་བཏགས་ན་རོ་བཞིན་ཀློག་པས་དོན་ཞེས་གྲུབ་པར་འདོད་ལ། མདོ་དབུས་ཁམས་གསུམ་གྱི་འབྲོག་ཁུལ་ཕལ་མོ་ཆེས་དོན་གཅིག་དོན་གཉིས་སོགས་ལ་དོང་གཅིག་དོང་གཉིས་ཞེས་བརྩི་བ་ཡང་དྭཾ་ཡི་ཕ་རོལ་ལ་གཅིག་གཉིས་སོགས་སྦྱར་ཚེ་ཤད་ཀྱིས་མ་ཆོད་པ་ཡིན་པས། ཤད་མེད་ན་ནི་འགོ་མ་བརྩི་ཞེས་ཕར་ཕྱོགས་ལ་གཅིག་གཉིས་གསུམ་སོགས་ཀྱི་སྔོན་འཇུག་ག་ཡོད་སྟབས་རང་སྡེའི་ལྔ་པ་ང་རུ་ཀློག་པ་དང་། བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅས་ལ་ཡང་ཀློག་སྟངས་སྔོན་མ་རྣམས་ཀྱི་ཤུགས་ཀྱིས་དོང་བཞི་དོང་ལྔ་སོགས་སུ་ཀློག་པ་མིན་ནམ་སྙམ་མོ། །

དགུ།   བརྒྱད་ཅུའི་གྲངས་ལ་གྱ་ཞེས་པ་ཇི་ལྟར་ཐོན་ཚུལ།

        བརྒྱད་གཅིག་བརྒྱད་གཉིས་སོགས་སུ་མི་བརྩི་བར་གྱ་གཅིག་གྱ་གཉིས་སོགས་སུ་བརྩི་བ་ཡང་ཤིན་ཏུ་སླ་སྟེ། བརྒྱད་ཀྱི་སྔོན་འཇུག་དང་མིང་གཞི། རྗེས་འཇུག་བཅས་རིམ་བཞིན་ཀ་པཱ་ལར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ཡིས་ཕྲལ་བས་བར྄ག྄ཡ྄ཨད྄ཨ་གྲུབ། དེ་ལས་བ྄་ར྄་ད྄་གསུམ་ཆེད་དོན་དང་རྗེས་འཇུག་དའི་སྲོག་གི་ཨ་བརྗོད་དོན་གྱིས་དབྱི་པས་ག྄ཡཨགྲུབ། མཐར་དབྱངས་ཀྱི་དམན་པས་ཕ་རོལ་ཏུ་ཡང་དག་པར་སྦྱོར་རོ་རིམ་བཞིན་ཕ་རོལ་ལ་དྲང་པས་གྱ་ཞེས་གྲུབ་པའོ། །

བཅུ།  དགུ་བཅུའི་གྲངས་ལ་གོ་ཞེས་པ་ཇི་ལྟར་ཐོན་ཚུལ།

      དེ་ཡང་སོ་དང་དོན་གྱི་སྒྲུབ་སྟངས་དང་པོ་ལྟར་ཨུ་ལ་ཨོའོ་ཞེས་པའི་མདོ་ཡིས་བསྒྲུབ་ན་སྐྱོན་འབབ་པས་འདིར་ཡིག་ཚོགས་སྐྱུང་ཕྱིར་བཞག  སྒྲུབ་དངོས་ནི། དགུ་ཞེས་པ་ལ་དོན་དངོས་སྟེང་རྗེས་འཇུག་འ་ཡོད་མོད། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས། རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། །ཞེས་པ་བཞིན་ཟོར་ཡང་པའི་ཆེད་དུ་དངོས་སུ་བྲིས་མེད། ཡིན་ཡང་འདིར་སྒྲས་སྒྲུབ་ཕྱིར་དངོས་སུ་བྲིས་ན་དགུའ་ཞེས་གྲུབ་ལ། དེ་ནས་ཀ་ལཱ་པར་རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པའི་མདོ་ཡིས་དགུའི་སྔོན་རྗེས་མིང་གཞི་གསུམ་གྱི་སྲོག་གི་དབྱངས་ཕྲལ་བར་བྱས་པས་ད྄ཨག྄ཨུའ྄ཨ་ཞེས་གྲུབ། དེ་ལས་སྔོན་འཇུག་ད྄་དང་རྗེས་འཇུག་འ྄་གཉིས་ཆེད་དོན་གྱིས་ཕྱིས།  སྔོན་འཇུག་ད་ཡི་སྲོག་གི་དབྱངས་ཨ་བརྗོད་དོན་གྱིས་དབྱི་བས་ག྄ཨུཨ་གྲུབ། ཨུཝ྄འོ་ཞེས་པའི་མདོ་ཡིས་ཨུ་ཝ྄་རུ་བསྒྱུར་བས་ག྄ཝ྄ཨ་གྲུབ། དེ་ནས་རེ་རེ་བཞིན་ཨའི་ཐོག་དྲངས་ཏེ་སྣར་ཐང་ལོ་ཙཱ་བས་གསུང་བཞིན་བྱས་པས་གོ་གྲུབ་བོ། །

       མདོར་ན། གོང་གསལ་བཞིན་ང་ཚོ་བོད་ཀྱི་གྲངས་ཀའི་འགྱུར་ལུགས་ཡོད་དོ་ཅོག་ཡིན་གཅིག་མིན་གཅིག་སཾསྐྲྀཏའི་བརྡ་སྤྲོད་ཀྱི་གཞུང་ལ་གཏུགས་དགོས་ཞེས་པ་མིན་ལ། གལ་སྲིད་དེ་ལྟར་བྱས་པ་ཡིན་ན། ལེགས་སྦྱར་བརྡ་སྤྲོད་མ་བྱུང་པའི་སྔོན་ལ་ང་ཚོར་འདི་ལྟ་བུའི་གྲངས་ཀྱི་བརྩི་ལུགས་མེད་པར་འགྱུར་དགོས་ཤིང་ད་ལྟའི་བརྩི་སྟངས་འདི་ཡང་ལེགས་སྦྱར་གྱི་བརྡ་སྤྲོད་དག་བོད་ལ་འགྱུར་བའི་རྗེས་ནས་བྱུང་བ་ཡིན་དགོས་པའི་སྐྱོན་འབབ་པས་དེ་ལྟ་མ་ཡིན་སྟེ། འདིར་ཕྲན་གྱིས་འདི་ལྟར་བཤད་པ་ནི་ང་ཚོ་བོད་ཀྱི་གྲངས་ཀའི་བརྩི་སྟངས་ཙམ་ཡང་གང་བྱུང་དུ་སྤྱོད་པ་མ་ཡིན་པར་སྐད་བརྡ་རིག་པའི་གཞུང་ལུགས་དང་།  སྔོན་ཐོན་བརྡ་སྤྲོད་ལུགས། སྐད་ཆའི་ཆོས་ཉིད་སོགས་དང་མཐུན་ཞིང་། ལེགས་སྦྱར་བཞིན་སྒྲ་གཟུགས་མཚམས་སྦྱར་བར་བརྟེན་ནས་བརྗོད་པ་མྱུར་བ་དང་བདེ་བའི་ཕྱོགས་སུ་འགྱུར་བ་ཞིག་ཡིན་པ་ངོ་སྤྲོད་ཙམ་ཞུ་བར་འདོད་པ་ཡིན། དེ་བཞིན་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ལུགས་ནི་སྤྱི་ལོ་སྔོན་གྱི་ལོ་༡༥༠༠ཙམ་ནས་དར་ཞིང་འཛམ་གླིང་ན་སྐད་གྲགས་ཆེ་བའི་བརྡསྤྲོད་པའི་གཞུང་ལུགས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་སྐད་བརྡ་མ་ལུས་ལ་གཞུང་ལུགས་འདི་སྤྱད་ནས་ཞིབ་འཇུག་བྱས་ཆོག་པས། ཨེ་ཤེ་ཡ་དང་ཡོ་རོབ་གླིང་སོགས་གླིང་དུ་མར་དར་བ་དང་། ལྷག་པར་དུ་ཡོ་རོབ་ཀྱི་སྐད་བརྡ་རིག་པའི་ཞིབ་འཇུག་པ་ཚོས་གཞུང་འདི་སྤྱད་ནས་འཛམ་གླིང་གི་སྐད་བརྡ་རིག་པའི་ལས་རིག་ལ་བྱས་རྗེས་མི་དམན་པ་བཞག་ཡོད། དེ་བས་གཞུང་འདི་ནི་ཧ་ཅང་ཚད་ལྡན་དང་སྔོན་ཐོན་ཞིག་ཡིན་པ་བཞིན་ང་ཚོའི་བོད་ཀྱི་གྲངས་ཀའི་བརྩི་སྟངས་འདི་ཙམ་ཡང་གཞུང་དེའི་ལུགས་དང་མཐུན་པས་ཤིན་ཏུ་ནས་སྔོན་ཐོན་ཡིན་པ་ར་སྤྲོད་བྱས་པ་ཙམ་ཡིན་ནོ། །

གཉིས་པ།  ཡུལ་ལུང་འགའི་གྲངསབགྲང་སྐབས་ཀྱི་སྒྲ་གདངས་སྐོར།

གྲངས་ལ་བགྲང་གྲངས་དང་རིམ་གྲངས་གཉིས་ཡོད་པ་ལས། བགྲང་གྲངས་སྐོར་ཞིག་བགྲང་བའི་ཚེ་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་འགར་ཁྱད་པར་ཅུང་ཙམ་ཡོད་ཀྱང་ཞིབ་ཏུ་དབྱེ་ཞིབ་བྱས་ཚེ་དེ་ལ་ཡང་རིག་གནས་ཀྱི་གྲུབ་ཆ་མི་ཉུང་བ་ཞིག་འདུས་ཡོད་དེ། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་འབྲོག་པ་མང་ཤོས་དང་ཨ་མདོ་རེབ་གོང་གི་རོང་འབྲོག་མི་ཉུང་བ་ཞིག་གིས་བཅུ་གཅིག་ལ་བཅུ་རྩིག་ཟེར་ལ། དེ་ནི་གྲངས་བཅུ་ཡི་སྟེངས་རིམ་བཞིན་རྩིག་པ་ནང་བཞིན་བརྩིག་པ་སྟེ། བཅུ་ཡི་སྒང་གཅིག་བརྩིག་པའི་དོན་དང་། ཡང་ཨ་མདོ་རྨ་ལྷོ་སོག་རྫོང་དང་རྩེ་ཁོག   མགོ་ལོག་སོགས་ཀྱིས་བཅུག་ཚིགས་ཟེར་ཞིང་དེའི་བཅུག་ཅེས་པ་ནི་གཅིག་གི་སྔོན་འཇུག་ག་ཡིག་གི་སྒྲ་སྔོན་ལ་ཐོན་པ་ཡིན་ལ། ཚིགས་ཞེས་པ་ནི་བཅུ་གཉིས་དང་བཅུ་གསུམ་སོགས་ཡར་བཅུ་དགུ་དབར་བརྩི་བའི་ཚིགས་དང་པོ་ལྟ་བུ་ཡིན་པས་དེ་ལྟར་ཀློག་པ་མིན་ནམ་སྙམ། ཡང་ཨ་མདོ་མཚོ་ལྷོའི་འབྲོག་པ་མང་ཤོས་ཀྱིས་བཅུག་གཅིག་ཟེར་ལ་དེ་ནི་གཅིག་གི་སྔོན་འཇུག་ག་ཡིག་དག་པོར་ཀློག་པས་སྒྲ་སྔོན་ལ་ཐོན་པ་ཤིན་ཏུ་ནས་གསལ་ལོ། །དེ་བཞིན་ཨ་མདོ་མཚོ་ནུབ་ཀྱི་གཏེར་ལམ་དང་མཚོ་བྱང་གི་མདོ་ལ་སོགས་སུ་བཅུག་ཆིག་ཟེར་བ་དེའི་བཅུག་ནི་གོང་བཞིན་ཡིན་ལ་ཆིག་ཟེར་བ་ནི་བརྡ་རྙིང་ངོ་། །དེ་ཡང་གནའ་ཡིག་གི་ཁྱད་ཆོས་ལྟར་ན་སྡེ་པ་གཅིག་གི་ནང་སྐྱེ་གནས་གཅིག་པའི་ཕྱིར་ཕན་ཚུན་བརྗེས་ནས་འབྲི་བའི་སྲོལ་ཡོད་པས། བཅུ་གཅིག་གི་མིང་གཞིའི་ཡི་གེ་ཅ་དང་ཆ་གཉིས་སྡེ་པ་གཅིག་པ་དང་སྐྱེ་གནས་གཅིག་པའི་ཕྱིར་ཕན་ཚུན་བརྗེས་ཏེ་ཆིག་ཡོང་པ་ཡིན་ལ། གོང་ནས་བཤད་པའི་བཅུ་རྩིག་བཅུག་ཚིགས་ཞེས་པའི་མིང་གཞིའི་ཡི་གེ་ཙ་དང་ཚ་གཉིས་ཀྱང་སྡེ་པ་གཅིག་པ་དང་སྐྱེ་གནས་གཅིག་པས་ཕན་ཚུན་བརྗེས་པ་མིན་ནམ་སྙམ་ལ། ཙ་སྡེ་དང་ཅ་སྡེའི་ཡི་གེ་ཕན་ཚུན་བརྗེ་བའི་སྣང་ཚུལ་ཡང་ཡོད་དེ། གསོ་བ་རིག་པའི་གཞུང་ནས་མཆེར་པ་ཟེར་ཞིང་། ཁ་སྐད་དུ་མདོ་དབུས་ཁམས་གསུམ་ཚང་མས་མཚེར་པ་ཟེར་བ་བཞིན་ནོ། ། དེར་མ་ཟད་སྐབས་འདིར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་ཡིག་བྲི་སྣོན་གསུང་སྐབས་ཀྱི་ཙ་སྡེ་དང་ཅ་སྡེའི་དགོངས་གཞིའི་ལ་ཡང་བསམ་བློ་མི་གཏོང་རང་གཏོང་གི་གནས་སུ་བསྐྱལ་ཡོད་མོད་ཡིག་ཚོགས་སྐྱུང་ཕྱིར་འདིར་མ་གླེང་།  ཡང་ཨ་མདོའི་རོང་ཁུལ་ཆེན་པོ་དག་ན་བཅུ་དྲུག་དང་རྩ་དྲུག་སོགས་ལ་བཅུ་རུག་དང་རྩ་རུག་ཟེར་བ་དེ་ཡང་བརྗོད་བདེ་བའི་ཕྱིར་རྨང་གཞི་དོར་ཏེ་འདོགས་ཅན་དང་དབྱངས་བཀླགས་པའོ། །ཡང་ལྷ་སའི་ཉེ་འཁོར་དང་ཁམས་ཀྱི་ས་ཆ་མང་ཤོས་ཀྱིས་བཅོ་ལྔ་ལ་བཅོལ་ལྔའམ་བཅོལ་ང་ཞེས་དང་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་མང་ཤོས་ཀྱིས་བཅུ་བདུན་དང་བཅོ་བརྒྱད་སོགས་ལ་བཅུབ་བདུན་དང་བཅོབ་བརྒྱད་སོགས་སུ་ཀློག་པ་དེ་ཡང་སྒྲ་དག་པོར་ཀློག་པས་ལྔ་ཡི་ལ་མགོ་ཅན་དང་། བདུན་དང་བརྒྱད་ཀྱི་སྔོན་འཇུག་གི་སྒྲ་མདུན་ལ་ཐོན་པ་ཡིན་ནོ། །

ཡང་ས་གནས་མང་ཤོས་ཀྱིས་ཉི་ཤུ་ལ་རྩ་དང་སུམ་ཅུ་ལ་སོ། བཞི་བཅུ་ལ་ཞེ། ལྔ་བཅུ་ལ་ང་། དྲུག་ཅུ་ལ་རེ། བདུན་ཅུ་ལ་དོན། བརྒྱད་ཅུ་ལ་གྱ། དགུ་བཅུ་ལ་གོ་ཞེས་ཉི་ཤུ་ལ་མ་གཏོགས་རྩ་ཞེས་མི་བརྩི་མོད། གནའ་གཞུང་མང་པོ་ཞིག་དང་ཨ་མདོའི་རོང་ཁུལ་ཆེན་པོ་དག་ན་ཉི་ཤུ་ནས་དགུ་བཅའི་དབར་གྱི་གྲངས་ལ་རྩ་ཟེར་ཏེ།  འདི་ན་མི་རྒད་པོ་ལོ་བརྒྱད་ཅུ་རྩ་བཞི་འགྲོ་བ་ཞིག་དང་། བདུན་ཅུ་རྩ་ལྔ་འགྲོ་བ་ཞིག་འདུག  སངས་རྒྱས་འདས་ནས་མི་ལོ་སྟོང་། །བཞི་བརྒྱ་ལྔ་བཅུ་རྩ་དགུ་ན། ། པཎྚིཏ་བདུན་ཅུ་རྩ་ལྔ་བསྟེན་ནས་དམ་པའི་ཆོས་མང་དུ་གསན། བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ལོ་བདུན་ཅུ་རྩ་བདུན་པ་འདི་མེ་མོ་གླང་ཡིན། འཁོར་ཡི་དྭགས་ཀྱི་རིས་སུམ་ཅུ་རྩ་དྲུག་གམ།   ལྷུན་པོའི་རྩེན་ན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་གནས་སོ། ། བརྒྱད་ཅུ་རྩ་དགུ་པོ་རྣམས། སོགས་ཀྱི་ལྔ་བཅུ་རྩ་དགུ། བདུན་ཅུ་རྩ་ལྔ། བདུན་ཅུ་རྩ་བདུན། སུམ་ཅུ་རྩ་དྲུག། སུམ་ཅུ་རྩ་གསུམ། བརྒྱད་ཅུ་རྩ་དགུ་ལྟ་བུ་མང་པོ་ཡོད་ལ།  ཨ་མདོ་གཅན་ཚའི་རོང་པ་རྣམས་དང་བ་ཡན་གྱི་རོང་པ་ཚོས་དེང་སྐབས་ཀྱང་གྲངས་ཀ་བརྩི་སྐབས་དེ་བཞིན་ཡིན། དེ་ནི་བཅུ་གནས་དང་བརྒྱ་གནས། སྟོང་གནས་སོགས་ཀྱི་གྲངས་རྩ་བ་བྱས་ཏེ་དེའི་སྟེངས་ལ་གྲངས་དེ་ཙམ་འདི་ཙམ་ཡོད་ཟེར་བ་མིན་ནམ་སྙམ།

མདོ་སྨད་ཀྱི་འབྲོག་ཁུལ་མང་ཤས་ཀྱིས་སུམ་ཅུ་ནས་དགུ་བཅུ་བར་གྱི་གྲངས་བགྲངས་བའི་སྐབས་སུ་ཅུ་ལ་ཆུ་དང་བཅུ་ལ་བཆུ་སོགས་ཟེར་སྲོལ་ཡོད་པ་དེ་ཡང་ཅ་དང་ཆ་གཉིས་སྡེ་པ་གཅིག་ཡིན་ལ་སྐྱེ་གནས་ཀྱང་གཅིག་ཡིན་པས་ཕན་ཚུན་བརྗེ་རུང་བ་གནའ་ཡིག་ལས་གསལ་བ་ནང་བཞིན་ནོ། །ཡང་མདོ་དབུས་ཁམས་གསུམ་གྱི་འབྲོག་པ་ཕལ་མོ་ཆེས་དོན་གཅིག་དོན་གཉིས་སོགས་ལ་དོང་གཅིག་དོང་གཉིས་སོགས་སུ་ཀློག་པ་དེ་གོང་ནས་བདུན་ཅུའི་གྲངས་ལ་དོན་ཞེས་པ་ཇི་ལྟར་ཐོན་ཚུལ་བཤད་པའི་སྐབས་བཤད་ཟིན་པ་བཞིན་ནོ། །

དཔྱད་གཞིའི་ཡིག་ཆ།

དཔའ་རིས་སངས་རྒྱས་ཀྱི་བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལཤོག་གྲངས༡༠༥ མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོ་དཔར།

②③④སུམ་རྟགས་རྩ་བ་ཕྱོགས་བསྒྲིགས ཤོག་གྲངས༨༦ནས༨༧ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ལོར་དཔར།

ཏ་སི་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས》ཤོག་གྲངས༢༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ལོར་དཔར།

ཚེ་ཏན་ཞབས་དྲུང་གིབསྟན་རྩིས་ཀུན་ལས་བཏུས་པ》ཤོག་གྲངས༡༡༡ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༡༩༨༢ལོར་དཔར།

⑦⑧འགོས་ལོ་གཞོན་ནུ་དཔལ་གྱི་དེབ་སྔོན》ཤོག་གྲངས༩༥   ༩༩སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོར་དཔར།

⑨⑩⑾འཇམ་དབྱངས་བློ་གཏེར་དབང་པོའི་མངོན་པ་མཛོད་རྩ་འགྲེལ》ཤོག་གྲངས༢༦༩   ༢༧༥   ༤༨༨


ས་གནས།      བོད་ལྗོངས་དཔལ་མགོན་རྫོང་སློབ་གསོ་ལུས་རྩལ་ཅུད་སློབ་གསོ་ལྟ་སྐུལ་སློབ་སྟོན་ཨུ་ཡོན་ལྷན་ཁང་།

སྦྲགས་ཨང་།   ༨༥༢༥༠༠

རུས་མིང་།      རྒྱལ་མོ་ལྕགས་ཐར་འབུམ།

ཁ་པར།         ༡༣༦༢༨༩༨༤༣༤༤

地址:西藏班戈教体局教育督导委员会

邮政编码:852500

姓名:吉太本

电话:13628984344


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41714242
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1