མདོ་ཁམས་རྫ་སེར་ཤུལ་དགོན་གྱིས་གཙུག་ལག་ཁང་རབ་གནས་མཛད་སྒོ་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »མདོ་ཁམས་རྫ་སེར་ཤུལ་དགོན་གྱིས་གཙུག་ལག་ཁང་རབ་གནས་མཛད་སྒོ་བསྡུས
མདོ་ཁམས་རྫ་སེར་ཤུལ་དགོན་གྱིས་གཙུག་ལག་ཁང་རབ་གནས་མཛད་སྒོ་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/8/3ལྟ་ཀློག (14533)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

མདོ་ཁམས་རྫ་སེར་ཤུལ་དགོན་གྱི་གཙུག་ལག་ཁང་རབ་གནས་མཛད་སྒོ་བསྡུས། 

༢༠༡༤ལོའི་སྤྱི་ཟླ་༧པའི་ཚེས་༣༡ཉིན་ཏེ་བདག་ཅག་གི་འདྲེན་མཆོག་མཚུངས་མེད་མཉམ་མེད་ཤཱཀྱའི་རྒྱལ་པོས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཚེས་དགེ་བ་ཁྱད་པར་ཅན་བཀྲ་ཤིས་ཕུན་སུམ་ཚོགས་པའི་ཉིན་མོ་འདིར།  ཆོས་ཁྲིམས་གསེར་གྱི་ཅོད་པཎ་གཙུག་ཏུ་བཀུར་བའི་མཁས་གྲུབ་བྱེ་བའི་བསྟི་གནས།  མདོ་ཁམས་བསྟན་པའི་མཛེས་རྒྱན་དམ་པ། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལུང་རིགས་དཔྱད་པ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་རླབས་ཆེན་བསོད་ནམས་བཟང་པོའི་མཐུ་ཡོངས་སུ་སྨིན་པ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་ཚོགས་ཆེན་གཙུག་ལག་ཁང་ཆེན་མོ་སྲིད་ན་རྙེད་པར་དཀའ་བའི་རྟེན་གསུམ་ཁྲི་ཕྲག་གིས་བྱུར་བུར་གཏམས་པའི་འཛམ་གླིང་མཛེས་པའི་རྒྱན་དུ་གྱུར་བ་འདི་ཉིད་དབུ་འབྱེད་ཀྱི་བཀྲ་ཤིས་པའི་མཛད་སྒོ་བསྡུས།

 ཕྱོགས་ཀྱི་ཐ་གྲུ་ཀུན་ནས་འབྱོར་བའི་དགོན་སྡེ་ཁག་གིས་སྐྱབས་རྗེ་ཁྲི་བ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་ཚེ་གཞོམ་གཞིག་བྲལ་བ་རྡོ་རྗེའི་ཆོས་བདུན་གྱི་ངོར་བོར་བསྐལ་བརྒྱར་བརྟན་ཅིང་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་གཙང་མའི་འཕྲིན་ལས་མཐའ་ཡས་སྐལ་བཟང་ཡོངས་ལ་ཁྱབ་གདལ་དུ་སྩོལ་ཕྱིར་དང་།  སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ལྷག་པར་སྲིད་ན་མཐོང་བར་དཀོན་ཞིང་འཛམ་གླིང་མཛེས་པའི་རྒྱན་གཅིག་སེར་ཤུལ་དགོན་པའི་གཙུག་ལག་ཁང་ཆེན་མོ་ལེགས་གྲུབ་ཀྱི་ཐུགས་རྗེ་ལེགས་མཚོན་དང་བཀའ་དྲིན་གཏང་ རག་གི་ཡོན་དུ་བརྟན་བཞུགས་མཎཌལ་གྱི་སྤྱན་གཟིགས་མི་ཕྱེད་དད་པའི་སྙིམ་པ་དཔངས་མཐོ་བས་ཀུན་བཟང་མཆོད་པའི་ཀློང་དུ་བསྟར་བའི་རྟེན་འབྲེལ་གྱི་སྒོ་དང་བོ་སྤེལ་བའི་ཁྲོད་ཕྲེང་བསྒྲིགས་པ་འདི་ནི་ཨ་མདོ་རྔ་ཡུལ་བསེ་དགོན་ནས་འབྱོར་བའི་བསེ་སྤྲུལ་སྐུ་དང་དགོན་པའི་ལས་སྣེ་རྣམས་རེད།


མདོ་སྔགས་རབ་འབྱམས་སྨྲ་བ་ཨ་ལགས་བཞག་པ་རིན་པོ་ཆེ་བསུ་སྦྲེངས་ཞུ་བ།

ཨ་ལགས་བཞག་པ་རིན་པོ་ཆེས་ཆོས་སྲིད་གཉིས་ཆར་ལས་འཕྲོས་པའི་བཀའ་སློབ་གནང་བ།

ངེས་དོན་མཁས་པའི་དབང་ཕྱུག་སེར་བྱེས་དགེ་བཤེས་འཇམ་དཔལ་བློ་ཤེས་མཆོག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སྐུ་མགྲོན་ཡོངས་ལ་མཚམས་འདྲི་དང་འབྲེལ་བའི་ཤིས་ཚིག་གིས་མཛད་སྒོ་དབུ་འབྱེད་གནང་བ།

མདོ་སྨད་ཨ་མདོའི་ཕྱོགས་ནས་ཆེད་དུ་ཕེབས་པའི་མཚོ་སྔོན་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བཀྲ་ཤིས་དབང་ཕྱུག ལྷ་མོ།  སྒྲོལ་མ།  ད་དུང་ཀང་ཏུང་ནས་ཕེབས་པའི་མདོ་འཛིན་པ་གྲགས་ཅན་འགས་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་གྲས་མཚམས་སྦྱོར་དང་ཁོ་ཚོས་གཏམ་བཤད་ལེགས་པར་གྲུབ་རྗེས་ཁམས་པའི་བཀྲ་ཤིས་ཞབས་བྲོ་དང་ཤེར་བསྟན་གྱི་བདུང་ལེན་སོགས་རྩེད་འཇོ་མིག་གི་དགའ་སྟོན་བཤམས།

སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་དང་ཨ་ལགས་བཞག་པ་ཚང་སོགས་བཞུགས་པའི་ཚོགས་རའི་ཟུར་ཞིག

སྐྱབས་རྗེ་ཁྲི་བ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་མཆོག་གིས་བཀའ་སློབ་གནང་བཞིན་པ།


      མཛད་སྒོའི་ཐོག་ཏུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པའི་ལུགས་གཉིས་སྟོབས་ཀྱིས་དྲེགས་ཤིང་དམངས་ཀྱི་བདེ་སྡུག་གི་རི་མོ་སྙིང་དབུས་སུ་བཅངས་པའི་རིམ་པ་ཁག་གི་མགོ་ཁྲིད་རྣམ་པ་དང་། གངས་ཅན་སྐྱེ་འགྲོ་ཡོངས་ཀྱི་མགོན་དང་དཔུང་གཉེན་དམ་པར་མངོན་པར་བཞེངས་པའི་བླ་སྤྲུལ་རྣམ་པ།  ཐོས་བསམ་རིག་པའི་དཔལ་གྱིས་ཡོངས་སུ་ཕྱུག་ཅིང་བསླབ་གསུམ་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་སོན་པའི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམ་པ། ལུང་རྟོགས་བསྟན་པའི་ཁུར་ཆེན་དགུང་དུ་འདེགས་པའི་བྱེད་པོ་དགོན་པ་ཁག་གི་མཁན་ལས་ཟུར་རྣམ་པ། རླབས་ཆེན་བསོད་ནམས་དཔལ་གྱིས་མངོན་པར་མཐོ་ཞིང་དད་དམ་འགྱུར་བ་མེད་པའི་སྦྱིན་བདག་རྣམ་པ་བཅས་ས་གནས་དང་ཡུལ་ཕྱོགས་མི་འདྲ་བ་ག་ས་གང་ནས་བསྟན་སྲིད་ཀྱི་ཁུར་ཆེན་ཕྲག་ཏུ་བཞེས་པའི་རླབས་ཆེན་གྱི་མཛད་བཟང་རྣམས་རེ་ཞིག་འཕྲོ་བཅད་དེ་སྐུ་ངལ་འཛེམ་མེད་ངང་ལེ་བར་བརྒྱ་ཕྲག་སྟོང་ཕྲག་ལྷག་བརྒྱུད་དེ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་དུ་ཕེབས་འདུག

གཙུག་ལག་ཁང་ངོ་སྤྲོད་མདོར་བསྡུས།

     འཚོགས་ཆེན་གཙུག་ལག་ཁང་གི་ནང་རྟེན་གྱི་གཙོ་བོ་ནི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་གཙོ་འཁོར་གསུམ། གཡས་ཕྱོགས་སུ་རྗེ་ཡབ་སྲས་གསུམ་དང་། གཡོན་ཕྱོགས་སུ་རྒྱལ་པཎ་རྣམ་གཉིས་དང་དགོན་འདི་ཕྱག་འདེབས་པ་པོ་རྗེ་བཀའ་བཅུ་པ་བློ་བཟང་ཆོས་དར་སོགས་ཀྱི་སྣང་བརྙན་ཆེ་ཚད་ཐོག་བརྩེགས་གཉིས་དང་། དེའི་གཡས་ཕྱོགས་སུ་སྒྲོལ་མ་ལྷ་ཉེར་གཅིག གཡོན་ཕྱོགས་སུ་ཤེས་རབ་ཀྱི་ལྷ་ཉེར་གཅིག  ཐོག་བརྩེགས་གཉིས་པའི་ཁར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་སྐུ་བརྙན་སྟོང་སྐུ། ཚེ་དཔག་མེད་ཀྱི་སྐུ་བརྙན་སྟོང་སྐུ། སྨན་བླའི་སྐུ་བརྙན་སྟོང་སྐུ། རྗེ་བཙུན་སྒྲོལ་མའི་སྣང་བརྙན་སྟོང་སྐུ།  ཐོག་བརྩེགས་གསུམ་པར་དཀྱིལ་དུ་ཇོ་བོ་ཡིད་བཞིན་ནོར་བུའི་སྐུ་བརྙན་གཙོའི་བྱང་སེམས་ཉེ་བའི་སྲས་བརྒྱད་དང་།  དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན། ཁྲོ་བོ་མི་གཡོ་བོ། རྟ་མགྲིན་བཅས་ཀྱི་ལྷ་ཁང་། དེ་བཞིན་ཐུབ་པའི་གནས་བརྟན་བཅུ་དྲུག རྒྱབ་ངོས་སུ་དགེ་ལྡན་པའི་ཕྱག་ཆེན་བླ་མ་བརྒྱུད་པའི་བླ་བརྒྱུད། གཡས་ཕྱོགས་སུ་སྔ་འགྱུར་བའི་བླ་བརྒྱུད།  གཡོན་ངོས་སུ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བླ་བརྒྱུད། མདུན་ངོས་སུ་དཔལ་ལྡན་ས་སྐྱའི་ལམ་འབྲས་ཀྱི་བླ་བརྒྱུད།  དེའི་ཕྱི་རོལ་གྱི་ཤར་དུ་རྡོ་རྗེ་སེམས་དཔའ་སྟོང་སྐུའི་ལྷ་ཁང་། ལྷོར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ལྷ་ཚོགས།  ནུབ་ཏུ་ལམ་རིམ་བླ་མ་བརྒྱུད་པའི་ལྷ་ཚོགས། བྱང་དུ་ཟབ་མོ་ལྟ་བརྒྱུད་ཀྱི་ལྷ་ཚོགས། ཐོག་བརྩེགས་བཞི་བའི་དཀྱིལ་དུ་རྒྱལ་བ་རྡོ་རྗེ་འཆང་གཙོ་བོར་གྱུར་བའི་བླ་མེད་ཀྱི་ལྷ་ཚོགས། གཡས་སུ་སྤྱོད་རྒྱུད་ཀྱི་ལྷ་ཚོགས། རྒྱབ་ཏུ་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས། གཡོན་དུ་བྱ་རྒྱུད་ཀྱི་ལྷ་ཚོགས་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྟོང་སྐུ། སྤྱན་རས་གཟིགས་ཀྱི་སྟོང་སྐུ། ཕྱག་རྡོར་སྟོང་སྐུ་བཅས་ཡོད།  དེའི་ཕྱི་རོལ་གྱི་རྒྱབ་ངོས་གཡས་སུ་དཔལ་རྒྱལ་བ་ཇོ་ནང་བའི་ལྷ་ཁང་། གཡོན་དུ་ཞི་བྱེད་པའི་ལྷ་ཁང་། ཐོག་བརྩེགས་ལྔ་བར་ཇོ་བོ་ཡིད་བཞིན་ནོར་བུ་དང་།  རྒྱལ་བ་རིགས་ལྔ་གཙོ་བོར་གྱུར་བའི་ལོངས་སྐུ་དང་བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་ལྷ་ཚོགས་བཅས་བཞུགས། 

གསར་དུ་བཞེངས་བཞིན་པའི་སྒྲོལ་མ་ཉེར་གཅིག་གི་ལྷ་ཁང་།

མཐོ་རིམ་ནང་བསྟན་སློབ་གླིང་གི་འདུ་ཁང་།

ནང་རྟེན་གཙོ་བོ་ནི།  སྟོན་པ་གཙོ་འཁོར་གསུམ་དང་། རྗེ་ཡབ་སྲས་གསུམ།  བྱམས་འཇམ་དབྱངས།  འཕགས་མཆོག་སྐུ་སྒྲུབ་དང་ཐོགས་མེད།  སེ་ར་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་སོགས་ཀྱི་སྐུ་བརྙན་བྱིན་རླབས་ཅན་དུ་མ་བཞུགས་ཡོད། ཐོག་ཁང་གཡས་གཡོན་དུ་ཡང་གཞུང་ཆེན་བཀའ་པོད་ལྔའི་གཙོའི་ཐུན་མོང་རིག་གནས་བཅས་དཔེ་ཁྲིད་བྱེད་ཡུལ་གྱི་སློབ་ཁང་མང་དུ་ཡོད་དོ། །

ནག་ཆུ་ཁམས་ཚན།

གླིང་སྟོད་ནས་མར་བརྩིས་པའི་དང་པོ་ནག་ཆུ་ཁམས་ཚན་ཡིན་ལ་དེའི་ནང་དུ་རྒྱལ་བ་ཚེ་དཔག་མེད་ལྷ་དགུ་གཙོ་བོར་གྱུར་པའི་འཆི་མེད་ཚེ་སྒྲུབ་ཀྱི་ལྷ་ཁང་དང་།  ནག་ཆུ་ཁམས་ཚན་གྱི་ཐད་ཀའི་ལྕགས་རིའི་སྒོ་ཆེན་གྱི་གཡས་གཡོན་དུ་སྨན་གཟུངས་དང་ཚེ་ལྷ་རྣམ་གསུམ་གྱི་བསྙེན་པ་སོགས་གཟུངས་གཞུག་བྱས་པའི་དུང་འཁོར་ཡོད།

བསམ་བློ་ཁམས་ཚན།

གཉིས་པ།  བསམ་བློ་ཁམས་ཚན་གྱི་ནང་དུ་རྗེ་བླ་མ་བློ་བཟང་གྲགས་པ་ཡབ་སྲས་གསུམ་གཙོ་བོར་གྱུར་བའི་བྱིན་རླབས་མཆོག་སྩོལ་གྱི་ལྷ་ཁང་།  བསམ་བློ་ཁམས་ཚན་གྱི་ཐད་ཀའི་སྒོ་ཆེན་དུ་དམིགས་བརྩེ་མའི་དུང་འཁོར་ཡོད།

བྱ་བྲལ་ཁམས་ཚན།

གསུམ་པ།  བྱ་བྲལ་ཁམས་ཚན་གྱི་ནང་དུ་རྒྱལ་བ་རིག་གསུམ་མགོན་པོ་གཙོ་བོར་གྱུར་པའི་དངོས་གྲུབ་ཀུན་འབྱུང་གི་ལྷ་ཁང་།  བྱ་བྲལ་ཁམས་ཚན་གྱི་ཐད་ཀའི་སྒོ་ཆེན་དུ་རིགས་གསུམ་མགོན་པོའི་དུང་འཁོར་ཡོད།

ལྷོ་བ་ཁམས་ཚན།

བཞི་བ། ལྷོ་བ་ཁམས་ཚན་གྱི་ནང་དུ་ངན་སོང་སྦྱོང་བ་ལྷ་དགུ་གཙོ་བོར་གྱུར་པའི་སྡུག་བསྔལ་ཀུན་སེལ་གྱི་ལྷ་ཁང་དང་།  ལྷོ་བ་ཁམས་ཚན་གྱི་ཐད་ཀའི་སྒོ་ཆེན་དུ་གཟུངས་ཆེན་སྡེ་ལྔའི་དུང་འཁོར་ཡོད།

ཧར་གདོང་ཁམས་ཚན།

ལྔ་པ།  ཧར་གདོང་ཁམས་ཚན་གྱི་ནང་དུ་རྡོར་སེམས་རིགས་ལྔ་གཙོ་བོར་གྱུར་པའི་སྒྲིབ་པ་རྣམ་འཇོམས་ཀྱི་ལྷ་ཁང་།  ཧར་གདོང་ཁམས་ཚན་གྱི་ཐད་ཀའི་སྒོ་ཆེན་དུ་ཡིག་བརྒྱའི་དུང་འཁོར་ཡོད།

སྣང་མཐའི་མཆོད་སྡོང་ལྷ་ཁང་།

ལྷ་ཁང་འདིའི་ནང་གི་རྟེན་གསུམ་གྱི་རིམ་པ་ནི། གཙོ་བོ་གསེར་གདུང་ཆེན་མོ་ལ་ཆེ་ཚད་སྨི་༨ཅན་དང་། ཐོག་བརྩེགས་གཉིས་པའི་གཡས་ཕྱོགས་སུ།  སྟོན་པ་ཐུབ་པའི་དབང་བོ་དང་སྲས་ཀྱི་ཐུ་བོ་བྱམས་འཇམ་དབྱངས་གཉིས།  དེའི་གཡོན་ཕྱོགས་སུ་འོད་དཔག་མེད་གཙོ་སྐུ་བྱས་ནས།  སྟོན་པ་ཤཱཀྱ་ཐུབ་པ། རིན་ཆེན་འོད་རྒྱལ།  ཉེ་སྲས་བརྒྱད། གནས་བརྟན་བཅུ་དྲུག  རྒྱལ་ཆེན་སྡེ་བཞི་བཅས་བཞུགས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 12 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ག སྤེལ་དུས:2014/8/10
༄།བསླབ་པ་གསུམ་ལྡན་ངོར་སྨྲིག་འཛིན་པ་ཡི།། འདུས་པའི་ཕྱོགས་ཀྱིས་གནས་འདིར་ཡོངས་གང་ཞིང་།། རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའ་བར།། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤེས་ཤོག །། འགྲིག་འདུག་གམ།། ་་་་་་
 སྤེལ་མཁན: རིག་སད། སྤེལ་དུས:2014/8/10
ཡོན་ཏན་པའི་སྡེ་སྐྱེད་སྲིང་བྱེད་པའི་ཁོར་ཡུག་ཅིག་རེད།
 སྤེལ་མཁན: གང སྤེལ་དུས:2014/8/10
༄། མདོར་ན་དཔལ་ལྡན་བླ་མའི་སྐུ་ཚེ་བརྟན།། མཁས་བཙུན་བསྟན་འཛིན་དམ་པས་ས་སྟེང་གང་།། བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས།། བློ་བཟང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། རྗེས་སུ་ཡི་རངས་་་
 སྤེལ་མཁན: ཙ་ སྤེལ་དུས:2014/8/10
རྗེས་སུ་ཡི་རངས་ཡོད་་་་་་བཀྲིས་བདེ་གེལེཊ།།།
 སྤེལ་མཁན: གང་ཡིན་ སྤེལ་དུས:2014/8/8
། འདུ་གསར་བསྐྲུན་ལ་རྗེས་སུ་ཡི་རངས་ཞུ།། དེ་ལས་གལ་གནད་དུ་འཛིན་དགོས་པ་ཞིག་ལ་དེར་ཡོད་ཀྱི་དགེ་འདུན་དེ་དག་། ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།། ནང་དུ་རིམ་གཉིས་རྣལ་འབྱོར་གདིང་དང་ལྡན།། ཞེས་པ་ལྟར་རབ་བྱུང་གི་རྨང་གཞི་ཚུལ་ཁྲིམས་རྣམ་པར་དག་པ་དང་དེ་གཞི་བཞག་ནས་ནང་ཆོས་ལ་སློབ་སྦྱོང་རྒྱུན་སྲིང་དགོས་པ་ནི་རི་བོ་དགེ་ལྡན་པའི་ཕུག་ནོར་ཡིན་པས་འགོ་ནས་གཤམ་གྱི་བར་ཀུན་གྱིས་ངེས་པར་བྱས་ཏེ་བོད་འབངས་སྤྱིའི་མིག་རྒྱན་དུ་འགྱུར་བ་ཞིག་ཅི་ནས་ཡོང་བ་མཁྱེན་མཁྱེན་ཞེས་གསོལ་བ་འདེབས་པ་ལགས།།། བཀྲིས་བདེ་ལེགས།། ་་་་་་་་་སུ་མ་ཏི་དྷྭཱཇའས་བྲིས།།།།།།
 སྤེལ་མཁན: བདེའོ།། སྤེལ་དུས:2014/8/5
༼བཀྲ་ཤིས་པར་གྱུར་ཅིག༽༄། བསླབ་གསུམ་གཙུག་ན་མཛེས་པའི་མཁས་དབང་དག།། གང་ལས་འབྱུང་བའི་མ་དྲོས་མཚོ་ཆེན་ནི།། སེར་ཤུལ་གདན་ས་ཆེ་ཞེས་གྲགས་སྙན་གྱིས།། སྲོག་ལྡན་ཀུན་གྱི་རྣ་བའི་བདུད་རྩིར་བྱས།། སྐབས་གསུམ་ཕོ་བྲང་གླིང་འདིར་འཕོས་འདྲ་བའི།། གསར་དུ་གྲུབ་པའི་གཙུག་ལག་ཁང་མོ་ ཆེ།། མཁས་གྲུབ་བྱེ་བའི་གནས་ཀྱི་དམ་བ་རུ།། སྲིད་མཐའི་བར་དུ་དགེ་མཚན་འབར་གྱུར་ཅིག།། རིང་ན་གནས་ཀྱང་ཉེ་བའི་བསམ་པ་ཅན།། བན་རྒན་བདག་གིས་སྙིང་ནས་སྨོན་པ་ནི།། ཚུལ་ཁྲིམས་གཙང་མའི་འདུས་སྡེས་ཡོངས་གང་ཞིང་།། ཉམ་ཐག་འགྲོ་བའི་གཞི་རྟེན་ཉིད་གྱུར་ཅིག།།།། ་་་་ ་་་་་༼ཐེ་ཝན་ནས་བློ་བཟང་གིས་སྙིང་ནས་སྨོན་འདུན་དང་བཅས་བྲིས་་།༽ ༼བཀྲིས་བདེ་ལེགས༽
 སྤེལ་མཁན: རྗེས་སུ་ཡི་རངས་ཡོད་་་ སྤེལ་དུས:2014/8/5
རྗེས་སུ་ཡི་རངས་ཡོད་་་་
 སྤེལ་མཁན: སེར་སྨད་འཇམ་ཚུལ། སྤེལ་དུས:2014/8/5
བླ་མེད་ཀྱི་གྲུབ་འབྲས་འདི་ལ་དགའ་དད་སྤྲོ་གསུམ་ངང་ནས་ཡིད་རངས་དང་རྟེན་འབྲེལ་ཞུ།
 སྤེལ་མཁན: སྐུད་པ། སྤེལ་དུས:2014/8/4
ང་རང་དགོན་སྡེ་འདིར་འབྱོར་རྗེས་སྨྲ་མི་ཤེས་པའི་དགའ་དད་གཉིད་བྱུང་ཐལ། ཇི་ལྟར་དགའ་བ་ཡིན་ཞེ་ན། གནས་འདིར་སངས་རྒྱས་ཀྱི་བསྟན་པ་དར་བར་ཆ་རྐྱེན་གཉིས་ཡོད་ཀི་འདོད་ཐལ། དང་བོ་བླ་མ་ལ་ཐུགས་སྟོབས་བླ་མེད་འཁྲུངས་པས་དམངས་ཀྱི་དཀའ་སྡུལ་སེལ་ཞིང་དགོན་ནང་དུ་བཞུགས་པའི་སློབ་གཉེར་བ་རྣམས་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པ། གཉིས་པ་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དུ་མ་གདན་དྲངས་ནས་དགོན་སྡེའི་སློབ་གཉེར་གྱི་འཐུས་སྒོ་ཕྱོགས་ཡོངས་ནས་ཚང་བར་བྱ་བ་སོགས་སོ།།
 སྤེལ་མཁན: ཐོས་པ་དགའ། སྤེལ་དུས:2014/8/4
ངོ་མ་རྟེན་འབྲེལ་ཞུ་འོས་པ་ཞིག་རེད། ཁྲི་བ་རིན་པོ་ཆེ་བཀའ་དྲིན་ཆེ། འདི་འདྲའི་བོད་མི་རིགས་ལ་འཛུགས་སྐྲུན་ཟེར་ན་ཆོག བྱས་རྗེས་ཟེར་ན་ཆོག གང་ཅིའི་ཐད་ནས་ཡ་མཚན་པ་རེད། བཀའ་དྲིན་ཆེ།
  པར་ངོས 1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41625702
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1