རྨོག་སངས་རྒྱས་རྒྱ་མཚོའི་སྙན་ངག་བཏུས་རྩོམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 17 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་རྒྱ་མཚོའི་སྙན་ངག་བཏུས་རྩོམ།
རྨོག་སངས་རྒྱས་རྒྱ་མཚོའི་སྙན་ངག་བཏུས་རྩོམ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/8/15ལྟ་ཀློག (2266)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                      ༄༅། །རེ་སྨོན།
           རྩོམ་པ་པོ།   རྨོག་སངས་རྒྱས་རྒྱ་མཚོ། མཚོ་ཤར།
ཉམས་ལེན་ཐོལ་གྱིས་བསྒྲིགས་པའི་སེམས་རྩེ་དྭངས་མས།།
མགྲིན་པའི་དཔལ་ལ་ཤར་བའི་ཤེས་རབ་སྒྲོན་མེ།།
བསམ་བློ་བདེན་པས་བཏེགས་པའི་དར་ལྕོག་མཐོན་པོར།།
ངག་གི་ཕྱྭ་གཡང་རྒྱས་པའི་བྱིན་རླབས་འཁྲུངས་ཤོག།

བདེན་པའི་སྨྱུག་རྩེར་བབས་པའི་མེ་ཏོག་མཆོད་པ།།
སྒྱུ་མའི་མཁར་ལ་བཞག་པའི་ཞབས་རྗེས་ཡིན་སོང་།།
གོས་སེར་གྱོན་པའི་ཉམས་ལེན་འགྲོ་སྟངས་བསླབས་ནས།།
སེམས་ཀྱི་སྒོ་མོའི་ཕྱི་ནང་གཟུགས་སུ་བཀོད་འགྲོ།

མུན་པས་དྲག་ཏུ་ཁེབས་པའི་རང་རྟེན་ལུས་ལ།།
རླུང་བུ་དལ་གྱིས་ལྡིང་བས་ཡོངས་སུ་བསྐོར་ནས།།
བསམ་བློའི་སྒྲོན་འོད་ཆུང་ཆུང་གཟིམ་ལ་ཉེ་བའི།།
ཞབས་རྗེས་ལྷོད་ཀྱིས་འཁྱུགས་པའི་འོད་མདངས་བསླུས་སོང་།།

སེམས་པ་གཞན་ལ་ཤོར་བའི་ཁ་བའི་གྲོང་དུ།།
རང་ཉིད་རང་གིས་བསླུས་པའི་སྡུག་བསྔལ་འདུག་པས།།
གསེར་རྡུལ་བསྡུས་པར་བཞེངས་པའི་ཚེ་སྲོག་རྒྱ་ཆེན།།
དོན་གྱི་དཀྱིལ་འཁོར་བྲལ་བའི་ངང་ཚུལ་སྐྱོ་ཨང་།།

སྙིང་གི་གཡུ་སྦྲང་འགུག་པའི་མེ་ཏོག་ཆུན་པོ།།
མདུན་གྱི་གཡང་ས་ཆེན་པོར་འཛུམ་གྱིས་བཞད་དུས།།
གཡུང་དྲུང་གཟིགས་རིས་གྱོན་པའི་གཡུ་སྦྲང་གཞོན་ནུ།།
བཅུད་ལྡན་འདབ་བརྒྱའི་ཟུར་ལ་ཆགས་ས་མ་རེད།།

སུན་འབྱིན་ཤོག་ལྷེར་བྲིས་པའི་རང་སེམས་རྩལ་གྱིས།།
སྡོམ་ཁྲིམས་གདོང་ལ་ཕབ་པའི་ཉེས་དམིགས་འཐག་བཞིན།།
མཐའ་འཐོར་ཉམས་ལེན་ཙམ་ཞིག་ལྡན་ཙམ་བྱས་ཏེ།།
ཚད་མའི་སྐྱེས་བུ་དགྱེས་པས་མཆོད་ཕྲེང་བསྒྲིགས་སོང་།།

རོ་བཅུད་རྡུལ་ཕྲན་ཙམ་གྱི་རྩེ་ཙམ་མེད་པའི།།
རིན་ཆེན་ཏིལ་ཙམ་དབེན་པའི་ཁང་རྙིང་སྐྱ་བོ།།
རྨོངས་མུན་འཐིབ་པའི་གྲོང་གི་མྱ་ངན་ཀློང་འདིར།།
གསུང་དབྱངས་རང་གྲོལ་མགྲིན་པའི་ལྷ་མོས་མ་གཟིགས།།

བྱིན་རླབས་ཡོད་ཚད་བསྡུས་པའི་རི་ཁྲོད་དགོན་ལ།།
དོན་གྱི་འབྲས་བུ་གཏམས་པའི་བརྩོན་པ་ཟབ་མོ།།
སེམས་པའི་ཕྱི་ནང་ཀུན་གྱི་དཔལ་ལ་བསུས་ནས།།
ཆུ་མོའི་ཐོད་ཕྲེང་བརྒལ་ནས་ལམ་ལ་ཆས་སོང་།།

བྱམས་ལྡན་ཕ་མའི་བརྩེ་བ་རྒྱབ་དུ་གཡུགས་ནས།།
མཐོན་པོ་དཔོན་གྱི་རིང་དུ་བསླུས་ནས་མ་བསྡད།།
སེམས་ཀྱི་རྟོགས་པ་གྲོལ་བའི་མགོན་ཞིག་བཙལ་ནས།།
བདེན་པའི་ས་གཞི་མཐོང་བའི་ལམ་ཞིག་སྙེག་འགྲོ།

ཁུ་བྱུག་སྙན་ལ་ཆགས་པའི་འདུ་སྣང་ཕྲ་མོ།།
ཐོག་མདའི་མེ་ལྕེ་རྒོད་པོས་ལྷག་མེད་བཅོམ་སོང་།།
སེམས་ཀྱི་གདོང་ལ་བབས་པའི་ཕམ་ཁ་དྲགས་པོ།།
དད་སེམས་ཕྲ་མོ་ཞིག་གི་སྟན་ལ་ཆགས་འདུག།

རོལ་དབྱངས་ནག་པོ་ཞིག་གི་གདངས་ལ་ཉན་ཏེ།།
སྐྱོ་བས་མནན་པའི་ཕུང་བོ་དབང་མེད་ལྷོད་བྱུང་།།
རེས་ཡུག་ཁྲ་བོ་ཞིག་གི་ཟ་ཟུར་ཁྲོད་ནས།།
སེམས་ཀྱིས་བཞེངས་པའི་འཁྲུལ་སྣང་རྫོགས་མཐའ་བྲལ་སོང་།།

མཐོང་སྣང་སྒྱུ་མས་བསླུས་པའི་མི་ཚེ་ཁྲ་ཁྲ།།
ཨ་གསར་གདོང་ལ་བཏེགས་ནས་གཡམ་རྒྱུགས་མ་བྱས།།
རང་འདོད་སྤུ་གྲུའི་རྣོ་ཁ་བརྡར་ཙམ་བྱས་ཀྱང་།།
རྟུལ་ཕོད་ཆེ་བའི་མཁར་ལ་འགྲོ་འདོད་མ་བྱུང་།།

རྒྱུ་ཚོགས་བསམ་བློ་བསྐྱངས་ནས་ལྗང་མྱུག་འབུས་སོང་།།
ཡང་དག་ཚད་མས་བཞེངས་ནས་བདེན་དོན་རྟོགས་སོང་།།
རང་འདོད་ལོངས་སྤྱོད་མངར་བའི་བཅུད་ཀྱི་ཉིང་ཁུ།།
དད་པའི་རྟེན་ཐོབ་འདི་ལ་གསོན་ཤུགས་རྒྱས་སོང་།།

རབ་དྭངས་ཟླ་ཤེལ་གསལ་འདྲའི་འཆར་ངོས་ཤིག་དང་།།
ངུར་སྨུག་རས་སེར་གནབས་པའི་ཉམས་ལེན་རེ་གཉིས།།
དོན་གྱི་གོ་འཕང་དེ་ལ་རེ་སྨོན་བྱས་ཏེ།།

མི་ཚེ་དོན་སྙིང་བྱས་པའི་ཕུག་འདུན་སྒོམ་སོང་།།



འཁོར་བའི་རྒྱང་གླུ།

           རྩོམ་པ་པོ།  རྨོག་སངས་རྒྱས་རྒྱ་མཚོ།     མཚོ་ཤར།
དབྱིངས་ཀྱི་སྟོང་བར་སྨུག་སྤྲིན་འཁོར་ཞིང་།།
སྨུག་སྤྲིན་དེ་ཉིད་དཀར་ཞིང་དྭངས་པ།།
ལག་པས་མྱོང་ཙམ་བྱེད་པར་འདོད་ཀྱང་།།
ཚོར་བའི་སྣང་བ་ཡག་པར་མ་སྣང་།།

བསིལ་བའི་རླུང་བུ་འུར་འུར་བསླངས་ཏེ།།
ཆུ་འཛིན་འདབ་མ་གཡོ་ཙམ་བྱས་པ།།
དྲི་བསུང་འཐུལ་དང་འཐུལ་འཕྲོད་བྱས་ཏེ།།
རི་སྒང་གྱེན་ནས་མཁའ་ལ་ཕྱོགས་པ།།

མེ་ལོང་ངོས་སུ་གྲིབ་གཟུགས་འཆར་ཞིང་།།
སྣང་བའི་གྲིབ་གཟུགས་ཆུ་ཤེལ་འདྲ་བ།།
ཡིད་འོངས་བློ་སེམས་དེ་ལ་གཏད་ཀྱང་།།
འཁོར་བའི་སྣང་བ་འདི་ནས་གཟས་བྱུང་།།

སྐྱེ་བའི་སྐྱེ་བ་རྟག་ཏུ་བརྟན་ཡང་།།
བྱ་བྲལ་སྙིང་བོ་མངོན་པར་དཀའ་འོ།།
མི་རྟག་རང་བཞིན་མིག་ཁར་མངོན་ཡང་།།
འབྲས་སྤྱི་ཙམ་ཞིག་གང་ནས་རྟོགས་འགྲོ།།


སྲེད་པའི་འོད་ཅིག་ལམ་སྒྲོན་བྱས་ཤིང་།།
ཚེར་མའི་མདངས་ཉིད་ལོ་ཏོག་བསམ་ལ།།
གནམ་གྱི་རྩེད་ལམ་འཁྱམ་འཁྱོམ་རེག་པར།།
རྐང་ལམ་དཀར་པོ་ཚང་ལ་ཕབ་འོང་།།

ཚེར་ཤུལ་སྐྱ་བོའི་ཁ་བཏགས་བཟུང་སྟེ།།
རྨི་ལམ་མགྲོན་པོའི་ཕྱི་ནང་མཐོང་འདོད།།
རྒྱང་ཆོད་ལས་དང་སྨོན་ལམ་རྩུབ་པས།།
འཆར་སྣང་ཟླ་འོད་གང་དུ་འཕྲོས་འགྲོ།

ས་གཞིའི་མཆིལ་མ་གདོང་ལ་ལྷུང་ནས།།
སྲིད་པའི་ང་ཉིད་གཡེང་བར་མཆེད་དེ།།
བརྩེ་བའི་གཙང་བོ་བརྒལ་བར་སེམས་ཡང་།།
ཆུ་རྒྱུན་རིང་མོའི་དྭངས་གཙང་བསླུས་སོང་།།

ཉི་མའི་ཁ་ལོ་རབ་དུ་བསྒྱུར་དུས།།
འོད་མདངས་སེར་བའི་ཐིག་ལེ་དབང་བསྒྱུར།།
ཆར་སྡོད་བྱེའུའི་ངུ་སྐད་གཡོགས་སུ།།
རྨི་ལམ་སྦས་པའི་མཆི་མ་འདོན་བྱུང་།།

མཚན་མོའི་ཟླ་འོད་རུམ་ལ་བཅུག་སྟེ།།
སེམས་ཁྲལ་བྱམས་པའི་ཞལ་རས་སྒོམ་ཞིང་།།
སྐར་མདའ་ཡོམ་ཡོམ་རྒྱག་པའི་སྣང་བ།།
མཚན་ལྗོངས་འདི་གའི་བག་ཕེབས་ཡིན་སོང་།།
                      ༢༠༡༤。༦。༢༠ཉིན་བྲིས།
                      ༢༠༡༤。༦。༢༢ཉིན་མཐའ་བཅོས་བརྒྱབ།



༄༅། །ཚིག་གིས་བསླེས་པའི་དྲིལ་བུ།
                     རྩོམ་པ་པོ།  རྨོག་སངས་རྒྱས་རྒྱ་མཚོ།
ཟླ་འོད་སྲེག་ནས་རྨི་ལམ་རྨིས་མ་ཐག།
གཟུགས་མེད་སྒྲ་ཞིག་སྟོང་བའི་ཁམས་སུ་གྲགས།།
མཚོན་དང་བྲལ་བའི་ལུས་པོ་དེ་རུ་འཕངས།།
དེ་ནི་ཚིག་གིས་བསླེས་པའི་དྲིལ་བུ་རེད།།

ཡར་ཤོག་ལག་པས་བསྐོར་བའི་ཆ་ཙམ་སྣང་།།
སྒྱུ་མའི་གྲོང་དེ་ཉེ་བའི་འཁོར་ཏུ་ཆགས།།
རང་སད་རླངས་པའི་འཁྱུགས་པ་འདེད་ཙམ་བྱས།།
དེ་ནས་ཚིག་གིས་བསླེས་པའི་དྲིལ་བུ་མཐོང་།།

མུན་ནག་ཟླུམ་པོ་རེ་བའི་མཁར་དུ་ལྷུང་།།
ཆུ་ཤེལ་སྒོར་མོའི་ཟུར་ཙམ་དེ་རུ་དྲིལ།།
སྙིང་རྗེ་མཐོ་བའི་མཁར་དེས་དཀྱིལ་གྲོང་དུ།།
ཚིག་གིས་བསླེས་པའི་དྲིལ་བུ་བསིལ་བསིལ་གྲགས།།

རྡོ་དང་རྡོ་བ་ཕར་གཡུགས་རྩལ་གྱིས་བསླངས།།
ཆུ་དང་ཆུ་མོ་མཁའ་ནས་འཕྱར་ཙམ་བྱས།།
ཅེར་བའི་མིག་ཟུང་ཀེམ་ཀེམ་དེ་ལ་གཏད།།
དེ་ནས་ཚིག་གིས་བསླེས་པའི་མཚོན་མདངས་ཤར།།

བརྩེ་འཕྲིན་མེ་ཏོག་ཆུ་ལ་བསྐུར་ནས་འཕྲོད།།
མེ་ལྕེབས་གར་དུ་འགྱུ་བའི་རྩེད་འཇོ་དང་།།
ཟློས་གར་རྩེན་པའི་སྣང་བ་ཤར་དུས་སུ།།
རི་ལ་འཁྱུད་པའི་ཁ་བ་གང་དུ་འཐོར།།

དཔྱངས་སྒྲོན་འོད་ཟེར་དབྱིངས་སུ་འཕྲོ་སྐབས་ཏེ།།
སོར་གདུབ་དྭངས་གསལ་ཆུ་ཕྲན་ལྟ་བུར་འགྱེལ།།
མེ་ལྕེབ་གར་དུ་འགྱུ་བའི་རྩེད་འཇོ་ཉིད།།
རོལ་མོ་ཕལ་བ་དཀྲོལ་པའི་རྣམ་ཤེས་སྤྲུགས།།

གཡོ་བའི་སྨུག་སྒྱུ་རི་ལ་འདྲེས་གླགས་དེར།།
ཁྲོ་གཏུམ་དྲག་པོས་ས་བཞི་དམར་པོར་བསྒྱུར།།
བསིལ་བའི་རླུང་བུ་གྱེན་དུ་ལྡིང་པ་ན།།
ཚིག་གིས་བསླེས་པའི་དྲིལ་བུ་སྐྱོ་བར་འཇུས།།

མེ་ཏོག་དམར་པོ་ཞིག་གི་ཕྲ་རྒྱན་ནི།།
གནམ་ནས་ས་ལ་གེར་ཞིང་ས་གཞི་མཛེས།།
སྦྲང་མའི་གཤོག་པ་འགུལ་པའི་མཚམས་སྣང་དེར།།
ཟིལ་བ་ཡོམ་ཡོམ་བཞིན་དུ་ས་ལ་འཐིམ།།
             ༢༠༡༤·༦·༢༤ ཉིན་གྱི་མཚན་མོར་རི་སྒང་ཞིག་ཏུ་བྲིས།
                     ༢༠༡༤·༦·༢༦ ཉིན་གྱི་ཉིན་མཐའ་བཅོས་བརྒྱབ།


༄༅། །གསེར་སྦྲང་འཕུར་ཐལ།
                     རྨོག་སངས་རྒྱས་རྒྱ་མཚོ། མཚོ་ཤར།
                __༡__
སྙིང་གི་ཐིག་ལེ་འདྲའི་གཅེས་ཤིང་སྤྲས་པའི།།
གཉུག་མའི་འོད་གསལ་གྱི་རི་མོ་སྨུག་པོ།།
ཤ་རྐང་རུས་པ་ཡི་གཏིང་ལ་སིམས་ཤིང་།།
ཚེ་རབས་འདི་ག་ཡི་གསང་བ་ཡིན་སོང་།།
               __༢__
གྲུ་གཟིངས་ཡོམ་ཡོམ་གྱི་རླབས་སྒྲར་འགྲོགས་ནས།།
བརྩེ་བའི་འཁྲབ་གཞུང་གི་སྲོལ་དེ་བརྐྱངས་ཤིང་།།
རྐང་གླིང་ཁེར་འབུད་ཀྱི་མཆོད་སྤྲིན་འཐིབ་ཡང་།།
བརྩེ་བའི་གཡུལ་ས་ནས་ཕམ་ཁར་རོལ་སོང་།།
                __༣__
དཔྱད་པའི་རིག་པ་ཡིས་རྣོ་ལས་མ་བརྟོལ།།
ལུང་གི་སྐུད་པ་ཡིས་བར་ནས་མ་ཟིན།།
ཡིན་ཡིན་ཅོག་ཅོག་གི་སོ་མཚམས་ཤིག་ནས།།
བརྩེ་བའི་རི་ཆེན་ཞིག་བརྒལ་དགོས་བྱུང་སོང་།།
                   __༤__
འཕུར་ཁའི་གཤོག་སྒྲོ་ཡིས་འུར་ཙམ་བསླངས་རྗེས།།
བཙན་བསྡད་ཚང་མལ་གྱི་དྲོད་དེ་འཁྱགས་ཤིང་།།
དཀར་ནག་མེ་ལོང་གི་ངོས་སུ་སྣང་བའི།།
ཚོར་བའི་རི་མོ་ཞིག་སྙིང་ལ་སིམས་སོང་།།
               __༥__
ཕྱི་ལ་སྡུག་བསྔལ་གྱི་གྲང་རེག་མཐོ་ཞིང་།།
ནང་ལ་བརྩེ་བ་ཡི་ཚ་བས་གནོན་དུས།།
ཉེས་མེད་པདྨ་ཡི་ཟེའུ་འབྲུ་སེར་པོ།།
ཚ་གྲང་རུས་མེད་ཀྱི་དྲུངས་ནས་གཞོམ་སོང་།།
                __༦__
ཐིག་རྩ་དམར་པོ་ཞིག་དྲང་མོར་འཐེན་ཏེ།།
དྲི་བྲལ་ཡངས་ལམ་ཞིག་དཀར་གྱིས་ཕབ་ནས།།
སྣང་བ་མེ་ཏོག་གི་མཆོད་པ་འབུལ་ན།།
མུ་ཏིག་སིལ་སྒྲ་བཞིན་འཐོར་ནས་ཕེབས་སམ།།
                ༢༠༡༤·༥·༢༧་ ཉིན་བྲིས་པ་དགེ་ལེགས་འཕེལ།



༄༅། །ཇ་དང་སེམས། སེམས་དང་ཇ།
                       རྨོག་སངས་རྒྱས་རྒྱ་མཚོ།  མཚོ་ཤར།
              —༡—
ཕྱི་ནང་དྭངས་ཤིང་གསལ་བའི།།
ཤེལ་གྱི་ཕོར་བའི་བརྡེབས་སུ།།
ཇ་ལོ་འཁྱུག་ཙམ་གཡོ་དུས།།
སེམས་པ་མངར་ཙམ་བྱས་འགྲོ།
              —༢—
དགུན་ཁའི་གྲང་རེག་སྟོབས་ཀྱིས།།
ཇ་རླངས་འཁྱར་འཁྱོར་དེ་ཀོ།།
ཙག་ལ་འདྲེས་པ་ཚོར་དུས།།
སེམས་པ་འཁྱག་པས་གཅུན་འོང་།།
             —༣—
དབྱར་ཁའི་བསིལ་ལྗོངས་འོག་ནས།།
སྦྲང་མའི་གཤོག་རྩལ་འཁྱུག་དུས།།
ཇ་ལོ་གཡུ་མདོག་ཅན་པོས།།
སེམས་ཀྱི་སྐོམ་གདུང་སེལ་འོང་།།
         —༤—
སྟོན་ཁའི་ལོ་མ་སེར་པོ།།
སྡོང་བོའི་འགྲམ་ལ་ལྷུང་དུས།།
ཆུ་ཁོལ་དྭངས་མར་བསྲེས་པས།།
ཇ་ཁུས་ལྕེ་སྣེ་བཟི་འགྲོ།།
         —༥—
དཔྱིད་ཀའི་གྲོག་མ་གསར་གསོན།།
ས་ཁར་འགྲོ་འོང་བྱེད་དུས།།
ཇ་ཁུ་དམར་པོས་མདངས་ཉིད།།
མུ་ཏིག་དམར་ཆུང་ཡིན་འགྲོ།
        —༦—
ཚ་དེམ་སྐེད་ཉག་ནང་ནས།།
ཇ་ཕོར་སྐེད་སྟུག་ནང་ལ།།
ཆུ་ཁོལ་གསར་ཁོལ་བླུགས་དུས།།
ལྗང་ལོའི་ཁུ་བ་མངོན་བྱུང་།།
   ༢༠༡༤ -༥ - ༡༣ -ཉིན་བྲིས།


གསར་སྐྱེས་རྩོམ་པ་པོའི་མིང་ལ་སངས་རྒྱས་རྒྱ་མཚོ་ཟེར།  ཕ་ཡུལ་མཚོ་སྔོན་པོ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཅང་ཤེས་ཞང་རྨོག་རུ་སྡེ་བའི་ཡིན།  ཆུང་དུས་ནས་ཕ་མ་ཟུང་གི་བཀའ་དྲིན་ལས་སློབ་ཆུང་ནི་ཆབ་ཆ་ནས་མཐར་ཕྱིན།   རང་ལོ་བཅུ་བཞིའི་སྟེང་རབ་ཏུ་བྱུང་ནས་མདོ་སྨད་དྷཱི་ཚ་དགོན་དུ་ཆས། ད་ཆ་དྷཱི་ཚ་དགོན་ཆེན་ན་སློབ་གཉེར་བྱེད་བཞིན་མཆིས་སོ། །


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
sphv བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རིན་བཟང་། སྤེལ་དུས:2014/8/15
རེ་བ་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15102089
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号