༄༅། །རྩོམ་ཡིག་འབྲི་མཁན་ལ་ཕུལ་བའི་ནང་གཏམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 8 རེས་གཟའ་ལྷག་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »༄༅། །རྩོམ་ཡིག་འབྲི་མཁན་ལ་ཕུལ་བའི་ནང་གཏམ།
༄༅། །རྩོམ་ཡིག་འབྲི་མཁན་ལ་ཕུལ་བའི་ནང་གཏམ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/8/16ལྟ་ཀློག (2372)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྨ་ཆུའི་བསམ་གཏན།

༼༡༽

      ལག་ཏུ་སྨྱུ་གུ་འཛིན་ཞིང་ཤོག་བུའི་འཇིག་རྟེན་དུ་སྣང་བའི་རྒྱལ་ཁམས་འཛུགས་མཁན་གྱི་ཁྱོད་ནི་གང་ལྟར༼རྩོམ་ཡིག༽ གི་ཆེད་དུ་དུས་ཚོད་ཕོན་ཆེ་བ་འགྲོ་གྲོན་གཏོང་མཁན་ཞིག་ཡིན་ཕྱིན་དེ་ལ་ཅིས་ཀྱང་རང་ཉིད་ཀྱི༼རྩོམ་རིག༽ མངའ་ཁོངས་ཤིག་གཅེས་སྐྱོང་བྱ་རྒྱུ་ལྷགས་ཡོད་ཅིང་། ཡང་མི་དེ་ལྟ་བུ་ལ་གསེར་དངུལ་བཞིན་གཞན་ལ་ངོམ་སོར་བཤམས་རྒྱུ་ཞིག་ཡོད་པ་ནི༼རྩོམ་ཡིག༽ལས་གཞན་ཅི་ཡང་མེད་ལ། ངོམ་སོ་དེའི་ཆེད་དུ་རང་ཉིད་ཀྱི་དུས་ཚོད་དང་།  ནོམ་པ། ཐ་ན་མི་གཤིས་ཀྱང་འགྲོ་སོང་གཏོང་བཞིན་པ་ནི་རྒྱུན་ལྡན་ཞིག་མ་ཡིན་ནམ།  ཁྱོད་ནི་ངོ་མ་སྨྱུ་གུ་ཐོགས་མཁན་གྱི་མི་རྣམ་དག་ཅིག་རེད་ཅེས་གསར་འགྱུར་སོགས་ནས་རྒྱུད་སྒྲོག་བྱ་ཆོག་ལ་མི་སྐོར་ཞིག་བསྡུས་ཏེ་ཉིད་ཀྱི་འཁྲུངས་སྐར་ལ་ཆང་འཐུང་ཡང་ཆོག་པ་རེད།  དེ་ལ་དོན་སྙིང་ཅི་ཞིག་ཡོད། དྲང་མོ་བཤད་ན་དོན་སྙིང་གི་ཕྱོགས་ལ་བསམ་གཞིག་ཡག་པོ་མ་བཏང་བ་འདྲ། འདང་རེ་བརྒྱབ་ན་ངོ་རེ་ཚ།གང་ལྟར་ངོམ་སོ་དེ་ནི་ང་ཚོ་སྤྱི་ལ་དབང་བའི་བཟོ་སྐྲུན་གྱི་རྣམ་པ་ཞིག་ཏུ་དགར་ཆོག་པའི་དབང་དུ་བཏང་ན་མི་སྒེར་གྱི་བདག་གི་བ་ལས་ཁྱད་དུ་འཕགས་པའི་རྩ་བ་ཡང་དེ་ཡིན་ལ། ཁྱོད་རང་སྤྱི་ཚོགས་དེའི་ཆེད་དུ་གསོན་ཡོད་པར་བཤད་ཀྱང་ཆོག  འོན་ཀྱང་ལྷག་བསམ་དེ་ནི་ཉེན་ཁའི་ངོགས་སུ་བཅར་ནས་ཡོད་དེ།  ཁྱོད་ནི་སྤྱི་ཚོགས་ཀྱི་ཁམ་འབྲས་ལྟ་བུ་རེད།  ཕལ་ཆེ་བ་ནི་ཁ་མཚར་འབྲི་མཁན་ནམ་སྒྲུང་བ་རྐྱང་བ་ཡིན་པས་སོ། གལ་ཏེ་ཁྱོད་ནི་ཤེལ་བཞིན་དྭངས་པའི་རྣམ་དཔྱོད་ཅན་ཞིག་ཡིན་ནའང།  མི་མངོན་ཀག་གི་ལ་མོ་ཡང་དལ་གྱིས་སྒྲོལ་དགོས་པ་མ་ཡིན་ནམ།  རྒྱུ་མཚན་ནི་དམེ་བཙོག་ངན་ངོན་གྱི་སྤྱི་ཚོགས་དེའི་ནང་ཁྲོལ་མཐོང་ཐེངས་རེར་ཆུ་ཤེལ་བཞིན་དྭངས་པའི་ཁྱོད་དང་ཁྱོད་ཀྱི་ཤེས་རབ་ལ་གྲིབ་ནད་ཕོག་པར་ཐེ་ཚོམ་ཟ་མ་དགོས།  དོན་དེར་སུས་ཀྱང་སེམས་ཁྲལ་ཡག་པོ་བགྱིས་མེད་ལ། གྲིབ་ནད་དེ་རིགས་ལ་ཆེད་དུ་རིམས་འགོག་ལས་ཀ་ཡང་བྱས་མེད།  སྨྱུ་གུ་འཛིན་མཁན་ཁྱེད་ཀྱིས་ཀྱང་དེ་ལ་དོ་སྣང་ཆེར་མི་མཛད་པར་རང་ཉིད་ཀྱི་དང་རྩེ༼ཤེས་རབ། བློ་གྲོས།༽ ནི་ཐེ་ཚོམ་ཞིག་ཏུ་ལྟ་བཞིན་ཡོད་ལ། དེ་ནི་ཉིད་ལ་ལྷག་བསམ་གྱིས་རྒྱུན་པར་སྤྱི་ཚོགས་ནི་ཡོད་ཚད་ཡིན་ཞེས་བྱ་བའི་བསླུ་བྲིད་དུ་མནོལ་བ་མ་ཡིན་ནམ།   དེ་བཞིན་གྲིབ་ནད་དེས་སྐུ་ཉིད་ཀྱི་ཁྲག་རྒྱུན་ཟིན་ཡག་བྱས་ཡོད་པས་རྟགས་མཚན་དུ་མ་མངོན་གྱིན་འདུག སྤྱི་ཚོགས་ཧྲིལ་བོ་ནི་བྱ་ར་བ་རེད།  ཕྱོགས་བཞི་རུ་རྩང་གཟུགས་བསླངས་ཡོད་པས། ཁྱོད་རང་ཁོར་ཡུག་ལ་བསྟུན་ཅི་ཐུབ་བྱེད་པའི་མི་བྱང་མ་ཞིག་ཆགས་པ་རེད། དེ་ནས་བཟུང་ཉིད་ཀྱི་ཚེ་སྲོག་རྐ་ལམ་ཁོ་ནར་རྒྱུ་བའི་གྲོག་ཆུ་ཞིག་ཡིན་ཕྱིན༼ཆུ་སྣ་གར་ཁྲིད༽ཅེས་པའི་གཏམ་དཔེ་ཞིག་ཐོན་པ་རེད། རྐ་ཆུ་དེ་ནི་ཁྱིམ་སྤྱོད་རྫབ་ཆུ་རུ་འགྱུར་ངེས་ཏེ།    ཁྱོད་ཀྱི་ཤེས་རབ་ནི་སྣམ་ཕྱིང་གི་སྦུ་གུར་རྒྱུག་གིན་ཡོད།   དྲང་གཏམ་བཤད་ན་ཁོ་ཚོས་ཁྱེད་རང་མིག་རྩ་རུག་རུག་འགུལ་བའི་རི་དྭགས་སྙིང་ཆུང་ཞིག་ཏུ་བརྫིས་ནས་འབག་སྐུ་རུ་བཤམས་ཡང་སྲིད།  དེ་ནི་ཁྱོད་ཀྱིས་རང་ཉིད་ཀྱི་དང་རྩེ༼ཤེས་རབ། བློ་གྲོས།༽ལ་ཡིད་ཆེས་བོར་བས་གོད་ཀ་རེད།  སྤྱི་ཚོགས་ཧྲིལ་བོས་དེ་ནས་བཟུང་ཉིད་ལ༼མྱི་བླ་ཡང་ཞིག་རེད༽ཟེར་བ་ཙམ་ལས་དེ་ལ་རྟེན་འབྱུང་གི་རྩིས་སྒྲིག་མེད།     ནག་ཉེས་ཡོད་ཚད་རང་ཉིད་ཀྱིས་ངོས་ལེན་བྱ་དགོས།  ཁྱོད་ཀྱི་དང་རྩེ༼ཤེས་རབ། བློ་གྲོས།༽འདོར་དགོས་པ་རེད། ཁྱོད་རང་མ་གཞི་སྤྱི་ཚོགས་ཀྱིས་གཙབ་ཧྲལ་བཏང་ཟིན་པ་མཚོན།      དེང་མའི་བསྟན་བཤིག་ཚ་བའི་གཤིས་ཀ་དེ་གར་སོང་ཆ་མེད་དུ་གྱུར་ནས་མི་ཡུལ་སྤྱི་མཐུན་གྱི་གཞུང་ལུགས་༼ཁྲིམས་ལུགས། ཆོས་ལུགས། ཀུན་སྤྱོད། གོང་ཐང་།༽བལྡདཀྱིན་ཐོད་པ་དང་ཉི་མ་ནི་མ་གཞི་ལས་དབང་ཞིག་ཏུ་རང་གི་ཐོད་ཁར་ཤར་ནུབ་་་བྱེད་པར་བཤད་ཀྱང་སྲིད།      དོན་ལ་ཁྱོད་ནི་ཆེས་སྤྱིར་བཏང་གི་སྲོག་ཆགས་ཤིག་ཡིན་ཞིང་། ཡང་ན་ཁྱོད་ནི་ཆེས་གད་སྙིགས་ཉུང་བའི་སྲོག་ཆགས་ཤིག་རེད་ཅེས་བཤད་ཀྱང་ཆོག་སྟེ།   འདིར་གཙོ་བོ་སྐད་ཆའི་གད་སྙིགས་ཟེར་བ་ཡིན་ལ། ཁྱོད་ཀྱིས་སྤྱི་ཚོགས་གང་དེའི་འཁོར་རྒྱུན་ལ་བར་ཆད་བཟོས་མ་མྱོང་བ་ནང་བཞིན། ཁྱོད་ནི་མྱི་ཞེས་པའི་སྲོག་ཆགས་དེའི་དཔེ་མཚོན་ཡག་ཤོས་ཤིག་རེད།   

                          ༼༢༽ 

   བདག་གི༼ཉིན་ཐོ༽ ཨང་༦པའི་ནང་དུ༼རང་ཉིད་དུས་ནམ་ཡང་རང་ཉིད་དང་འགྲོགས་ནས་ཡོད་ཅིང་རང་ལ་དབང་བ་ཉག་ཅིག་པོའང་རང་ཉིད་ཡིན༽ཞེས་པའི་ཚིག་དུམ་ཞིག་ཡོད་པ་དེ་ནི་སྤྱི་ཚོགས་དང་རང་ཉིད་བར་གྱི་དབྱེ་ཐག་གསལ་འབྱེད་ཀྱི་རེ་འདུན་བཏོན་པ་ཙམ་ཡིན་མོད།  སྐད་ཆ་དེ་ཁྱོད་དང་བསྟུན་མིན་ཅི་ཆ། གོ་སྐབས་ཡོད་ཚེ་རྗེས་སུ་ཞིབ་མོར་བསྟན་ཡང་ཆོག་སྟེ།  རེ་བ་ཡིན་ན༼བདེ་ཐང༽དང༼བདེ་འཇགས༽གཉིས་ཀྱི་ལམ་ནས་བགྲོད་དགོས་པ་རེད། ཐོག་མར་ཁྱོད་ཀྱིས༼རང་ཉིད༽ རྙེད་དགོས་ཤིང་།༼རང་ཉིད༽ རྫུན་མ་དེ་བསྐྱུར་ནས   ༼རང་ཉིད༽ངོ་མ་དེ་འཚོལ་རྟོག་བྱ་དགོས་པ་རེད།     དེ་ལྟར༼རང་ཉིད༽ངོ་མ་གང་ཡིན་ཞིང་། གང་དག་ནི་རང་ཉིད་ཀྱི་རྒྱུ་དག་གམ་རྒྱུ་སྤུས་ངོ་མ་ཡིན་པ་གཏན་ཁེལ་རྗེས་ད་གཟོད ༼རྩོམ་རིག༽ བཟོ་སྐྲུན་གྱི་འཆར་འགོད་འཐེན་ཆོག་པ་རེད་མ་གཏོགས། མགོ་ལ་ཤོག་རྭ་བཙུགས་ནས་ཤྭ་གྲལ་དང་།    འཕོང་ལ་རྩམ་སྐྱ་བྱུགས་ནས་དགོ་གྲལ་དུ་བརྒྱུག་ན་རང་ཉིད་མཚོན་ཐབས་ཀྱི་ལས་རྐང་ལ་ཚེ་ཐག་མི་རིང་ཁོ་ཐག་རེད།    དོན་དམ་གྱི་རངཉིད་དེ་ཕྱི་རོལ་སྤྱི་ཚོགས་ནས་རྙེད་མི་སྲིད།  དེ་ཡང་སྐུ་ཞབས་ཐེ་ཀོར་ལགས་ཀྱིས༼ང་ཚོས་ཚེ་སྲོག་གཏིང་འབུལ་བྱས་ན་ད་གཟོད་ཚེ་སྲོག་གཏན་ཐོབ་བྱ་ཐུབ༽ཅེས་པ་དང་གཅིག་འདྲ་རེད།   ཁྱོད་ཀྱིས༼རྩོམ་རིག༽ གི་བྱ་གཞག་ལ་རང་གི་ཡོད་ཚད་འབུལ་བའི་ཆོད་སེམས་བཞག་ན་བཤད་རྒྱུ་མང་བོ་མེད་དེ།      མ་གཞི་ཁྱེད་ལ་རྒྱལ་ཁ་འཐོབ་རྒྱུ་ནི་ཁོ་ཐག་ཅིག་རེད།  ཁྱོད་རང་ཅིས་ཀྱང་ལས་ཀ་དེའི་མངའ་ཁོངས་སུ་བསྐྱོད་དགོས་པ་རེད།  ཆ་རྐྱེན་གང་འདྲ་ཞིག་དགོས་པ་རེད།  དེ་ནི་བསམ་གཞིགས་རྣལ་མའི་སྔོན་འགྲོ་ཡིན་ཞིང་། འདིར་ཡང་ཐོག་མའི༼ང་རྒྱལ༽གྱི་སོན་འབྲས་ཞེས་བརྗོད་ནའང་མི་་་་ཆོག་རྒྱུ་མེད།   ༼ང་རྒྱལ༽ནི་རང་ཉིད་མཚོན་ཚུལ་དགའ་ཤོས་ཤིག་རེད་དེ། འདིར་རང་ཆེ་རང་བཟང་གི་ང་རྒྱལ་ཟེར་བ་མིན་ལ།  ཕྲག་དོག་འཁོན་སྡང་གི་ང་རྒྱལ་ཟེར་བ་ནི་དེ་བས་ཀྱང་མིན་པར།  ངས་ནི་བདེ་ཐང་གི༼ང་རྒྱལ༽ཟེར་བ་ཡིན།      གསལ་བཤད་ཙམ་བགྱིས་ན་རང་ཉིད་ལ་ཡིད་ཆེས་དང་དག་་་་སྣང་འཛིན་པའི་རྨང་གཞི་ཟེར་ཡང་ཆོག   ཉིད་ལ་རྨང་གཞི་དེ་ཡོད་དམ།   འདིར་གླེང་བའི༼རྩོམ་ཡིག་དང་རྩོམ་རིག༽ཅེས་པ་དེ་ལ་གོ་བ་ཞིག་བླངས་ན་རང་ཉིད་ཀྱི་བརྩོན་པ་མ་ཞིག་པའི་ཤེས་ཡོན་ནི་རྩོམ་ཡིག་གི་དང་རྩེ་འདོན་པ་འམ་རྒྱུ་མཚན་གྲུབ་བྱེད་དེ་ཡིན་ཞེས་བཤད་ན་ཆོག་ལ།  དེ་ནི་ཐོན་སྐྱེད་ཅིག་ཏུ་བཤད་ཀྱང་ཆོག   དཔེར་ན་ཁྱོད་ནི་ས་འཛིན་ལྷུན་པོ་ཞིག་ཡིན་པའི་དཔང་དུ་བཏང་ན་ངེས་པར་དུ་གཏེར་ཁ་འདོན་དགོས་པ་རེད།     གཏེར་རྫས་ནི་ཁྱོད་ཀྱི་བློ་གྲོས་ཡིན་ལ།  དེ་ཕྱིར་འདོན་པ་ནི་བྱིན་གཏོང་གི་རིགས་སུ་ཡང་གཏོགས་པ་རེད།  དེ་ཕྱིར༼བདེ་ཐང༽གི་བདག་པོ་ཞིག་ཆགས་དགོས་པ་ཅི་འདྲ་གལ་ཆེའང་།     སྐབས་དེར་ཁྱོད་ཀྱིས་ཕྱིའི་ཡུལ་ལྗོངས་མཐའ་དག༼ཐ་ན་རང་ལུས་ཀྱང་འདུ༽ བདག་ཉིད་དུ་དབང་བར་ཉེར་ལེན་བྱ་མི་སྲིད་མོད།   བདག་ཉིད་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པ་གསལ་བོར་མཁྱེན་དགོས་སོ།        །

                         ༼༣༽

     དེ་ལྟར་འཇིག་རྟེན་པར་ཅི་བྱས༼སྙིང་བོ༽དང་། ཅི་སྒྲུབ༼རིན་ཐང༽བྱ་བའི་ཐ་ཚིག་ཅིག་ཡོད་པ་ནང་བཞིན།     ཁྱོད་ཀྱིས་མི་ཚེ་གང་བོར༼རྩོམ་ཡིག༽ཅེས་པར་ཤ་འཐམ་རོ་འཐམ་བྱས་ནས་མཐའ་མར༼སྙིང་བོ༽ཅི་ཡོད་པ་དང་།  མིག་མཐོང་ལག་ཟིན་གྱི ༼རིན་ཐང༽ག་རེ་རེད་ཅེས་དྲིས་ན།    དེ་ལ་ང་ཚོས་ཁྱོད་ལ་འཐོབ་ངེས་པའི༼རྫོགས་ལྡན་གྱི་བསྐལ་བ༽ཞིག་གམ་ཡང་ན༼དོ་མཉམ་རིང་ལུགས༽ཞེས་པའི་དམིགས་འབེན་ཞིག་ཡོད་པར་བསམས་ནས༼སྙིང་བོ༽འཚོལ་ལམ༼ནོལ་པེར་བྱ་དགའ༽    སོགས་གླེང་ནས༼རིན་ཐང༽གི་མཐའ་མ་གཏན་ཁེལ་བྱ་རྒྱུ་ཡིན། ཡང་ན༼རིན་ཐང༽དེའི་ལྟ་བའམ་དམིགས་ཡུལ་ནི་རང་ཉིད༼སྲོལ་འབྱེད་པ༽འམ་ཡང་ན༼ཤིང་རྟ་བ༽ལྟ་བུའི་ཆོ་ལོར་འཁྲེང་ནས་འབད་བརྩོན་བྱ་རྒྱུ་ཡིན།   དེ་འདྲ་ཡིན་ན་ཁྱོད་ལ༼རྩོམ་ཡིག༽མིན་པའི་མཐུན་རྐྱེན་གང་མང་ཞིག་འཛོམ་དགོས་ཏེ།    ཐོག་མར་རང་ཉིད་ཀྱི་གདུལ་བྱ་དེ༼ཀློག་མཁན༽གྱི་སྡེ་སྐུལ་སློང་བྱ་དགོས་པ།   ཚད་ངེས་ཅན་ཞིག་གི་འཕྲོར་ཁྱོད་ཀྱི་ཡིན་ངེས་པའི་བློ་གྲོས་གཏན་ཁེལ་རྗེས་ཁོ་ཚོར༼ཀློག་མཁན༽གཅིག་གྱུར་དང་ལེན་གྱི་འདུ་ཤེས་ཆགས་དགོས་པ། དེ་ལ་དམངས་གཙོ་ཞེས་བཤད་ན་འང་མི་ཆོག་རྒྱུ་མེད།   ཁྱོད་དང་ཁྱོད་ཀྱི༼རྩོམ་ཡིག༽འུར་ནས་རྒྱལ་མཚམས་བརྒལ་དགོས་པ།  བྱ་བ་དེར་དུས་ཚོད་ག་ཙམ་གྲོན་ཟད་དུ་གཏོང་དགོས་པ་རེད། རྩ་འཛུགས་ཀྱི་སྡེ་ལ་ཁ་ངོ་ག་ཙམ་འཚོ་དགོས་སམ། མཁའ་དབུགས་དེའི་ཆེད་དུ་རྨི་ལམ་ནར་ནུར་རིང་མོ་ཞིག་གཏོང་དགོས་པ་རེད།    མཐར་དེད་ན་དེ་ནི་རྩོམ་ཡིག་ལས་འདའ་བའི་བྱ་ཁྲལ་ཞིག་ཏུ་མི་འགྱུར་བའི་ངེས་པ་ཡང་མེད་དེ།     མདོར་དྲིལ་ན༼མིང༽ གི་ཆེད་དུ་རེད།    ཐོག་མའི་ཀུན་སློང་ནས༼རྩོམ་རིག༽དག་སྣང་ཅེས་པའི་ངོ་བོ་ནས་འགྱུར་ཡག་བྱས་ཚར་སོང་བ་མ་ཡིན་ནམ། ཡང་ན་དེ་བཞིན་ཁྱོད་ཀྱི༼རྩོམ་ཡིག༽ནི་ཕོགས་དངུལ་གྱི་ཆེད་དུ་བལྟས་ན་ཚོང་ལས་རིགས་ཀྱི་ཐོན་རྫས་ཡང་མོ་ཞིག་ཏུ་འགྱུར་བ་རེད། དེར་འཐོབ་པའི༼རིན་ཐང༽ནི་གསེར་དངུལ་རེད།     ཁྱོད་ཀྱིས་རྫུ་བག་ཆེན་པོས་ཐེ་ཀོར་ལགས་ཀྱི ༼གསང་བའི་ནོར་རྒྱུན༽ལྟ་བུ་ཇི་ལྟར་བྲིས་ཀྱང༼རྩོམ་རིག༽གི༼རིན་ཐང༽ངོ་མ་བོར་གཏོར་ཐེབས་ཚར་སོང་བ་རེད།   ཁྱོད་ཀྱིས་ཡང་སོས་བསྡུས་འཇོམ་ལྟ་བུའི་ལས་ཀ་ཞིག་གཉེར་བ་ནི་མི་ཚེའི་བྱ་བ་བདེ་ཐང་ཅན་ཞིག་མ་རེད།   ངའི་རེ་བ་ལ་ཁྱོད་ཀྱིས་རྩོམ་རིགས་བྱ་དགའ་གང་ཡང་མི་དྲན་པར་སྨོན།  མཚམས་འདིར་ངས་ཨམ་ཚུགས་བསྡམ་ནས་གསལ་འདེབས་ཤིག་བྱེད་པར་བྱ་སྟེ།   ང་ཚོ་དེ་རྩོམ་རིགས་ཀྱི་ཆེད་དུ་གསོན་པའི་མྱི་རྣམས་ཀྱིས་ཕྱིའི་ཡུལ་ལྗོངས་སམ་གྲོང་ཁྱེར་གྱི་དབང་ཐང་ལ་་གཏོགས་པའི༼རིན་ཐང༽ཡོད་ཚད་ཕམ་པར་བརྒྱབ་རྗེས་ད་གཟོད༼རང་ཉིད༽ལ་དབང་བའི༼སྙིང་བོ༽དང་།  ཕྱིའི་དབང་ཤུགས་ལ་སློང་མོ་བྱ་མི་དགོས་པའི༼རིན་ཐང༽ཞིག་འཐོབ་ཐུབ་པར་འབད་པ་ཧུར་ཐེག་ཅིག་མི་བྱ་འམ།  སེམས་ལྡན་གང་མང་ཞིག་གིས་འདི་ལྟར༼རང་ཉིད་ལ་དབང་བའི་སྙིང་བོ་ཞེས་པ་དེ་རྡོག་རྡོག་ཏུ་ལེན་རྒྱུ་ཡོད་དམ༽ཟེར་ཡང་སྲིད།  དེ་ལ་གཤམ་ནས་གསལ་བཤད་ཡག་པོ་ཞུ་གི་ཡིན།   ། 

                        ༼༤༽

       ཁྱོད་རང་འགྲོ་རན་དུས།   གང་ལྟར་ཁྱོད་ཀྱི་བསམ་བློ་ལ་ཡོད་ངེས་པའི་གནས་གཞི་དང་སྤྱི་འགྲོས་ཤིག་རྟག་ཏུ་འབྲལ་མེད་ངང་གནས་ཡོད་པ་དེ༼རང་ཉིད་འཇིག་རྟེན་འདིའི་མགྲོན་པོ་ཙམ༽མ་གཏོགས༼རྟག་བརྟན་གྱི་བདག་པོ༽ མ་ཡིན་པའི་ཉེར་ལེན་གྱི་ཡུལ་ན་རང་ལྟ་བུའི་དུས་ཚིགས་གཅིག་གི་ཤིང་འབྲས་ཤིག་སྤྲེའུ་གང་གི་ཁ་ཟས་སུ་འགྱུར་ཡོད། དེ་ལྟར་འཇིག་རྟེན་པའི་ཐོབ་ཐང་དེ་ཉེར་ལེན་གྱི་ཡུལ་ན་མ་ཡོད་པ་ཐོག་མཐའ་བར་གསུམ་ལ་སྐྱོ་སྣང་གི་ས་བོན་ལྟ་བུར་གྲུབ་ཡོད་ཅིང་། ཁྱོད་རང་དུས་ཚོད་ཀྱིས་བརྡར་བའི་མཆིག་ལྟེ་ཞིག་སྟེ།   འཇིག་རྟེན་ཧྲིལ་བོ་ཁྱོད་ཀྱི་ཆེད་དུ་འཁོར་གྱིན་པའམ་ཁྱོད་རང་འཇིག་རྟེན་ཧྲིལ་བོའི་ཆེད་དུ་མ་ཁོམ་པ་གང་ཡིན་ཡང་།  འགལ་བ་རྙོག་འཛིང་གི་ལུས་དང་སྣང་བ་གང་ལ་འང་གུ་ཡངས་མེད་པས་གང་ཉིད་འཆི་བར་མོས་ཤིང་། གནས་ཚུལ་དེའི་གཞོགས་སྐྱིབས་ཤིག་ན༼རྩོམ༽ཞེས་པའི་ལམ་ཞིག་གསར་སྐྲུན་དུ་ཕྱོགས་པ་དེ་རྟག་བརྟན་གྱི་གནས་གཞི་ཞིག་འཛུགས་སྐྲུན་བྱེད་པར་རེ་བའི་དན་་རྟགས་མ་ཡིན་ནམ།  དེ་ནི་གནད་དོན་དེའི་གསལ་བཤད་དང་པོ་ཡིན། ང་ཚོ་འདི་ནས་གང་དུ་འགྲོ་རྒྱུ་ཡིན། བསམ་བློའི་མཁར་རྫོང་གི་རྨང་རྡོ་གདིང་བར་མཐུན་རྐྱེན་ནས་སྟོབས་ཤུགས་ཅི་ཙམ་འཛོམ་དགོས། དེའི་ཕྱིར་ང་ཚོར་ཐེབས་པའི་ཕམ་ཉེས་ནི་འཇིག་རྟེན་གྱིས་ང་ཚོར་ཅི་ཡང་བརྩི་མཐོང་མི་བྱེད་པར་ཡོད་ཚད་ང་ཚོའི་ལྡོག་ཕྱོགས་ནས་འཇིག་རྟེན་རང་གི་བསྒྲིག་བཀོད་་ལྟར་འཁོར་སྐྱོད་བཀྱིས་ཟིན་པ་སུ་ལ་བཤད།    རྡུལ་ཕྱེ་བཞིན་འཚུབ་པའི་ཚེ་སྲོག་གི་རྟེན་གཞི་རེ་རེ་ཞེན་མེད་དུ་བརླག་པ་བཟོད་བསྲན་མ་ཐུབ་པར་རང་བྱུང་ཁམས་ཀྱི་ཆོས་ཉིད་རེད་ཅེས་ཅི་ཡང་ཟློག་མེད་ཀྱི་གནས་སུ་བཞགས། ང་ཚོ་ལ་ཅི་ཡང་འཆར་གཞི་མེད་པར་བསླེབས་ཤིང་། མཛེས་སྡུག་གི་སྟོང་བསམ་མཐའ་དག་མཇུག་མ་རྫོགས་གོང་ནས་འགྲོ་དགོས་བ་རེད།  ང་ཚོར་ཡིད་རྟོན་དང་རེ་བཞག་ཀུན་གྱིས་རྩུབ་རེག་གི་ཀུ་རེ་ཐེངས་མང་བརྩེས་མྱོངས་ལ། ད་གཟོད་རང་གི་རྩོམ་ཡིག་བཟོ་བསྐྲུན་ལ་སྨིན་པའི་འོད་སྣང་ཕྲན་བུ་དེ་གསང་བ་ལྐོག་གྱུར་གྱི་ཁྲོད་དུ་མཚེར་ཞིང་། རང་གི་བསམ་ཚོད་ལ་ཞུགས་ན་དེས་འཐེན་པའི་ལམ་ཐག་ནི་འཇིག་རྟེན་འདི་དང་རྒྱང་ནས་བཀྱེད་པ་གསལ་བོ་རེད།                       གང་གི་ཆེད་དུ་བསམས་ན་རང་གི་དྭངས་གསལ་ཤེས་རབ་བློས་མི་ཐོངས་ཤིང་། ཤེས་རབ་དེས་རང་ཉིད་ཀྱང་འཇིགས་རུང་གི་སྐྱེ་འཕོ་མཐའ་དག་ནས་གཡང་དུ་མ་གློད་པ་བསམས་ན། ད་གཟོད་རྩོམ་ཡིག་གི་ཐབས་ལམ་དེ་རང་བརྡ་རང་ལ་སྤྲོད་པའི་ལག་ཆ་མ་ཡིན་ནམ། ཀུན་སློང་དེའི་སྟོབས་ཤུགས་ནི་རྩོམ་རིག་ཡིན་ཞིང་། དེས་རང་ཉིད་ལ་གདམ་ཀ་ལེགས་པོ་ཞིག་སྤྲད་ཡོད་ཅིང་། ཤེས་རབ་ཀྱི་རུ་དཔུང་སྟར་ལ་རྒྱུས་པའི་ངང་ཚུལ་གྱིས་མདུན་ནས་མདུན་དུ་འགྲོ་དགོས་པ་རེད་ཨང་། དེ་ནི་གོང་གི་དྲི་བ་དེའི་ལན་གཉིས་པ་ཡིན།   སྐབས་དེར་ངེད་ཅག་འཇིག་རྟེན་ནས་རྒྱང་ཕུད་བཏང་བར་སེམས་མ་ཆུང་ཞིང་།  རང་ཉིད་ཁེར་རྐྱང་དུ་འགྱུར་བར་ངོས་ལེན་ཞུ་འབུལ་བྱ་ས་ཅི་ཡང་མེད་པར༼འོད༽ལྟ་བུའི་རང་་ཉིད་ནི་གསང་བ་ལྐོག་གྱུར་ཞིག་ཏུ་ལྟ་བ།   རང་ཉིད་ངོ་མ་སྤྱི་ཚོགས་དང་ཕྲལ་དགོས་པ་དོན་ཐོག་ཏུ་ཁེལ་སོང་བའི་སྣང་བ་ཞིག་འཆར་ཡང་སྲིད། དུས་ཚོད་དེར་ཐོན་དུས་ཀྱིས་འཇིག་རྟེན་ཧྲིལ་བོ་སྡང་ཟུག་ཏུ་འཛིན་པ་རང་གི་སྐྱོན་དུ་རྟོགས་དགོས།   ད་གཟོད་ཀ་ནས་འགོ་རྩོམ་དགོས་པའི་ལས་ཀ་ཞིག་དང་།  ཨ་ནས་མཇུག་སྡུད་དགོས་པའི་འགན་བབ་ཅིག་ཡོད་པར་འཇིག་རྟེན་པ་ཀུན་ཁ་མཐུན་ཞིང་། དང་ལེན་དེའི་ཁྲོད་དུ་ཉིད་ལའང་བགོས་བསྐལ་ཞིག་ཡོད་པ་ནི་པགས་པ་མཉེད་རྒྱུ་དེའོ། །   ཡིན་ཡང་ཉིད་ཀྱིས་པགས་མཉེད་ཀྱི་ལས་ཀ་དེ་ཉིད་དང་ལེན་བྱ་དགོས་ཤིང་།  པགས་པ་ནི་འཇིག་རྟེན་པས་ཉིད་ལ་ཁྱེད་ནི་མི་གསོན་པོ་ཞིག་རེད་ཅེས་པའི་བྱ་དགའ་ཡིན་ཡང་སྲིད། ད་དུང་མེ་ལོང་ནང་གི་ཁོ་ཚོའི་དགའ་སྡུག་ལ་འང་འབྲེལ་འདྲིས་གཟབ་ནན་བྱ་དགོས་པ་རེད། དེ་ནི་བདག་གི་གསལ་བཤད་ཀྱི་ལན་གསུམ་པ་ཡིན།   ངས་འདི་ལྟར་ན་ཟུག་ཆེན་པོས་སྤྱི་འགྲོས་རེ་རེ་བཞིན་གཏོར་བཅོམ་བྱས་རྗེས། བམ་མཐུག་པའི་རྫུ་བག་ཅིག་གི་འོག་ན་རང་ད་གཟོད་འཆི་མིན་གསོན་མིན་དུ་གནས་པ་ཚོར་རྟོགས་ཡང་དག་་བྱུང་། དེར་བསྟེན་ངེད་ཅག་ལ་རེ་བ་ཡོད། དེ་ལྟར་བརྗོད་ཀྱིན་རང་གི་བརྩེ་བ་དང་། ཞེན་པ་ཡོད་ཚད་དང་ཁ་ཐག་ཇེ་ཉེ་ཇེ་ཉེར་ཕྱིན་ཡོད་ཅིང་།  ༼རིན་ཐང༽ལ་རྒྱུས་པའི༼སྒྱུ་རྩལ༽དང་། ༼སྟོང་བསམ༽ལ་སྨིན་པའི༼དོན་དམ༽ཞིག་འཐོབ་པར་མཐུན་རྐྱེན་གང་མང་འཛོམས་ཡོད་པར་ང་རྒྱལ་བྱ་ཆོག་གི་རེད། སྐབས་དེར་ངས༼ཁྱེད་ཀྱིས་རང་ཉིད་དེ་ང་རྣལ་མ་གྲུབ་པར་ད་དུང་འབད་བརྩོན་བྱོས༽ཞེས་ནའང་འགལ་བ་ཅི་ཡང་མེད།  རྩོམ་རིག་པ་ནི་འཇིག་རྟེན་པའི་དཔག་བསམ་ལྗོན་པ་ཡིན། དེ་ཉིད་སྐྱེད་ནས་བསྲིང་བར༼བདེ་ཐང༽གི་ལས་མཐའ་དག་འཛོམས་དགོས་སོ།     །


                                ༢༠༠༡ལོའི་ཟླ་༥བའི་ཚེས་༢༣གྱི་མཚན་མོ་རྫོགས་པར་སྦྱར།



གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41725845
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1