ཚིིག་རྒྱག
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 19 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» གཞས་ར་ཁྲ་མོ། »ཚིིག་རྒྱག
ཚིིག་རྒྱག
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/9/5ལྟ་ཀློག (5146)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ལྷ་ས་ལྷ་ས་སྐྱིད་པ།།                          

དེ་ལས་ལྷ་གླུ་སྐྱིད་པ།། 

ལྷ་ས་ལྷ་ཀླུའི་བར་ལ།།

རྫོང་རྒྱབ་ཀླུ་ཁང་སྐྱིད་པ།།


ལ་མོའི་རྒྱབ་ཀྱི་ཆུ་མིག།

རྩྭ་ངན་རམ་པས་ཁེངས་ནའི།།

ད་དུང་ལྕང་གླིང་གྲུ་བཞིས།།

མ་འདོད་མདོག་མདོག་གནང་གིས།།


ཤར་ནས་སྐར་གཅིག་ཤར་སོང་།།

ནུབ་ནས་སྐར་གཅིག་ཤར་སོང་།།

སྐར་མ་གཅིག་ཤར་གཉིས་ཤར།།

ནམ་མཁའི་སྐར་གྲལ་བསྒྲིགས་སོང་།།


ཤར་ཕྱོགས་ཉི་མ་ཤར་བྱུང་།།

ནུབ་ཕྱོགས་ཟླ་བ་ཚེས་བྱུང་།།

ཉི་ཟླ་པདྨའི་གཟི་མདངས།།

འོད་ཟེར་བརྒྱུད་ནས་འཕྲོས་བྱུང་།།


ཆུང་འདྲིས་བྱམས་པས་བསྐུར་བའི།།

བག་ཟན་སྐམ་པོ་ཁྲོག་ཁྲོག།།

གནས་ཆུང་བྲག་ལ་གཞུས་པས།།

དན་འབག་ཁྱི་སྒྲ་ལངས་སོང་།།


ང་ཡིས་བཀྱག་པའི་མཆོད་ཆང་།།

མི་བཞེས་གསུངས་པ་མ་གནང་།།

མཁའ་འགྲོས་ནམ་མཁའི་དབྱིངས་ནས།།

བཀྲ་ཤིས་དགའ་གླུ་ལེན་གྱིས།།


ལྷ་ཡི་སྐར་མ་རི་ཥི།།

སྐར་མའི་ནང་གི་ནོར་བུ།།

རྒྱ་མཚོའི་རླབས་ཀྱི་ཆུ་མོ།།

བཟང་དྲུག་སྨན་ལ་འགྱུར་ཆོག།


དབྱར་ཟླ་གསུམ་གྱི་འཇའ་ཚོན།།

མཛེས་ད་མཛེས་པོ་འདུག་སྟེ།

ལུས་ལ་གྱོན་པའི་དཔེ་དེབ་དེ།།

ང་ཡི་ཡིད་ལ་མི་འདུག།


རླུང་བུ་རྒྱག་ནི་རྒྱག་གིས།

 གཞུང་བཟང་བསྒྲིལ་ནས་རྒྱོབས་ཤོག། 

 གཞུང་བཟང་མེད་པའི་རླུང་བུ།

 བརྒྱབ་དང་མ་བརྒྱབ་མི་འདུག


ཡོན་ཏན་བརྒྱད་དང་ལྡན་པའི།།

ཤར་ཕྱོགས་ཆུ་ཚན་རྫིང་བུར།།

ལྷ་ཡི་སྲས་དང་སྲས་མོ།།

ཁྲུས་གསོལ་བཞེས་ཕེབས་དང་།།


གནས་ཁང་གངས་རི་དཀར་པོ།།

ཁྱིམ་མཚེས་ལྷ་བྱ་གོང་མོ།

གཤིབས་ནས་ཡུན་རིང་སོང་ཡང་།།

སྒོ་མོ་འཛུལ་རེས་མི་འདུག།


དཀར་ཡོལ་འབྲུག་རིས་ནང་ལ།།

ནས་ཀྱི་བདུད་རྩི་ཞུས་ཡོད།།

ལག་གཉིས་མཐོན་པོར་བཏེགས་ནས།།

ཡིད་འཕྲོག་ཁྱེད་ལ་ཕུལ་ཡོད།།


ཁྱེད་ནི་བཅོ་ལྔའི་ཟླ་བ།

།ང་ནི་འོད་ཆུང་སྐར་མ།།

རྒྱུ་སྐར་རྒྱལ་པོ་མཉམ་དུ།།

ཆས་འདོད་བློ་ལ་ཡོད་དོ།།


ཡ་གིའི་སྟེང་ཕྱོགས་ལྷ་ཡུལ།།

སྐྱིད་པོ་རང་ད་ཨེ་ཡོད།

གྲགས་ཆེན་བླ་མ་རྣམས་ཀྱང་།།

ཕྱི་བལྟས་བསློགས་ནས་བཞུགས་ཤག།


མ་གིའི་དམྱལ་བའི་གཏིང་ལ།།

སྡུག་པོ་རང་ད་ཨེ་ཡོད།།

མི་ཆེན་དཔོན་པོ་རྣམས་ཀྱང་།།

འཚང་ག་བསྐྱོན་ནས་ཕེབས་ཀྱིས།།


གཡུ་ཞིག་རྙེད་ནི་རྙེད་བྱུང་།།

ཡག་ཉེས་ལྟ་ལོང་མ་བྱུང་།།

ནམ་མཁའི་བླ་མ་དཀོན་མཆོག།

བོད་གཡུ་ཡིན་པ་ཤོག་ཅིག།


ཕར་ལ་གཏམ་ཞིག་བཏང་བས།།

ཚུར་ལ་གཏམ་ལན་མི་འདུག།

གཏམ་གསུམ་ཤིག་སྒྲུག་བཏང་བས།།

འགྱོད་པ་གཞི་ནས་སྐྱེས་སོང་།


ཞུམ་བུས་ཐབ་ཀྱི་སྒང་ནས།།

བསམ་བློ་ལན་གསུམ་བཏང་སོང་།།

བང་ཁྲིའི་སྒང་གི་ཚི་ལུ།།

སྐུ་གཟུགས་ཐུགས་ཅག་གནང་དང་།།


ཚིགས་ཁེབས་གཡུ་ཕྲས་བསྐོར་ན།།

ད་ལྟ་སྐོར་ཉག་ཡིན་པ།།

དེ་ནས་གཡུ་ཆུང་གྲུ་དཀར།།

ཡུན་རིང་སྡོད་ལོང་མི་འདུག།


ཤར་རླུང་བྲག་གི་ལོགས་ལ།།

རི་དྭགས་ཤ་བ་སྨུག་ཆུང་།།

རི་དགས་མང་པོའི་དཀྱིལ་ལ།།

སྨུག་ཆུང་ནོར་ས་མི་འདུག།


སེམས་པ་ཤོར་གྱི་འདུག་ན།།

མགོ་ལ་གཡུ་ཞིག་རྒྱོབས་དང་།།

ལག་པའི་ཚིགས་ཁོག་འཕྲོག་པ།།

རྒྱུ་རྔམས་ལངས་པ་མིན་ནམ།།


གྲ་བཞི་ལྷ་མོས་གནང་བའི།།

གྲུའུ་ཙི་མཚལ་ཁའི་འོག་འཇུག།

བསོད་ནམས་ཅན་ལ་མ་གཏོགས།།

དང་དོན་ཅན་ལ་མི་འདུག།


ཁང་ཆུང་དཀར་པོའི་ཨ་མ།།

ང་ལ་སྡང་པོ་མ་གནང་།།

དུག་ཚལ་ལྷན་པའི་སྐྱོ་རོགས།།

ཡོད་ན་ཡོད་པ་དགའ་དྲག།


བུ་མོའི་ཆུང་འདྲིས་བྱམས་པ།།

མེ་ཏོག་རིག་གསུམ་མགོན་པོ།།

ཁོང་རང་སྐུ་ལུས་གཅིག་ལ།།

ཚོས་མདོག་མང་པོ་ཡོད་རེད།།


ཁང་ཆུང་སྦུག་ཐག་རིང་བ།།

བུ་མོ་བཞུགས་ས་བཙན་པ།།

མཇལ་དར་ཨ་ཤེ་མེད་པར།།

མཇལ་ཁ་རག་ས་མ་རེད།།


ང་ལ་བྱམས་པ་དགོས་ཡོད།།

སྟར་ཀའི་མེ་ཏོག་དགོས་ཡོད།།

སྲོས་ལ་ཤར་བ་དགོས་ཡོད།།

ཐོ་རེངས་ཡལ་བ་དགོས་ཡོད།།


མཐོ་ཡང་མཐོ་འདུག་མ་གསུངས།།

རྒོད་པོ་སྡོད་ས་བྲག་རེད།།

དམའ་ཡང་དམའ་འདུག་མ་གསུངས།།

ཉ་མོ་བཞུགས་ས་ཆུ་རེད།།


ཆུ་མོ་ཕྱིན་སོང་མ་གསུངས།།

ཟམ་ཆུང་ལུས་སོང་མ་གསུངས།།

ཆུ་མོས་གཡས་སྐོར་བརྒྱབ་ནས།།

ཟམ་ཆུང་ཐུག་ལ་སླེབས་ཡོང་།།


ཕ་ཡུལ་ཡོད་ད་ཡོད་དེ།།

རི་རྒྱལ་ལྷུན་པོས་བསྒྲིབས་སོང་།།

བུ་མོ་ཡོད་ད་ཡོད་དེ།།

ཆུ་མོའི་ཕ་ཁར་ལུས་སོང་།།


ཧ་ལོས་ཧོབ་སྟེ་བལྟས་པར།།

སེར་ཆེན་གད་མོ་ཤོར་སོང་།།

གུར་ཀུམ་ལྡུམ་རའི་ནང་ནས།

བསམ་བློ་གཞི་ནས་འཁོར་སོང་།།


དྭངས་གསལ་ཡུར་བུའི་ཁ་ལ།།

དང་དོད་ལག་པ་བཀྲུས་ཡོད།།

ཚིགས་ཁེབས་མར་ལ་ཕུད་པས།།

ཡུར་བུའི་ཁ་ལ་ལུས་འདུག།


ཡུར་ཁར་ལུས་པའི་ཚིགས་ཁེབས།།

ཚིགས་ཁེབས་གཡུ་ཆུང་གྲུ་དཀར།།

ནོར་འདོད་ཅན་ལ་རྙེད་ཤོག།

ལས་འགྲོ་ཅན་ལ་རྙེད་ཤོག།


ཤིང་དེ་རྒྱ་ལྕང་སྡོང་པོ།།

སྐད་གྲགས་ཆེ་རང་དྲགས་ནས།།

ཁུ་བྱུག་རྭ་སྒྲེང་གཞུང་ནས།།

ཤུག་པ་བཞག་ནས་ཡོང་ཡོད།།


རིན་ཐང་ཡོད་པ་ཆ་རེད།།

ཁ་མིིག་ཡོད་པ་ཆ་རེད།།།

ཕ་མ་གཅིག་ནས་སྐྱེས་པའི།།

བུ་ཕྲུག་ཡིན་པ་ཆ་རེད།།


སྐལ་ལྡན་རི་ནས་ཤར་བའི།།

ཆུང་འདྲིས་ཐོ་རེངས་སྐར་ཆེན།།

ཧ་ལོའི་མེ་ཏོག་ཤར་སོང་།།

ངོས་འཛིན་གནང་ལ་ཕེབས་དང་།།


ལྷ་ཁང་གསར་པའི་གད་ཕྱིས།།

ང་ལས་ཁྱེད་རང་མཁས་པ།།

ཕྱག་དང་མཆོད་པའི་མཁོ་ཆས།།

གང་དགོས་བཞེས་ལ་ཕེབས་དང་།།


མ་ཤེས་ཞབས་བྲོ་བརྒྱབ་ན།།

རྔོ་ལོ་ལངས་ནས་འཕྱར་ཡོང་།།

མ་རབས་གང་དྲན་བྱས་ན།།

ཁྲིམས་རྒྱ་ཉྭ་ལ་འཁྲིལ་ཡོང་།།


རྒྱ་ཤོག་དཀར་ཁ་གཙང་ཡང་།།

དུག་ཤིང་ལོ་མའི་རྒྱུད་རེད།།

སྣག་བུམ་ཕྱི་བཟོ་དོད་ཀྱང་།།

ཁོག་པ་སོལ་བས་ཁེངས་འདུག།


ཚིགས་ཁེབས་པདྨ་རཱ་ག།

མ་བརྒྱུ་བྱས་ཀྱང་བརྒྱུས་སོང་།།

ད་ཆ་ཤ་ལུས་རྒྱགས་ནས།།

འབུད་དགོས་བསམ་ཡང་མ་བུད།།


གསེར་གྱི་སླ་ངའི་ནང་ལ།།

གྲོ་ཡོས་བརྔོ་རྒྱུ་བྱུང་ན།།

མེ་ཤིང་ཚེར་མ་མི་དགོས།།

རྭ་སྒྲེང་ཤུག་པས་ཆོག་ག།


ཁང་ཆུང་གསར་པའི་ཐིགས་ས།།

བྱེ་མས་ལོ་གི་ཡོད་ན།།

སྦྲང་ཆར་ཟིལ་མ་འབབ་དུས།།

རྒྱང་ནས་ལྟད་མོ་བལྟས་ཆོག།


བྲག་སྟོད་སྐུ་དབང་བཙན་པོའི།།

ཆོ་ལོ་སྐྱུར་མོ་མ་ཟོ།།

དེ་ལས་ལྡུམ་རའི་ནང་གི།

ལ་ཕུག་དཀར་རིལ་ཞིམ་པ།།


ཀ་བཞི་གདུང་བརྒྱད་ནང་གི།

སྔོ་ལྗང་ཧ་ལོའི་མེ་ཏོག།

སྔ་དྲོ་ཟིལ་པ་མ་ཡལ།།

ཉིན་གུང་སྦྲང་ཆར་བབས་བྱུང་།།


ཕར་སོང་ཚུར་ལ་མེད་པའི།།

ཆུང་འདྲིས་ག་ལེ་བཞུགས་དང་།།

ལན་ཆགས་ཕྲུ་གུ་མེད་པའི།།

ལུས་པོ་བཀའ་དྲིན་ཆེ་སོང་།།


ཆུ་མོ་དྭངས་བཟང་ཞིག་ལ།།

ཟམ་རྒྱུག་ཙན་དན་བཙུགས་ཡོད།།

ཆུ་མོའི་ཆུ་མདོག་འགྱུར་སོང་།།

ཟམ་རྒྱུག་ག་ལེ་བཞུགས་ཤིག།


པང་གདན་ལྗང་ཁྲའི་འོག་ལ།།

སེམས་གཅོང་ལུ་གུ་མགོ་ནག།

སྐབས་ཤིག་འགུལ་འགུལ་མ་བྱེད།།

ཨ་ཕ་འཚོལ་རྒྱུ་ཡིན་ཏོ།།


ཤར་རླུང་བྲག་གི་ལོགས་ན།།

མེ་ཏོག་ཀ་ལ་འོད་ཆེན།།

ཁྱེད་རང་འདྲ་བའི་མེ་ཏོག།

ལྡུམ་རའི་ནང་ལ་མི་འདུག།


ཁང་ཆུང་གསར་པའི་ཟུར་ལ།།

འཇུར་ཏས་ཀྲག་ཀྲག་མ་ཟེར།།

ཁྱེད་ལ་རྩལ་ལག་ཡོད་ན།།

རྩིག་པའི་ཟུར་ནས་འཛེགས་ཤོག།


ཡ་གིའི་གོང་ལའི་འོག་ཏུ།།

བྱིའུ་ཚང་གསོག་རྒྱུ་བྱུང་ན།།

མ་གིའི་ལྕང་གསེབ་ཤར་གྱི།།

ཡལ་འདབས་རྒྱས་ནའི་རྒྱས་ཤིག།


ཚིགས་ཁེབས་དེ་ཡི་བདག་པོ།།

བྱང་རྒྱུད་བསྐོར་ནས་ཕྱིན་སོང་།།

ཚིགས་ཁེབས་རང་ད་དྲག་ག།

བྱང་རྒྱུད་སྐོར་མཁན་སྡུག་ག།


ཚིགས་ཁེབས་ཌ་མ་མགོ་རུ།།

མཛུབ་མོ་བཙིར་བ་མ་གནང་།།

མཛུབ་མོར་མཐུན་པའི་མཛུབ་རྒྱན།།

ཡབ་ཡུམ་གཉིས་ཀྱིས་མནང་བྱུང་།།


སྙིང་སྡུག་སྙིང་གི་ཚི་ལུ།།

ཕར་ཤིག་ཚུར་ཤིག་གནང་དང་།།

གཏན་གྲོགས་གཟེ་མ་ར་མགོ།

ཕར་ཙམ་དེ་ནས་ཡོང་གིས།།


ཤ་རུ་དཀར་པོས་ཕྲལ་ཀྱང་།།

ལན་གཅིག་བྲལ་གྱི་མ་རེད།།

དགོ་རུ་ནག་པོས་ཕྲལ་དགོས།།

མི་ཚེ་འདི་ལ་མ་མཐོང་།།


ཁམ་སྡོང་མཐོན་པོའི་འབྲས་བུ།།

མི་ཚང་ཕྱུག་པོའི་བུ་རེད།།

ཁྱེད་རང་བབས་འདོད་ཡོད་ཀྱང་།།

ང་ལ་ཟ་འདོད་མི་འདུག།


ཕ་རྒྱུད་ཙན་དན་སྡོང་པོ།།

མ་རྒྱུད་ལྷ་ཤིང་ཤུག་པ།།

ང་རང་གླང་མ་ཆུང་ཆུང་།།

ཁྱེད་ལ་ག་ནས་འགྲན་པ།།


ཡིད་འོང་མཛེས་ལྡན་ལྷ་མོ།།

རིགས་བཟང་མཁའ་འགྲོའི་སྤྲུལ་པ།།

ཤ་རུས་གཙང་ནས་གང་ཡོང་།།

ང་རའི་ཐུག་སྡོར་མི་ཉན།།


རྒྱ་གར་རྨ་བྱའི་རི་ལ།།

མ་ཕེབས་ཞུ་ཡས་མི་འདུག།

དུག་གི་ལོ་མའི་གསེང་ལ།།

དོགས་ཟོན་གནང་རོགས་གནང་དང་།།


བྱ་གཅིག་ཡིན་ན་དགའ་ལ།།

བྱིའུ་གཅིག་ཡིན་ན་སྐྱིད་ལ།།

རྒྱ་ནག་གསེར་ཁྲིའི་སྟེང་གི།

འཇོལ་མོ་ཡིན་ན་དགའ་ལ།།


དབྱར་སྟོད་སྲན་མའི་ལག་གདང་།།

བཏང་སོང་ཚར་ནས་མེད་པར།།

དབྱར་སྨད་གང་བུ་མགོ་སྦྲེལ།།

ཞུ་དང་མི་ཞུ་ཟེར་བ།།


ཆུ་མོར་རབས་ཆེན་རབས་ཆུང་།།

ག་པར་བརྒལ་བརྒལ་བཞག་ནས།།

མ་ཤོང་ཀོ་གྲུའི་ནང་ལ།།

འཚང་ག་བསྐྱོན་པ་མ་གནང་།།


སྒྲ་སྙན་སྤེན་པ་ཚེ་རིང་།།

ཐུགས་སེམས་སྐྱོ་སྐྱོ་མ་གནང་།།

འགྲོ་དུས་སྒལ་པར་ཁུར་ཡོད།།

སྡོད་དུས་པང་དུ་ཉར་ཡོད།།


རི་མགོ་མཐོན་པོའི་རྩེ་ནས།།

ལག་གཡུག་རྒྱག་རྒྱུ་མ་བྱུང་།།

ལྕང་གླིང་གྲུ་བཞིའི་ནང་ནས།།

ཇ་ཆང་བླུག་རྒྱུ་མ་བྱུང་།།


ལྷ་སའི་བར་སྐོར་ནང་ལ།།

སྒོར་ལི་དཀར་པོའི་གང་བྱས།།

ང་དང་སྐྲ་གཞུག་ཟིང་སྐྱ།།

བཀའ་མོལ་ཞུ་རྒྱུ་བསྡད་ཡོད།།


དཀར་ནི་ཀ་ཅི་དཀར་བ།།

འཇམ་ད་འབུ་རས་འཇམ་པ།།

ཀ་ཅི་དགོངས་པ་མ་འཚོམས།།

འབུ་རས་ལས་ལ་བསྐོས་སོང་།།


སྤང་སྟོད་ཡ་གིའི་རྩྭ་ཁ།།

ཟ་འདོད་བློ་ལ་མེད་དེ།།

གཡག་གུ་གོམ་ཞེང་ཆེ་ནས།།

ཁ་གང་ཟ་ཐལ་ཤོར་སོང་།།


གླིང་ཁ་གསར་པའི་ཚེར་མ།།

མཛུབ་མོའི་སྙིང་ཟུག་སོང་།།

ཨ་ཚ་ཁ་ནས་མ་ཐོན།།

ཞེན་པ་གཏིང་ནས་ལོག་སོང་།།


ཕར་ལ་སྟར་ཀ་ཁམ་བུའི།།

འགྲོ་སོང་གཏོང་དགོས་མི་འདུག།

ཚུར་ལ་ཤིང་ཏོག་ཨ་མྲའི།།

ཡོང་སྒོ་ལེན་དགོས་མི་འདུག།


དབེན་པའི་བྲག་ཕུག་ནང་གི།

དྲང་སྲོང་སྐུ་དབང་བཙན་པོ།།

སྟག་གཟིག་དོམ་དྲེད་མེད་ན།།

སྦི་གསང་ངང་ལ་ཕེབས་དང་།།


ཀོ་བ་ཆུ་མོའི་གཞུང་ལ།།

འགྲོ་གིས་བསམ་པ་མ་གཏོགས།།

མཉན་དཔོན་བསོད་ནམས་བག་དྲོ།།

ཡོད་འགྲོ་བསམ་པ་མ་བྱུང་།།


ཕ་རིའི་བྲག་ལ་གཞུས་པས།།

ཚུར་རིའི་འུག་པ་འདྲོགས་སོང་།།

ལྟས་ངན་འུག་པ་འདྲོག་འདྲོག།

འདྲོག་ཡོང་བསམ་པ་མི་འདུག།


ཆུང་འདྲིས་བྱམས་པའི་ཕྱོགས་ལ།།།

ཞུ་རྒྱུ་རང་ད་མི་འདུག།

བྱམས་པའི་གཉེན་ལ་གཉེན་རྒྱུད།།

སྟག་མ་གཟིག་ལས་ངར་བ།།


ཤྭ་བ་རི་ལ་སྡོད་དུས།།

ཀླུང་ལ་བོབས་ཤོག་གསུངས་བྱུང་།།

ཀླུང་ལ་བབས་པའི་དུས་སུ།།

རྭ་ཅོ་རིང་འདུག་གསུངས་བྱུང་།།


ཁམ་བུ་སྔོ་རྡོག་ཅིག་ལ།།

ཕྱི་གླིང་ཚོས་གསར་བྱུག་འདུག།

ང་ནི་ཁམ་བུ་མི་ཟ།།

ཚོས་ལ་ཞེན་པ་ལོག་སོང་།།


སྔོན་ཆད་ཕྲུ་གུའི་སྣང་བས།།

རྒྱ་གར་བྱི་རིལ་བཟས་ཡོད།།

ད་ཆ་ཤིང་ཏོག་ཨ་མྲར།།

ཞེན་པ་ལོག་ནས་བསྡད་ཡོད།།

གནམ་ནས་ཆར་པ་བབས་པར།།

མ་བབས་ཞུ་ཡས་མི་འདུག།

ཝ་ཆུའི་འོག་གི་ཐིགས་པ།།

མ་གཟེད་ཐག་ཆོད་ཡིན་ཏོ།།


ཤར་ཕྱོགས་རི་མགོ་མཐོ་ཡང་།།

ཉི་ཟླ་བཀག་པའི་དཔེ་མེད།།

ཡབ་ཡུམ་སྐུ་དབང་བཙན་ཡང་།།

ལས་འགྲོ་བཀག་པའི་དཔེ་མེད།།

དབུ་ཞྭ་དབུ་ལ་མཆོག་དང་།།

དབུ་ལྕང་རྒྱབ་ལ་གཡུགས་དང་།།

སྟོང་སྐུད་དམར་པོའི་ཆབ་ཆབ་།།

ཐུགས་ལ་མགུ་བ་གནང་དང་།།


དབུ་ཞྭ་རྩྭ་ཞྭའི་འོག་གི།

ཞལ་རས་དཔྲལ་ཉག་ལབ་དོང་།།

དབུ་ཞྭ་བློ་ལ་འདུག་སྟེ།།

དཔྲལ་ཉག་བློ་ལ་མི་འདུག།


གནས་མོ་ཆང་ལ་དགའ་ནས།།

བུ་མོ་ཆང་རྒྱུར་བརྗེས་སོང་།།

རྒྱུ་འབྲས་མེད་པའི་གནས་མོར།།

ཆག་སྒོ་གཅིག་མཇུག་གཉིས་མཐུད།།


ཆུང་ནས་བསྐྱངས་པའི་བུ་ཚ།།

འཚར་ནས་ཕ་མའི་དགྲ་དེ།།

ཁྱི་སྤྱང་གསོས་ནས་སྒོ་ཁྱིར།།

ཉར་བའི་དཔེ་དང་མཚུངས་སོ།།


ཁམ་སྡོང་མཐོན་པོའི་འབྲས་བུར།།

རྡོ་དང་དབྱུག་པ་མ་རྒྱག།

ལྷ་སྲིན་རྒྱལ་པོའི་དགོངས་པ།།

དཀྲུགས་པ་གནང་ནས་གང་ཡོང་།།


ཕ་རིའི་སྤང་གི་སྟེང་དུ།།

གང་ཤེས་གླུ་ཞིག་བླངས་ཡོད།།

སྤང་བདག་ལྷ་བྱ་གོང་མོའི།།

ཐུགས་ལ་བབ་ན་ཡག་བྱུང་།།


ཕྱག་སྨྱུག་དྭངས་བཟང་དབང་པོ།།

ཤུགས་ཀྱིས་བཙུགས་པ་མ་གནང་།།

ཤོག་གསར་དཀར་ཆུང་གྲུ་བཞི།།

ཚ་ནས་འགན་བློས་མི་བཟོད།།


དྲི་མེད་ཤོག་དཀར་སྟེང་དུ།།

ནག་ཐིགས་བསྐུས་པ་མ་གནང་།།

དྲུང་ཡིག་ལགས་ཀྱིས་མཁྱེན་ན།།

ཤོག་བུ་དབྲལ་ནས་དབྱུང་ཡོང་།།


ཆུ་ཞིག་ལེན་ནི་ལེན་དགོས།།

ཆུ་ཉོག་བླངས་ནས་གང་ཡོང་།།

ལས་ཤིག་ལས་ནི་ལས་དགོས།།

སྡུག་ཡུས་བཤད་ནས་གང་ཡོང་།།


ཀོ་ཀུན་བསྲེགས་པ་མ་རེད།།

ཡུའི་ཞང་ཀྲག་པ་མ་རེད།།

མོག་མོག་རླངས་བཙོས་བརྒྱབ་པ།།

སྡུག་ཚོད་ཟིན་པ་དགའ་ཡོང་།།


རྒྱ་གར་རྨ་བྱའི་གཞུ་གུ།

བྱུང་ན་བསམ་པ་མ་གཏོགས།།

བོད་ལ་བྱ་དེའི་གཞུ་གུ།

མེད་པ་རང་ད་མ་རེད།།


དཀར་ཡོལ་ཆག་པའི་དུམ་བུ།།

རྒྱ་ལ་ཕེབས་ཀྱི་ཡོད་ན།།

ཁྲ་བཀྱག་སྙིང་དང་འདྲ་བ།།

མ་ཞོག་ཁྲིད་རོགས་གནང་དང་།།


ཡ་རབས་མེ་ཏོག་པདྨར།།

ནམ་མཁའི་ལྷ་ཡང་མཉེས་སོང་།།

མ་རབས་དུག་ཤིང་ལོ་མར།།

གཟུགས་མེད་འདྲེ་ཡང་མི་འཁོར།།


ས་གཞི་པདྨ་འདབ་བརྒྱད།།

གཞན་ལ་སྨོན་དགོས་མི་འདུག།

བློ་ལ་ཡོད་པའི་མཛེས་མ།།

རང་ཡུལ་གཞུང་ལ་ཡོད་རེད།།


སྐྱེ་ཁར་ཕ་མས་གནང་བའི།།

སྐུ་གཟིགས་ཙ་རིའི་སྨྱུག་མ།།

ཆ་མེད་ཡ་ལ་བཞུགས་དགོས།།

སྐུ་དོན་ག་རེ་གནང་སོང་།།


བཅོས་མིན་གསེར་དང་འདྲ་བའི།།

ངང་ཚུལ་ཁྱེད་ལ་ཡོད་ན།།

མི་ཚེ་འཁྱོལ་བའི་གཏན་གྲོགས།།

གཅིག་དང་གཉིས་ཀྱིས་སྒུག་འདུག།


ཕྱག་ལ་གསེར་གྱི་མཛུབ་དཀྲིས།།

བཞེས་སུ་ཚར་ནས་མེད་པར།།

ལུས་ལ་གྲྭ་ཆས་དམར་པོ།།

བཞེས་དང་མ་བཞེས་མི་འདུག།


ཁྱེད་ནི་གསེར་མིག་ཉ་མོ།།

ང་ནི་གཡུ་མཚོ་སྔོན་པོ།།

ཉ་མོར་འཁྱུག་རྩལ་ཡོད་ན།།

གཡུ་མཚོའི་མཁའ་ལ་འགྱིངས་དང་།།


ཕག་རིག་སྐད་གྲགས་ཆེ་བ།།

ཚོང་པ་ཡོང་རྒྱུ་དཀོན་པ།།

ཤེལ་གྱི་ཕྲེང་བ་བཏོན་ཤོག།

གང་སོང་རྩིས་ཤིག་རྒྱག་དགོས།།


སྤང་དེ་ན་ག་ཁོག་ཁོག།

དབེན་ཆུང་ས་ལའི་སེ་འབྲུ།།

ཕྱག་ལ་ཡོད་པའི་སྒྲ་སྙན།།

དེ་ལས་སྙན་ཙམ་གཏོང་དང་།།


བཞུགས་གདན་གྲུམ་ཙེའི་སྒང་ལ།།

ར་ལྤགས་རྡུལ་ཕྱེ་མ་སློང་།།

མཆོད་ཞལ་རྫབ་ཡའི་དཀྱིལ་ལ།།

སྐྱ་ཕོར་འཚང་ག་མ་རྒྱག།


ཆུ་མོ་རབས་ཆེན་རབས་ཆུང་།།

ག་ནས་བརྒལ་བརྒལ་ཡིན་ན།།

ཕ་ཡུལ་ས་ཐག་རྒྱང་ནའི།།

མཚོ་མགོ་བསྐོར་ནས་ལོག་འགྲོ།།


ཆུ་དེ་དགའ་གདོང་ཕུ་ཆུ།།

ཧ་ཁྱེར་ཧུ་ཁྱེར་མ་གནང་།།

དེ་ལས་ལྷག་པའི་ཆུ་དེ།།

ཡབ་ཀྱི་ཕུ་ལ་ཡོད་རེད།།


ཆུ་མོག་ལྷ་གདོང་ཤན་ཁ།།

ཀོ་གྲུ་ལན་གཅིག་ཐོངས་དང་།།

ལན་གཅིག་པོ་ཏ་ལ།།

དཀོན་གཉེར་ཐུག་པར་འགྲོ་དགོས།།


རི་དེ་ཨ་མ་རྩེ་མོ།།

མ་འཛེགས་པུས་མོ་ན་བྱུང་།།

ལྕགས་རི་ཤར་གྱི་ཆུ་དེ།།

མ་བཏུངས་ཡ་མ་ན་བྱུང་།།


ས་དེ་འབོལ་ལེ་གཤིན་པ།།

འབོལ་ལེའི་རྩ་བ་གཤིན་པ།།

ཆུ་དེ་ལོ་མ་ཞིམ་པ།།

ལོ་མའི་ལོ་ཆུ་ཞིམ་པ།།


སེ་བ་ཡམ་མེ་ཡོམ་མེ།།

ཨ་མ་ཡིན་ན་དགའ་ལ།།

སེ་འབྲུ་དམར་ཆིལ་རྒུ་ཆིལ།།

ང་རང་ཡིན་ན་དགའ་ལ།།


སེ་བ་ལགས་ད་དྲག་ག།

ལྟག་རྩ་བྲག་ལ་བཅོལ་ཡོད།།

སྡུག་ན་སེ་འབྲུ་སྡུག་པ།།

རྫ་རིའི་རོང་ལ་ཟག་ཡོང་།།


ཆུ་ཟོམ་སྐེད་པའི་དགྲ་རེད།།

ཆུ་སྐྱོགས་ལག་པའི་དགྲ་རེད།།

པདྨ་ལྷ་མོའི་ལུས་ལ།།

གདོང་མོ་རག་ཤན་མཛེས་པ།།


གཏམ་དེ་ཕར་གཏམ་མ་གཏོགས།།

ཚུར་གཏམ་ཉན་ལོང་མི་འདུག།

ཉི་མ་ཟླ་བ་མ་གཏོགས།།

མགོ་ལ་ཁྱེར་ལོང་མི་འདུག།


ཉི་མ་ཟླ་བ་གཉིས་ལ།།

གླིང་བཞི་སྐོར་ལོང་འདུག་སྟེ།།

བུ་མོ་ཆང་མའི་ཆང་གཡོག།

ལྷམ་སྒྲོག་འཆིང་ལོང་མི་འདུག།


སྐྱ་ཀ་ཁྲ་རྒྱས་བཟང་བ།།

བྱ་རོག་མུན་པ་ནག་པ།།

ཁྲ་རྒྱས་བཟང་པོའི་ཞབས་ཕྱི།།

མུན་པ་ནག་པོས་མི་ཡོང་།།


དང་པོ་རྨ་བྱ་ཡིན་ཟེར།།

སྒྲོ་མདོངས་་ངོམ་ནས་སླེབས་བྱུང་།།

གཉིས་པ་ཨབ་ར་ཡིན་ཟེར།།

གཞུ་གུ་མེད་པར་སླེབས་བྱུང་།།


རྣང་མགོ་གླང་ཆེན་ཨ་ཕའི།།

མཇིང་པ་འདྲ་ཞིག་ཤོག་དང་།།

རྣང་མཇུག་ཨ་ཅེ་ཝ་མོའི།།

གཞུ་གུ་འདྲ་ཞིག་སླེབས་ཡོང་།།


ཕྱི་དེ་གོས་ཆེན་རྩམ་ཁུག།

དཀར་བཟོ་དོད་པོ་འདུག་སྟེ།།

ནང་དེ་ཡུག་པོའི་རྩམ་པ།།

ང་ནི་ཟ་སྙིང་མི་འདོད།།


ཆུ་དེ་ཁ་ནས་གཅུས་པས།།

ཉོག་ཁུ་གཏིང་ནས་ལངས་བྱུང་།།

ད་ལན་ཀྱག་ཀྱག་བྱས་ནས།།

ཟངས་སྐྱོགས་གཏིང་ལ་གཅུས་ཡོད།།


རྟ་ལམ་སྒོར་མོའི་ནང་གི།

ཇོ་ལགས་སྤུ་ཕྲུག་ལོང་འབྱར།།

སོག་ཞྭ་སྔས་ལ་བརྒྱབ་ནས།།

གཉིད་ལམ་ག་རེ་བཏང་བྱུང་།།


རྟ་ལ་མ་བཞོན་གོང་ནས།།

བཞོན་ནི་གསུངས་ཀྱི་ཡོད་ན།།

རྐང་ཆུང་ཡོབ་ལ་འཚང་ན།།

ག་རེ་གནང་རྒྱུ་ཡོད་པ།།


དཀར་པོ་བྱེ་མའི་དཀྱིལ་གྱི།།

ནག་པོ་སྡིག་པ་རྭ་ཙ།།

ཁྱོད་དང་རྭ་རྩེ་སྦོམ་ཡང་།།

ང་ནི་ཞེད་ཀྱི་མ་རེད།།


ཆུ་ལ་ཡིག་ཆུང་བཏང་ཡང་།།

གཏམ་ལ་གསལ་ཆ་མ་བྱུང་།།

ཆུ་ནང་ཉ་མོ་ཁཡེད་རང་།།

ཐུགས་ལ་བཞག་པ་གནང་དང་།།


མགོ་ལ་རྒྱན་ཆས་བརྒྱན་ནས།།

ལྡེམ་ལྡེམ་ཡར་ལ་གཟིགས་དང་།།

ཞབས་ལ་རྨ་ཤད་འཐེན་ནས།།

འོ་བརྒྱལ་མར་གཟིགས་དང་།།


དབྱར་ཆུ་རྒྱས་ནའི་རྒྱས་ཤིག།

དགུན་ཁ་སྐམ་ནའི་སྐམ་ཤིག།

ཐད་ཀར་འགྲོ་སའི་ཟམ་པ།།

རྒྱག་ནི་ཐག་ཆོད་ཡིན་ཏོ།།


ཡབ་ཡུམ་གཉིས་པོའི་འཁྲུངས་ས།།

ཕོ་བྲང་རྩེ་ལ་ཡིན་ཏེ།།

བུ་མོ་ང་རའི་ལོ་རྒྱུས།།

སྤྱི་ཚོགས་ཐོག་ལ་བྲིས་ཡོད།།


རྟ་ཕོ་ཆག་གིས་གསོས་ནས།།

རྐང་ཐང་འགྲོ་དགོས་བྱུང་ན།།

རྟ་ར་གྲུ་བཞིའི་ནང་ལ།།

གསོས་དང་མ་གསོས་མི་འདུག།


སེམས་པ་དཀར་དང་མ་དཀར།།

དཀར་ཡོལ་ནང་གི་འོ་མ།།

ལུས་པོ་བཙན་དང་མ་བཙན།།

སྒོ་ལྕགས་གསར་པའི་ཟེ་སྒྲོ།།


ཤྭ་བ་ཆུང་ཆུང་ཤ་དེ།།

མང་ཟོས་ཟ་རིན་མི་འདུག།

དེ་ལས་གླིང་དཀར་སྟོད་ལ།།

སེང་ལྕམ་འབྲུག་མོ་ཡོད་རེད།།


གྲོ་བར་གྲོ་བའི་མེ་ཏོག།

བསྐོས་སུ་ཚར་ནས་མེད་པར།

པདྨ་ཐང་ལ་འགྲོ་བར།།

ཧབ་ཐོབ་བསྐྱོན་པ་མ་གནང་།།


ལུང་པ་ཐག་རིང་བའི།།

ཕུ་རིའི་ཕུ་ལ་ཕྱིན་པས།།

ཇོ་ཇོ་ཤྭ་བ་འདྲ་བའི།།

ཀྲོག་ཀྲོག་ཅིག་དང་འཕྲད་བྱུང་།།


ཆར་པ་དེ་ལ་འབབ་འབབ།།

གྲ་བཞི་ཐང་ལ་བབས་ན།།

རྒྱ་ནག་གོང་མས་གནང་བའི།།

དབུ་ཞྭའི་ཚོས་མདོག་ལོག་ཡོང་།།


ཆུ་མོའི་དཀྱིལ་གྱི་ཆུ་རྡོ།།

བཏོན་དང་ཟེར་ན་བཏོན་ཆོག།

ཉ་མོར་འཁྲུག་རྐྱེན་བྱུང་ན།།

རགས་ཟུར་ཡར་ལ་ངོ་ཚ།།


ཨིནྡྲ་ནྰི་ལ་མ་རེད།།

རྡོ་རྗེ་ཕ་ལམ་མ་རེད།།

གཡུ་ཐོག་ཟམ་པའི་འོག་གི།

ཉ་མོ་ཤི་བའི་རོ་རེད།།


གཡུ་ཐོག་ཟམ་པའི་འོག་ལ།།

རྟ་ཕོའི་ཉིན་ལམ་བཅོ་བརྒྱད།།

རྒད་མོ་ང་རས་ཕྱིན་ན།།

ཞོགས་ལས་གཅིག་གི་ས་རེད།།


མདའ་མོ་ལན་གཅིག་བཏང་བས།།

ཕ་གིའི་རི་བོས་བཀག་སོང་།།

ད་ནི་མདའ་མོ་མ་གཏོང་།།

དབརན་པའི་ཡུལ་ལ་ལོག་འགྲོ།།


ནམ་མཁའི་འཁྲིགས་པའི་འཇའ་ཚོན།།

ཡིད་དབང་འཕྲོག་པོ་ཡོད་ཀྱང་།།

ལྟ་བའི་མིག་གི་རྒྱན་ལས།།

བཟུང་བའི་ལག་ཏུ་མི་ཐོབ།།


མེ་ཏོག་ཏིང་ཏིང་ཁྱེད་རང་།།

ཐུགས་སེམས་སྐྱོ་དགོས་མི་འདུག།

བདག་པོས་པང་དུ་བླངས་ནས།།

མཆོད་གཤོམ་བདུན་ལ་བསྒྲིགས་ཆོག།


ཨ་ཅག་དབུ་རས་དཀར་པོ།།

འབྲི་གུང་ལ་མོ་བརྒྱབ་སོང་།།

ང་ནི་འབྲི་གུང་ལ་མོའི།།

ལ་བཙས་ཡིན་ན་དགའ་ལ།།


ཕར་ནས་ཚུར་ལ་ཕེབས་དུས།།

ལྷ་ལྕམ་ནང་བཞིན་ཕེབས་བྱུང་།།

དགོང་དྲོ་ཐུག་སྡོར་མ་རྙེད།།

ཁྱི་མོ་རྒྱུག་རྒྱུག་བརྒྱུགས་སོང་།།


གསེར་ཟངས་རྒྱ་ཕིབས་འོག་གི།

འོད་ལྡན་སེར་ཆེན་མེ་ཏོག།

གསོལ་བ་སྙིང་ནས་བཏབ་པས།།

ཐུགས་རྗེ་རྒྱང་ནས་གཟིགས་བྱུང་།།


འཕན་པོ་ལྷུན་གྲུབ་རྫོང་དེ།།

སྐུ་དབང་བཙན་རང་དྲགས་ནས།།

རི་བོང་རི་ལ་སྡོད་མཁན།།

ཀླུང་ལ་བབས་ཤོག་གསུངས་ཀྱིས།།


གྲལ་མགོ་ཡར་ལ་བཞུགས་པའི།།

མི་བཟང་གསེར་གྱི་རྡོ་རྗེ།།

གསེར་ཆབ་སྒྲོན་ནི་མི་དགོས།།

བཞུགས་གྲལ་འོད་ཀྱིས་ཁེངས་སོང་།།

                                        <<དམངས་གཞས་ཕྱོགས་བསྒྲིགས>>བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
74va བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
42025577
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1