སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོས་ཉིས་སྟོང་བཅུ་བཞིའི་ལོར་ཨ་མཆོག་ཡུལ་ཚོ་ནས་གནང་བའི་གསུང་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། » སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒ
སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོས་ཉིས་སྟོང་བཅུ་བཞིའི་ལོར་ཨ་མཆོག་ཡུལ་ཚོ་ནས་གནང་བའི་གསུང་བཤད།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/9ལྟ་ཀློག (15038)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོས་ཉིས་སྟོང་བཅུ་བཞིའི་ལོར་ཨ་མཆོག་ཡུལ་ཚོ་ནས་གནང་བའི་གསུང་བཤད།

    འོ་ཡ།  ཁྱེད་རྣམ་པ་དགེ་འདུན་མང་དང་མང་ཚོགས་ཐམས་ཅད་མདོར་ན་རང་ཅག་སྐྱ་སེར་ཐམས་ཅད་ཀྱིས་ཅི་ཞིག་འདོད་ལ་ཅི་ཞིག་མི་འདོད་པ་རེད་ཅེ་ན། རང་ཅག་གིས་འདོད་པ་དེ་བདེ་བ་དང་མི་འདོད་པ་དེ་སྡུག་བསྔལ་རེད།    དེས་ན་བདེ་བ་བསྒྲུབ་རྒྱུ་དེ་ཚང་མའི་འགན་ཁུར་དང་མི་འདོད་པའི་སྡུག་བསྔལ་ཕར་གཏོང་བ་དེའང་ཚང་མའི་འགན་ཁུར་རེད། འོ་དེའི་འགན་ཁུར་དེ་མི་གཞན་དང་གཞན་ཞིག་གིས་ཚུར་མགོར་བཀལ་བ་ཞིག་མ་རེད། རང་རང་གིས་དང་བླང་གི་ཐོག་ནས་བདེ་བ་ཞིག་འུ་འགྲུབ་དང་རང་རང་གིས་དང་བླངས་ཀི་ཐོག་ནས་མི་འདོད་པའི་སྡུག་བསྔལ་སེལ་འུ་ཐུབ་ལྟ་བ་ཚང་མའི་རེ་བ་དང་ཚང་མས་སྒྲུབ་ཀྱིན་ཡོད་པ་ཐུན་མོང་གི་འགན་ཁུར་དང་ཐུན་མོང་གི་བསམ་དོན་ཡིན་པ་ཞུ་མི་དགོས་པ་དེ་འདྲ་རེད། བདེ་བ་འདོད་པ་ཡིན་ན་བདེ་བ་དེ་ཅི་ཞིག་རེད་ཅེ་ན། ཆོས་དང་འབྲེལ་བའི་བདེ་བ་ཚེ་ཕྱི་མ་ལ་ཕན་པའི་བདེ་བ་དང་སྡུག་བསྔལ་ཞེས་བཤད་ཚུལ་གཅིག་དང་། ཚེ་འདིའི་བདེ་བ་དང་སྡུག་བསྔལ་ཞེས་བཤད་ཚུལ་གཅིག་ཡོད་པ་རེད། ཚེ་ཕྱི་མའི་བདེ་བ་དང་སྡུག་བསྔལ་གྱི་སྐད་ཆ་ཞིག་བཤད་ཡོང་དུས་ཆོས་དང་མཐུན་པའི་སྐད་ཆ་བཤད་པ་དེ་རེད། འཇིག་རྟེན་ད་ངོགས་ཀྱི་བདེ་བ་དང་སྡུག་བསྔལ་གྱི་སྐད་ཆ་ཞིག་བཤད་ཡོང་དུས་འཇིག་རྟེན་མི་ལུགས་ཀྱི་བདེ་བ་དང་སྡུག་བསྔལ་བཤད་པ་དེ་རེད། མི་སུ་དང་སུ་ཞིག་ཡིན་ན་ཡང་ཚེ་ཕྱི་མའི་བདེ་བ་དགོས་ལ་ཚེ་འདིའི་བདེ་བ་དགོས་དེ་གཉིས་ནང་ནས་གང་དགོས་ཞེས་འདེམས་དགོས་ན་བདམ་ཁ་མང་བོ་ཡོད་ནི་མ་རེད། ཚེ་ཕྱི་མའི་བདེ་བ་དགོས་པ་ཇི་བཞིན་ཚེ་འདིའི་བདེ་བའང་དགོས་ལ་ཚེ་ཕྱི་མའི་སྡུག་བསྔལ་མི་འདོད་པ་ནང་ལྟར་ཚེ་འདིའི་སྡུག་བསྔལ་མི་འདོད་པའང་གཅིག་མཚུངས་རེད། ཚེ་ཕྱི་མའི་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་ཡིན་ན་དེ་ལ་ཐབས་ཅི་ཡོད་ཅེ་ན་དམ་པའི་ཆོས་བསྒྲུབ་རྒྱུ་དང་ཚེ་འདིའི་བདེ་བ་དགོས་ལ་སྡུག་བསྔལ་སྤོང་བའི་ཐབས་ཤེ་ན་ཐབས་བཀོད་མང་བོ་ཡོད་པ་མ་རེད་ཁྲིམས་སྒྲིག་ལམ་སྲུང་བ་དེ་རེད། འོ་དེ་མ་གཏོགས་མི་རང་རང་གིས་བསམ་ནི་འདོད་ནི་བྱས་ན་ཁྲིམས་འགལ་གྱི་བྱ་བ་མང་བོ་ཞིག་ཡོང་གི་རེད་ཁྲིམས་འགལ་གྱི་བྱ་བ་དེ་ལ་བརྟེན་ནས་གཟའ་ཚང་ནང་ཁུལ་དང་ཁྱིམ་མཚེའི་གཡས་གཡོན་རུ་སྡེ་བ་རུ་སྡེ་གཡས་གཡོན་ཐམས་ཅད་ཀྱི་བར་ལ་གྱོད་ཁ་མཆུ་སྡང་གི་ཡོད་ནི་རེད། གྱོད་ཁ་མཆུ་སྡང་བའི་གཞི་མ་དེ་གང་རེད་ཅེ་ན་ཚེ་འདིའི་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་སྤོང་བ་ལ་ཁྲིམས་སྒྲིག་ལམ་ལ་མ་བསྟུན་པར་རང་རང་གིས་བསམ་ནི་འདོད་ནི་བསྒྲུབས་པའི་རྐྱེན་གྱིས་རེད། དེ་འདྲ་ཡིན་ན་མང་ཚོགས་ཀྱི་ནང་ན་ལོ་ན་མཐོ་བའི་རྒན་པ་ཚེ་འདིའི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལ་གོ་རྟོགས་ལེགས་པོ་ཡོད་པ་དང་། ན་གཞོན་མགོ་སྟོང་ཚེ་འདིའི་བདེ་བ་དང་སྡུག་བསྔལ་གྱི་ཉམས་མྱོང་མེད་ལ་གོ་རྟོགས་ཀྱང་མེད་པར་རང་གིས་བསམ་ནི་འདོད་ནི་སྒྲུབ་མཁན་ཡང་ཡོད་ནི་རེད། དེ་ལ་ཐབས་བཀོད་ཅི་ཡོད་ཅེ་ན་ཕྱོགས་གཅིག་ནི་དགོན་པ་ནས་བླ་མ་གྲྭ་ཚང་གིས་བསླབ་བྱ་གཏོང་བ་དང་།ཕྱོགས་གཅིག་ནས་དྲིན་ཅན་ཕ་མ་དང་མི་ཚེའི་གོ་རྟོགས་མཐོ་བའི་རྒན་པ་རྣམས་ཀྱིས་ན་གཞོན་ཚོ་ལ་ཁ་ཏ་སློབ་གསོ་གཏོང་རྒྱུ་དང་རྒྱལ་ཁབ་ཀྱིས་ཀྱང་ཁྲིམས་སྒྲིག་ལམ་ལ་ལྟ་ནི་ཚོས་བཀོད་སྒྲིག་ལེགས་པོ་བྱས་ཏེ་ཐབས་བཀོད་མང་བོ་མ་བྱས་ན་སྤྱི་ཚོགས་འདིར་ལས་སླ་མོ་ཞིག་གིས་བདེ་སྐྱིད་མི་ཡོང་བ་ང་མི་གཅིག་གིས་བཤད་མི་དགོས་པ་ཁྱེད་རྣམ་པས་ཤེས་པ་དེ་རེད། ད་ཐེངས་ཡིན་ན་ཡང་མང་ཚོགས་ལ་ཁ་ཏ་སློབ་གསོ་ཞིག་གཏོང་དགོས་ཞེས་བཤད་ཡོང་དུས་མང་ཚོགས་ལ་ཁ་བརྡ་ཞིག་བྱས་ན་ཕན་ཐོག་རེ་འུ་ཡོད་ད་རང་གིས་རང་ལ་དྲི་བ་བཏོན་པ་ཡིན།འོ་དེ་འདྲ་ཡིན་དུས་ཅུང་ཙམ་རེ་ཕན་པ་ཡོད་རྒྱུ་རེད། དེ་ཡོད་པའི་དཔེ་གང་རེད་ཅེ་ན་ང་གཞེས་ནིང་ལོ་ཉིས་སྟོང་བཅུ་གཉིས་ལོར་ཡང་ཕ་ཡུལ་ལ་ཉེ་གཏུག་བྱེད་དུ་ཡོང་ནས་ཁ་བརྡ་མང་བོ་བྱས་པ་རེད་དེས་མི་ཚད་གཅིག་དགུ་དགུ་བཅུ་གོ་བདུན་ལོ་དང་གཅིག་དགུ་དགུ་བཅུ་གོ་བརྒྱད་ལོ་གཅིག་དགུ་བརྒྱད་ཅུ་གྱ་གསུམ་ལོ་བཅས་ཡོང་ནས་ཁ་བརྡ་རབས་དང་རིམ་པ་བྱས་པ་དེ་འདྲ་རེད།ད་ལོར་ང་ལོ་བདུན་ཅུ་རེད་ངས་འདང་རྒྱབ་ཡོང་དུས་ཁ་བརྡའི་ནང་དོན་གཙོ་བོ་མང་ཚོགས་ཚང་མས་སེམས་ཁུར་བྱས་ཏེ་ང་ཚོ་མི་རིགས་ཀྱི་སྤྱི་ཚོགས་འདི་ལ་ངེས་པར་མཁོ་བ་གལ་ཆེ་བ་རིག་གནས་སློབ་དགོས་ཞེས་རེ་བཞག་གཅིག་བྱས། མང་ཚོགས་ནང་ཁུལ་ལ་འཁོན་རྡུང་རེས་འཁྲུག་རྩོད་མི་བྱེད་པར་མཐུན་ལམ་བྱེད་དགོས་ཞེས་རེ་བཞག་གཅིག་བྱས། དེ་ནས་ས་ཆ་འདིར་འདུག་པའི་མི་རིགས་འདི་སུ་རེད་ཅེ་ན་ང་ཚོ་རེད་དེས་ན་ང་ཚོའི་མི་རིགས་འདི་མི་རབས་ནས་མི་རབས་ལ་ས་ཆ་འདིར་འདུག་དགོས་ན་ང་ཚོས་ས་ཆ་འདིའི་ཁོར་ཡུག་ལ་སེམས་ཁུར་དང་གཙང་སྤྲ་བྱས་ཏེ་གད་སྙིགས་གད་དར་བྱེད་དགོས་ཞེས་རེ་བཞག་གཅིག་བྱས་པ་དེ་ཚོ་ཆུད་ཟོས་སུ་མ་བཏང་བར་དོ་སྣང་བྱེད་ཀྱིན་འདུག་ཅེས་རྒྱ་གར་འཕགས་པའི་ཡུལ་ནས་མང་བོ་ཐོས་པ་དང་རང་དངོས་སུ་ཕ་ཡུལ་ལ་ཡོང་ནས་མཐོང་བ་སོགས་བྱུང་བས་སེམས་ལ་དགའ་ཚོར་ཆེན་པོ་བྱུང་སོང་། ད་བལྟས་ཡོང་དུས་རིག་གནས་ཀྱི་ཕྱོགས་ནས་ཀྱང་བུ་ཕྲུག་ཚོ་སློབ་གྲྭར་མངགས་ནས་ཐུགས་ཁུར་ཟབ་མོ་གནང་གི་ཡོད་པ་དེ་རེད། ང་གཅིག་དགུ་བརྒྱད་ཅུ་གྱ་གསུམ་ལོར་ཡོང་ནས་བུ་ཕྲུག་སློབ་གྲྭར་མངགས་ནས་རིག་གནས་སློབ་དགོས་ཞེས་བཤད་དུས་སློབ་གྲྭར་མངགས་མི་དགོས་པའི་ཐབས་ཤེས་ཅི་མང་གང་མང་འཐེན་པ་དེ་འདྲ་རེད།དེ་རིང་ཁ་སང་ཡིན་ན་སློབ་གྲྭ་ཆེན་མོ་དང་སློབ་གྲྭ་བཟང་བོ་ཞིག་གི་ནང་ལ་མངགས་པར་ཐབས་ཤེས་ཅི་མང་གང་མང་འཐེན་པ་དེ་རེད། མང་ཚོགས་ཀྱི་ནང་ནས་ཀྱང་ཚོགས་པ་བཙུགས་ཏེ་ཡིག་རྨོངས་སེལ་བ་དང་ལས་བྱེད་མི་སྣ་དགེ་རྒན་ཚོས་ཀྱང་དགུན་གནང་དབྱར་གནང་གི་སྐབས་ལ་བོད་ཡིག་དང་རྒྱ་ཡིག་སློབ་པ་སོགས་ཧ་ཅང་བྱ་བ་ལེགས་པོ་སྒྲུབ་བཞིན་ཡོད་པ་དེ་ལྟ་བུ་རེད། མཐུན་སྒྲིལ་གྱི་ཆ་ནས་ཀྱང་སྔོན་དང་བསྡུར་ན་ཇེ་བཟང་ཇེ་ལེགས་སུ་འགྲོ་གི་ཡོད་པ་རྐུ་ཇག་འཕྲོག་གསུམ་དང་གྱོད་ཁ་ཁ་མཆུ་རྒྱལ་སྐུགས་པ་སོགས་ཇེ་ཉུང་དང་འདིའི་ཕྱོགས་ལ་གཟབ་ནན་བྱེད་ཀི་ཡོད་པ་དེ་རེད། དེ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆ་ནས་ཀྱང་ཁོར་ཡུག་འདི་ལ་གཙང་སྤྲ་བྱས་ན་ཡུལ་ཁམས་འདི་ལ་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་བདེ་སྐྱིད་ཡོང་གི་རེད་དེའི་བདེ་སྐྱིད་དེ་མི་རིགས་སུས་ལོངས་སྤྱོད་ཀི་རེད་ཅེ་ན། ས་གནས་འདིའི་ཐོག་ནས་སྐྱེས། ས་གནས་འདིའི་ཐོག་ནས་བསྡད། ས་གནས་འདིའི་ཐོག་ནས་འཆི་དགོས་པའི་མི་རིགས་འདིས་ལོངས་སུ་སྤྱོད་ཀི་རེད།  རང་རེའི་དྭངས་གཙང་གི་ཁོར་ཡུག་འདི་ལ་མི་རིགས་གཞན་གྱིས་འགྲམ་ཆུ་ལྡང་བཞིན་ཡོད་པ་འདི་ཡང་ཁོར་ཡུག་གཙང་སྤྲ་བྱས་ཤིང་མཁའ་དབུགས་གཙང་བའི་རྒྱུ་མཚན་གྱིས་རེད། དེ་འདྲ་ཡིན་དུས་རྒྱ་རིགས་མང་བོ་དབྱར་ཁ་ཡུལ་སྐོར་ལ་བོད་ཁུལ་མང་བོ་ལ་འགྲོ་གི་ཡོད་པ་རེད། ཁོང་ཚོས་ཀྱང་ལས་ཀ་མང་བོ་མཚམས་བཞག་ནས་སྒོར་མོ་ཅུང་རེ་བསགས་ཡོད་པ་རང་རང་གིས་སྐྱིད་པོ་ཞིག་བྱེད་བསམ་དུས། བོད་ཡུལ་དུ་ཁོར་ཡུག་ཡག་པོ་ཡོད་སྟབས་ཁོང་ཚོ་མ་བོས་ཀྱང་རང་བསམ་གྱིས་ཡོང་བ་རེད་མ་གཏོགས་ཁོར་ཡུག་དེ་འདྲ་མེད་ན་ང་ཚོས་བོས་ཀྱང་ཁོང་ཚོ་ཡོང་བ་མ་རེད། དེ་འདྲ་ཡིན་དུས་ཁོ་ཚོ་ལ་ཚད་ལས་བརྒལ་བའི་མགོ་སྐོར་གཏོང་བ་དང་གཡོ་ཐབས་སྣ་ཚོགས་ཀྱིས་བྱ་སྤྱོད་སྤེལ་ན་བོད་མི་རིགས་འདི་མི་རིགས་གཏུམ་པོ་རེད་ཁྲེལ་མེད་རེད་ཅེས་ཤུགས་རྐྱེན་ངན་པ་འཇོག་གི་རེད་དེ་འདྲ་བྱས་དུས་ས་གནས་ཀྱི་ཚོང་དང་ཡོང་སྒོ་ཚང་མ་རང་གིས་གཏན་པ་མ་རེད་དམ། དེས་ན་འོས་འཚམས་ཀྱི་ཚོང་དང་དྲང་བདེན་གྱི་ཟ་རིན་འཐུང་རིན་ཞིག་ལེན་རྒྱུ་དང་ཞབས་ཞུ་ལེགས་པོ་བསྒྲུབ་ན་རང་གཞན་གཉིས་ལ་ཕན་གི་རེད། ད་འདང་རྒྱབ་ཡོང་དུས་ངས་ཁོར་ཡུག་སྲུང་སྐྱོབ་དགོས་ཞེས་པའང་འདི་དང་འབྲེལ་བ་ཡོད་ཀི། འོ་དེ་ལྟ་བུའི་རིག་གནས་དང་མཐུན་སྒྲིལ་ཁོར་ཡུག་སྲུང་སྐྱོབ་སོགས་ལ་རེ་བཞག་བྱས་པ་ལ་དོ་སྣང་བྱས་པ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་།  ཕྱོགས་གཅིག་ནས་ད་དུང་མུ་མཐུད་དུ་རྒྱུན་སྐྱོང་དགོས་པ་མ་ཟད་མི་རབས་ནས་མི་རབས་ལ་རྒྱུན་སྐྱོང་དགོས་ཀི་རེད། དེ་འདྲ་བྱས་ན་ངས་ཁ་བརྡ་བྱས་པ་དེས་ཕན་ཐོག་སོང་བ་ཡིན་ན་ང་ཡང་དེའི་དགའ་སྤྲོའི་ཆེ་ཞིག་གང་ན་ཡོད་དེ། ༧པཎ་ཆེན་སྣང་བ་མཐའ་ཡས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་གྱིས་ཨ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གྲལ་ལ་ང་ངོས་འཛིན་གནང་བ་རེད། ཨ་མཆོག་སྐུ་ཕྲེང་རིམ་བྱོན་དང་ཁྱེད་ཚོའི་ཕ་མེས་ཡང་མེས་ནས་ད་ཐུག་གི་བར་ལ་བླ་སློབ་ཀྱི་དམ་ཚིག་མ་ཉམས་པར་འབྲེལ་ཡོང་བ་ཡིན་དུས་ང་ས་གང་དུ་སོང་ཡང་ཁྱེད་རྣམས་ལ་ཕན་ཐོག་ཅིག་བྱུང་ན་བསམ་གི་རེད། མདོར་ན་ངས་དུས་རབས་དང་མཐུན་པ་སྒྲིག་ལམ་དང་མཐུན་པའི་དཔེ་ཞིག་འཇོག ལམ་གྱི་བཞི་མདོ་ན་གློག་དམར་བོ་ཞིག་དང་གློག་ལྗང་ཁུ་ཞིག་བསྒྲོན་ཡོད་ཀི་རེད། གློག་དེ་གཉིས་རེས་མོས་ཀྱིས་འགྲུལ་བཞུད་པ་རླངས་འཁོར་ཅན་དང་ལྕགས་རྟ་འཕྲུལ་རྟ་རྐང་ཐང་ཚོར་ཚད་འཛིན་གྱིན་ཡོད་པ་རེད་མ་གཏོགས་རང་བསམ་དུ་བཏང་ན་སྔོན་དུ་འགྲོ་བ་ལས་རྗེས་སུ་འགྲོ་བསམ་ནི་ཡོད་པ་མ་རེད་དེ་ལྟར་བྱས་དུས་འཚང་ཁ་དང་གདོང་ཐུག་རྒྱག་གི་རེད། དེ་འདྲ་ཡིན་དུས་ཚང་མས་གློག་དེ་ལ་མཉམ་འཇོག་དགོས་པ་རེད་གློག་དམར་བོ་དེ་ཤར་དུས་འདུག་པ་དང་གློག་ལྗང་ཁུ་དེ་ཤར་དུས་སོང་ན་ཆོག་པ་དེ་ལྟ་བུ་རེད་མོད། དེ་ཡང་གློག་གི་ཆེད་དུ་མ་རེད་འགྲུལ་བཞུད་པ་ཚང་མའི་ཆེད་དང་མི་རེ་རེའི་བདེ་ཐང་གི་ཆེད་དུ་རེད། བྱ་བ་གང་ཞིག་བསྒྲུབ་ཀྱང་ཚད་དང་རན་པ་དུས་དང་མཐུན་པ་ཞིག་བྱེད་རྒྱུ་གལ་ཆེ་གི་རེད། འོ་དེ་འདྲ་ཡིན་དུས་རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་དངོས་ཐད་ནས་སྒྲོལ་མའི་ལུང་ཞིག་དང་རིག་གནས་པ་ཞིག་ཡིན་པའི་དངོས་ཐད་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གཟུངས་སྔགས་ཨ་ར་པ་ཙའི་ལུང་ཞིག་གནང་རྒྱུ་ཡིན་ཞེས་གསུངས་སོ།།

   འདི་ཡང་རང་དང་སྐལ་བ་མཉམ་པ་དག་ལ་ཅུང་རེ་ཕན་པར་སྙམ་ནས་ཁོང་རིན་པོ་ཆེའི་གསུང་ཟིན་ཇི་ལྟ་བ་བཞིན་ཨ་མཆོག་ཀརྨ་སྐྱབས་ཀྱིས་ཡི་གེར་བཀོད་དེ་གུས་པས་ཕུལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: དཔེ་ཉུལ་བ། སྤེལ་དུས:2017/4/19
ཆོས་ཚན་གཉིས་ཀར་བྱང་བའི་མཁས་དབང་ཁོང་ལ་གནའ་དེང་ཟུང་གི་གསུང་རྩོམ་པོད་བཅུ་ལྷག་ཡོད་པར་བཤད་པས་གང་ནས་བླུ་ཐུབ། ཐུགས་རྗེ་ཆེ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41126203
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1