གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/18ལྟ་ཀློག (44693)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

     2014.9.15ཉིན་མདོ་སྨད་ཁྲི་འདུ་ལྷ་ཡི་གྲོང་ཁྱེར་དུ་གངས་ལྗོངས་གྲུབ་མཐའ་ཁག་དྲུག་གི་མཁས་དབང་རྣམ་པས་གྲུབ་མཐའ་རིས་མེད་དང་།  གྲྭ་བཙུན་ཀུན་སྤྱོད་ལེགས་བཅོས་སྐོར་གྱི་ཚོགས་འདུ་གལ་ཆེན་བསྡུས་ཤིང་། གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས།   ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ།  དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས།   ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན།   བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ཚོགས་ཞུགས་མཛད་དེ་བཀའ་སློབ་མང་བོ་གནང་འདུག

ཚོགས་འདུ་འདིའི་དགོངས་དོན་གནད་བསྡུས་དང་གྲོས་འདེབས་ཀྱི་གྲོས་ཆོད་ཡི་གེ

གྲོས་ཆོད་དང་པོ།

        ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་སློབ་གསོ་གནང་རྒྱུ་སོགས་ཐབས་ལམ་འཇམ་པོས་བསྒྱུར་བཅོས་བྱེད་དུ་འཇུག་རྒྱུ་དང་། དེས་ཀྱང་བསྒྱུར་བཅོས་མ་བྱས་ན་དགེ་འདུན་པ་སྤྱིའི་སྒྲིག་འཛུགས་ཀྱི་ལམ་ནས་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། གནས་ནས་བྱུང་ཟིན་པ་གྲུབ་མཐའ་དང་ཆོས་བརྒྱུད་ཁག་གཞན་གྱིས་ཡར་མི་བསྡུ་རྒྱུ།

གྲོས་ཆོད་གཉིས་པ།

        དགོན་པ་སོ་སོའི་ནང་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་ཐོབ་ཐང་ངོས་ལེན་མེད་པར་རྒྱ་ཡུལ་སོགས་སུ་རང་དགར་བླ་སྤྲུལ་མཁན་གསུམ་དང་མཁའ་འགྲོ་སོགས་ཀྱི་མཚན་སྙན་བེད་སྤྱོད་བྱས་ཏེ་གཞན་ལ་མགོ་བསྐོར་གཏོང་བར་སྔོན་འགོག་ཡོང་བར་གདན་ས་ཁག་དྲུག་དང་ཆོས་སྡེ་གཉིས་ཀྱིས་གཅིག་གྱུར་གྱི་དཔང་ཡིག་ཚད་ལྡན་ཞིག་གཏན་ལ་འབེབ་རྒྱུ་དང་། དཔང་ཡིག་སྟེར་མཁན་གྱི་མི་སྣ་ཚད་ལྡན་རྩ་འཛུགས་བྱ་རྒྱུ། དེ་དག་ལ་སྤྲུལ་སྐུའི་དཔང་ཡིག་དགོས་པའི་རེ་བ་བཏོན་ཚེ་ངོས་འཛིན་ཚད་ལྡན་བྱས་ཡོད་མེད་དང་། ངོས་བཟུང་ཟིན་ཡང་བསམ་སྤྱོད་ཀྱི་ཐད་ནས་དཔང་ཡིག་སྟེར་འོས་མིན་ལ་ཞིབ་བཤེར་ནན་མོ་མཛད་དགོས།

གྲོས་ཆོད་གསུམ་པ།

        རབ་བྱུང་རྣམས་ཀྱིས་དགེ་འདུན་པ་སྤྱིའི་དོན་མ་ཡིན་པར་རང་དོན་དུ་ཚོང་བྱེད་པ་སོགས་དཔལ་འབྱོར་རྩོལ་སྒྲུབ་དང་གཞན་ཡང་དམེ་བྱེད་པ། སྤྱོད་ཡུལ་མ་ཡིན་པའི་གནས་སུ་ཞུགས་པ་དག་གིས་མཚོན་ཁྱིམ་པ་སུན་འབྱིན་གྱི་རྒྱུར་འགྱུར་བ་དག་སྔོན་འགོག་ཡོང་བར་དགོན་པ་དེར་གཏོགས་ཀྱི་རབ་བྱུང་རྣམས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་བཤད་སྒྲུབ་གང་རུང་དུ་བསྡུ་ཅི་ཐུབ་བྱ་རྒྱུ་དང་། གནས་སྐབས་བསྡུ་མ་ཐུབ་པ་རྣམས་ལ་ལོ་རེར་ཟླ་གཅིག་ཡན་གྱི་དུས་ཚོད་ངེས་ཅན་ཞིག་གཏན་ཁེལ་བྱས་ཏེ་སློབ་གསོའི་གསབ་སྦྱོང་འཚོགས་རྒྱུ།

གྲོས་ཆོད་བཞི་བ།

ཕམ་པ་འཆབ་བཅས་ཀྱིས་གོས་པའི་གང་ཟག་རྣམས་གནས་དབྱུང་བྱ་རྒྱུའི་ལག་ལེན་ཡོད་པའི་དགོན་པ་རྣམས་ཀྱིས་སྔར་བཞིན་རྒྱུན་སྐྱོང་གནང་རྒྱུ་དང་། དེ་འདྲའི་ལག་ལེན་མེད་པའི་དགོན་པ་དག་གིས་ད་ཕྱིན་ཕམ་པ་འཆབ་བཅས་བྱུང་བའི་གང་ཟག་འབྱུང་ཚེ་དམ་ཆོས་འདུལ་བའི་གཞུང་བཞིན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ།

གྲོས་ཆོད་ལྔ་བ།

        སྤྲུལ་སྐུ་ངོས་འཛིན་བྱེད་སྟངས་ནི་ངོས་འཛིན་བྱེད་མཁན་དེ་ཐོབ་དང་གོ་ས་ལ་མ་ལྟོས་པར་སྡེ་དགོན་ཀུན་གྱིས་བློ་ཁེལ་ངེས་ཀྱི་མ་དགོན་རང་གི་སྐྱེས་ཆེན་དམ་པ་ཞིག་མ་གཏོགས་ངོས་འཛིན་མི་གནང་རྒྱུ། གཞན་ཡང་སྡེ་དགོན་ཡོངས་ཀྱིས་བསམ་བློ་གཅིག་གྱུར་ཡིན་པ་མ་གཏོགས་གང་ཟག་རེ་ཟུང་གིས་སྒེར་གཅོད་ཀྱི་ལམ་ནས་ཞུ་མི་ཆོག་པ་དང་། གལ་ཏེ་ཞུས་ཀྱང་ངོས་འཛིན་མི་བྱ་རྒྱུ། ངོས་བཟུང་ཡང་རང་ལོ་ཉེར་ལྔ་མ་ལོན་བར་དུ་ཁྲི་འདོན་དང་དཔང་ཡིག་སྟེར་བ་བཅས་ཀྱི་བྱེད་སྒོ་མེད་པར་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།

གྲོས་ཆོད་དྲུག་པ།

       དགེ་ཚུལ་སློང་གི་སྡོམ་པ་སྟེར་ལུགས་ཀྱི་ཕྱོགས་ནས་སྡོམ་པ་གནང་མཁན་དག་གིས་སྒྲུབ་བྱེད་ཀྱི་ཆོ་ག་བློ་ལ་ཐོན་ངེས་ཤིག་དང་། བསྒྲུབ་བྱའི་ངོས་ནས་རང་ལ་ཡོ་སྤྱད་ཚང་དགོས་པ་རྣམས་ཚང་དགོས་ཤིང་། དགེ་ཚུལ་གྱིས་རགས་པ་བཅུ་དང་དགེ་སློང་གིས་ཕམ་ལྷག་བཅུ་བདུན་གྱི་སྡོམ་བློ་ལ་ཡོད་ཅིང་དོན་ངེས་པར་བྱ་བ་ཞིག་མ་མཐའ་ཡང་དགོས། གལ་ཏེ་བསྲུང་བྱའི་ཚིག་དོན་རྣམས་བློར་མ་ངེས་ཚེ་རེ་ཞིག་སྡོམ་པ་མི་སྟེར་བར་བསྲུང་བྱ་རྣམས་བསླབ་ཏུ་གཞུག་རྒྱུ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 122 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
da3h བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: Cecheng སྤེལ་དུས:2015/3/15
ངས་གྲོས་ཆོད་དེ་རིང་གསར་དུ་མཐོང་བ་ཡིན།ཧ་ཅང་བཟང་།ང་ཚོས་སྔོན་བྱུང་བསྟན་པའི་དར་རྒུད་གླེང་བ་ལས།འབྱུང་འགྱུར་རྒྱལ་བསྟན་་འཕེལ་རྒྱས་ལ་གཞིགས་ན་བཟང་།གོང་དུ་བགྲང་བའི་བླ་ཆེན་དང་མཁན་ཆེན།དགེ་བཤེས་འདི་རྣམ་པས་བོད་བསྟན་པ་སྤྱི་སྒེར་གྱི་འཐུས་ཚབ་བྱེད་ཐུབ་ཀྱང་སྲིད་ལ་མི་ཐུབ་ཀྱང་སྲིད།ཁ་ཕྱོགས་དང་དམིགས་ཡུལ་གསལ་བའི་རྒྱལ་བསྟན་དག་ཐེར་གྱི་ཐབས་ལམ་དྲུག་པོ་འདི་དུས་ཐོག་ཆར་་ལྟ་བུ་རེད།སྨན་གྱི་སྨྱུག་གུ་ལྟ་བུའི་རེ་བའི་གྲོས་ཆོད་འདི་དགོན་པ་ཆེ་ཕྲ་གང་ལའང་མཁོ་བས།ལོ་མ་འཇམ་པའི་གནས་སྐབས་འདིར་ཉེནཆེས་པས།སྙིང་ནས་བསྟན་དོན་ལ་སེམས་པའི་་སྐྱ་སེར་རྣམ་དཔྱོད་ཡངས་ཤིང་གཟུར་བོར་གནས་པ་དག་གིས་སྲུང་སྐྱོངས་དང་།དང་ལེན་བྱས་ན་བོད་བྱིངས་ལ་ཕན་པའི་སྨན་གྱི་ལྗོན་པ་ཆེན་་པོ་ཞིག་ཏུ་འགྱུར་་ངེས་ཡིན།དེང་དུས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་ཀྱང་འདི་དང་འདི་བུ་གླེང་གིན་འདུག ཞིང་ཆེན་དང་རྫོང་གིས་ཀྱང་འདིའི་ཕྱོགས་གླེང་བཞིན་ཡོད།དཔེར་ན་ཉིས་སྟོང་བཅུ་བཞི་ལོར་མཚོ་སྔོན་ཞིང་ཆེན་ཟུར་གྲོས་ཀྱི་ཆོས་ལུགས་འགོ་ཁྲིད་ཅིག་གིས་ང་ནང་བསྟན་ལ་ཞེན་པ་དང་དད་པ་གཉིས་ཀ་ཡོད་པ་ཞིག་ཡིན།སྔོན་བྱོན་སྐྱེས་བུ་དམ་པ་དག་གིས་རྒྱལ་བསྟན་དར་སྤེལ་གནང་བ་ལ་ལྟོས།འདིར་བཞུགས་བླ་མ་དགེ་པའི་བཤེས་གཉེན་རྣམ་པས་ད་ལྟ་ནང་བསྟན་ཅི་ལྟར་སྤེལ་གྱིན་ཡོད།ཕྱིས་སུ་ཅི་ལྟར་སྤེལ་རྩིས་ཡོད།བསམ་གཞིགས་ག་འདྲ་གནང་ཡོད།ཅེས་མིག་མཆི་མའཁྲིགས་ཀྱིན་བཤད།དེར་བཞུགས་ནང་བསྟན་པ་ཚོས་གཅིག་འཐུས་ཀྱིས་ལན་ཕར་ཟད་རེ་གཉིས་ཀྱིས་རང་གི་བསམ་ཚུལ་འགའ་གླེང་བར་བཤད།༡༩༨༠ནང་ཀུན་གཟིགས་པན་ཆེན་བཅུ་བ་མཆོག་མདོ་སྨད་རེབ་གོང་དུ་ཕེབས་སྐབས་ཁོང་གིས།ང་ཚོའི་ནང་བསྟན་ནི་ཕྱི་དགྲས་མི་འཇིག ནང་བ་རང་གིས་འཇིག་པར་བྱེད་པའི་ཉེན་ཧ་ཅང་ཆེ་གསུངས་ཞེས་དེའི་སྐབས་ཀྱི་རྫོང་ཨུ་ཧྲོས་ཅི་དང་བོ་དེས་ལུག་ལོའི་ཧོར་ཟླ་དང་བོའི་ནང་ང་ལབ་བྱུང་།ཁོས་དེ་དུས་ཧ་མ་གོ་ད་བསམ་ན་དངོས་གནས་རེད།ཅེས་ལབ།དེས་ན་ང་ཚོ་ནང་བའི་དགེ་འདུན་པ་ཚོས་འདུལ་ཁྲིམས་དང་མཐུན་པའི་རྒྱལ་བསྟན་ཕྱིས་སུ་ཅི་ལྟར་དགོས་པའི་ཚུལ་གླེང་རྒྱུ་འཕྱིས་འདུག་སྙམ།དེའིཕྱིར་ངས་ཁོང་རྣམ་པའི་ལྷག་བསམ་ལ་བཀའ་དྲིན་ཆེས་ཞུས་པ་ཡིན།འགར་རྩེ་ཚུལ་ཁྲིམས་ཀྱིས་ཕུལ།འགར་རྩེ་ཚུལ་ཁྲིམས་ཀྱིས་ཕུལ།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/8
རྒྱ་བླ་དྲུག་གི་ཁྲིམས་སྲོལ་དེ། ཁོ་རང་ཚོའི་སློབ་མ་བླ་མ་གཞན་གྱིས་འཕྲོག་པར་དོགས་ནས་གཞན་ལ་བཀག་སྡོམ་གྱི་ལས་ཀ་དང་། གལ་སྲིད་དགོན་པའི་ནང་ཁོ་རང་ཚོའི་ཁ་ལ་མི་ཉོན་མཁན་བྱུང་ན་གནས་དབྱུང་གཏོང་རྒྱུའི་འཆར་གཞི་རེད། ཁོང་རྣམ་པ་དངོས་གནས་ཆབ་སྲིད་པ་ཡང་དག་རེད། མའོ་ཀྲུའུ་ཞི་ལས་ཁོ་ཚོ་ཐབས་མཁས་པ་རེད། མའོ་ཀྲུའུ་ཞིས་ཁོང་གི་ཁ་ལ་མི་ཉོན་མཁན་དེ་ཐད་ཀར་གོ་གནས་ཕབ། བཙོན་ལ་བཅུག་རྒྱུ་རེད། ཡིན་ནའང་མི་མང་པོ་ཞིག་གིས་ཁོང་གིས་བཙོན་དུ་བཅུག་རྒྱུའི་མི་དེ་ལ་དུང་སེམས་སྐྱེ་ཞིང་ཡོད་པ་རེད། ཁོང་རྣམ་པའི་ཐབས་ཤེས་དེ། ཁོ་ཚོའི་ཁ་ལ་མི་ཉོན་མཁན་དེ་རྣམས། དང་པོ་ལྟ་ལོག་དང་། དམ་ཉམས་ཀྱི་ཞྭ་མོ་གཡོག དེ་ལ་རྒྱབ་སྐྱོར་རྩ་བ་ནས་མི་ཐོབ་མཁན་བྱེད། དེ་ནས་གནས་དབྱུང་གཏོང་ན། མི་སུ་ཡང་རྒྱབ་སྐྱོར་མེད་པ་ཞིག་བྱ་རྒྱུའི་འཆར་གཞི་རེད་འདུག རྒྱ་བླ་དྲུག་གི་འཆར་གཞི་དེ་མའོ་ཀྲུའུ་ལས་ཐབས་མཁས་པ་དང་། གཏོང་གནག་པ་ཞིག་རེད། བོད་རིགས་བསམ་བློ་ཡོད་པ་ཚོས་འདིང་རེ་རྒྱོབ་དང་། འདི་དང་འདི་ལྟ་བུའི་བླ་མ་འདི་རྣམས་ལ་ངེས་པར་དུ་ངོ་རྒོལ་མ་བྱས་ན། མི་མང་པོ་ཞིག་འདུག་མི་བདེ་བ་བྱེད་ངེས་རེད། ངས་བོད་མི་མང་གི་ཆེད་དུ་རྒྱ་བླ་དྲུག་སྡེ་ལ་དགག་པ་རྒྱེབ་བཞིན་ཡོད། འདྲེ་ཕྲུག་དེས་ལྷག་བསམ་དཀར་པོས་ཕུལ།
 སྤེལ་མཁན:  སྤེལ་དུས:2014/10/8
ལྟད་མོ་བ་ཞེས་པ་འདིས་གླེང་པ་ནང་བཞིན་ཡིན་ན་དངོས་ནས་ཡིད་སྐྱོ་བྱེད་ཅིག་རེད། ཨེ་བདེན་མི་ཤེས་མོད། བོད་པའི་སློབ་གསོ་འདི་གླེང་གིན་གླེང་གིན་མཐའ་མ་འཁྱོལ་བར་བླ་སྐྱ་གཞི་གཅིག་ཏུ་འདྲེས་ནས་སླར་ཡང་ལེགས་བཅོས་ཞེས་པ་ཞིག་གི་དབུ་འཛིན་དགོས་པ་ཅི་ཉེས། སྐྱིད་པའི་མི་ལ་ཆོས་མི་འོང་ཟེར་བ་དངོས་ནས་བདེན་པ་མིན་ནམ། ལེགས་བཅོས་ཡིས་བཅོས་མ་ཐུབ་པར་བོད་ཁམས་ལ་གསང་ཆ་འདྲ་བསླང་མི་འགྲོ་འམ། ལེགས་བཅོས་སྐོར་གྱི་འབྲེལ་ཡོད་མི་སྣས་ཁ་གསལ་དོན་གསལ་གྱི་ཤ་ཚའི་སྙིང་གཏམ་ཞིག་དྲྭ་ངོ་འདིར་སྤེལ་བར་བཀའ་དྲིན་ཞུ། འདི་ཁ་གསུངས་ཙམ་མིན་པར་སྨོན། འཇིག་རྟེན་སྤྱི་ལ་ལེགས་བཅོས་མཛད་མ་ཐུབ་ན། ལྕགས་འདིར་བདག་མ་བྱས་པར་གཡུགས་བཞག་ན་གཞན་པའི་བཙས་ཟོས་ནས་བསླད་འགྲོ་བར་ཉན་ཁ་ཆེ། བོད་པ་འདིར་དངོས་ནས་སྙིང་རྗེ་བ་ཞིག་རེད།
 སྤེལ་མཁན: ལྟད་མོ་བ། སྤེལ་དུས:2014/10/8
བཀྲ་ཤིས་བདེ་ལེགས། དེ་རིང་གཞི་ནས་འདི་མཐོང་སོང་། ཡ་ཡ། དེང་སང་སྤྲུལ་སྐུའི་དཔང་ཡིག་སྟེར་མིན་དེ་རྒྱལ་ཁབ་རིམ་པའི་ཆོས་ལུགས་ཇུས་དང་། ནང་བསྟན་མཐུན་ཚོགས་ཀྱི་ལག་ན་ཡོད་པ་དེར་ལག་པ་སྲིང་སྟངས་དང་། དོན་མེད་ཀྱི་གྲྭ་བཙུན་སྤྲང་པོ་ཚོ་རང་ཁ་སང་གསོའི་ཐབས་ལམ་ལ་དགག་པ་རྒྱག་སྟངས། རྒྱ་བླ་རྣམས་ལ་ཚད་ལྡན་ཡིན་པའི་ལག་ཁྱེར་གསར་པ་གཟོ་དགོས་ཚུལ། ནང་པ་སངས་རྒྱས་པའི་དགེ་འདུན་པ་སྤྱི་དང་། སྟོན་པ་དང་། ཆོས་ལ་ཡིག་ངག་གང་རུང་གི་ལམ་ནས་ངན་སྨད་དང་སྐུར་འདེབས་ཀྱི་ལས་རིགས་ལ་ཞུགས་ཚེ་བསྒྱུར་བཅོས་མ་བྱས་ན་གནས་དབྱུང་གི་ལས་ལ་སྦྱར་རྒྱུ། སྒེར་གཅོད་ལམ་ལུགས་མེད་པའི་དགོན་པ་ལ་སྒེར་གཅོད་ལམ་ལུགས་ཀྱི་སྲོལ་གཏོད་དགོས་པ། སྤྲུལ་སྐུ་དེ་ཚོ་ཡང་དང་པོ་དགེ་བའི་བཤེས་གཉེན་བསྟེན་ནས་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་ལས་ཁྲི་འདོན་མི་གནང་རྒྱུ་རྣམས་ནི། བསམ་གྱིན་བསམ་གྱིན་སྲིད་དོན་རང་དོན་དང་ལྷན་དུ་བསྲེས་པའི་ངོ་གདོང་ངོ་མ་མཐོང་སོང་། ངོ་མ་བཤད་ན་ང་ནི་གསེར་རྟའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། ས་སྐྱ་པ་རྫོང་སར་མཁན་ཆེན་ཕུན་ཚོགས་རྣམ་རྒྱལ། དགེ་ལྡན་པ་ཀིརྟིའི་དགེ་བཤེས་བརྩོན་འགྲུས། བཀའ་བརྒྱུད་པ་དཔལ་སྤུངས་མཁན་ཆེན་དོན་གྲུབ་བཀྲ་ཤིས། ཇོ་ནང་པ་དགེ་བཤེས་དངོས་གྲུབ་དཔལ། རྙིང་མ་པ་ཡ་ཆེན་སྤྲུལ་གསང་སྔགས་བསྟན་འཛིན། བོན་པོ་བ་སྣང་ཞིག་སྐྱབས་མགོན་བཅས་ལ་དགའ་གུས་ཡོད་མཁན་ཞིག་ཡིན། འོན་ཀྱང་ད་རེས་ཇུས་མེད་ཇུས་གཏོགས་ཀྱི་མཛད་པ་འདི་ལ་ཡི་རང་ཕར་ཞོག་ངོ་མ་ཁོང་རྣམ་པས་རང་རང་གིས་ཐོག་མའི་དཀའ་ངལ་གང་འདྲ་མྱོང་ཡོད་མེད། ད་སྐབས་ལས་ཀ་ག་འདྲ་ལས་ཀྱིན་ཡོད་མེད། མི་སེར་དང་། བླ་གྲྭ་ཡོངས་ཀྱི་འཚོ་བ་ལ་དཀའ་སྡུག་ག་རེ་ཡོད་མེད་སོགས་ལ་བསམ་བློ་ཏིལ་འབྲུ་ཙམ་རེ་ཡང་གཏོང་མ་ཐུབ་པར་རང་སྣང་གང་ཤར་གྱིས་གྲོས་ཚོགས་ཤིག་འཚོགས་འདུག་དྲན་ནས་ཧུ་ཤུ་རིང་མོ་ཅིག་ཤོར་སོང་། ཨ་ཨ་་་་་ དེང་སང་ངོ་མ་ལྔ་བརྒྱ་ཐ་མ་ཟེར་བ་དེ་ཡིན་ས་རེད། བླ་མས་བསྟན་པ་དག་ཐེར་བྱེད་དགོས་ན་དགོན་པའམ་རི་ཁྲོད་དུ་བསླབ་པ་ཉམས་ལེན་བྱེད་ནས་བཞུགས་འདུག་ན་དེས་རང་བཞིན་གྱིས་བསྟན་པ་ལ་དག་ཐེར་ཡོང་གི་རེད། བླ་མ་མཁྱེན་ད་ཚར་སོང་།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/7
བོད་མི་རྩོད་རྙོག་དགའ། བོད་བླ་ཆགས་སྡང་ཆེ། དེ་དག་དགའ་བའི་ཆེད། ཆོས་དང་ཆོས་མིན་གྱི། རྣམ་འབྱེད་འདི་ནས་སྤྲོས།
 སྤེལ་མཁན: ཀ་ཁའི་བདག་པོ སྤེལ་དུས:2014/10/7
འདྲེ་ཕྲུག་ད་ག་རེ་ཡིན། གྲུབ་མཐའི་རྩོད་རྙོག་གི་ཡི་གེ་ཚང་མ་སྔོག་འདོན་བྱས་ནས་འདིར་སྤུངས་ཏེ་ཅི་ཞིག་བྱེད་རྩིས་ཡིན།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/6
རྒྱ་མིན་བོད་མིན་བླ་མ་ཚོས། །ལྷ་མིན་འདྲེ་མིན་ལོ་རྒྱུས་ཞིག །གཉིད་མིན་སད་མིན་བོད་འབངས་ལ། །ད་ལྟའི་བར་དུ་རྫུན་གཏམ་བསྒྲགས། །སྔ་འགྱུར་རྙིང་མའི་ལོ་རྒྱུས་ལས། །ལྷ་མོ་དྲི་མ་མེད་པའི་མདོ། །དེང་དུས་བཤད་སྲོལ་དང་བསྟུན་ནས། །ལོ་གྲངས་ཉིས་སྟོང་ལྔ་བརྒྱ་དེ། །ལྔ་བརྒྱར་བསྒྱུར་དོན་ཅིའི་ཕྱིར། །སངས་རྒྱས་གསུང་ལ་བཅད་བཅོས་དེ། །སྔ་འགྱུར་རྙིང་མའི་སྲོལ་ལུགས་སམ། །སྤྱི་ལོ་༨༡༠ལོ་ལ། །བསམ་ཡས་བཞེངས་པ་ངོ་མཚར་ཆེ། །དུས་དེ་ཁྲི་སྲོང་ལྡེའུ་བཙན་ཉིད། །སྐུ་གཤེགས་ལོ་ངོ་བཅུ་བཞི་འདས། །འདས་རྗེས་བསམ་ཡས་བཞེངས་པ་དེ། །སྔ་འགྱུར་རྙིང་མའི་ལོ་རྒྱུས་སམ། །སྤྱི་ལོ་༨༢༢ལོར། །ལྷ་ས་གཙུག་ལག་ཁང་གི་མདུན། །རྒྱ་བོད་འདུན་མའི་རྡོ་རིང་བཞེས། །དེ་ལ་བཞེངས་དུས་བཞེངས་དོན་སོགས། །ཡི་གེར་བཀོད་པ་ད་ལྟ་གསལ། །བསམ་ཡས་བཞེངས་རྗེས་ལོ་བཅུ་པར། །ཁྲི་རལ་རྒྱལ་སར་འཁོད་དམ་ཅི། །འདོད་ན་ལྷ་སའི་རྡོ་རིང་དེ། །མི་མངོན་དབྱིངས་སུ་སྦས་ན་ལེགས། །མིན་ན་ཁྱོད་ཀྱི་རྫུན་རྐུབ་རྡོལ། །
 སྤེལ་མཁན:  དཔལ་འཕེལ། སྤེལ་དུས:2014/10/6
ངན་སྔགས་བཏབ་པའི་རྡེའུ་དཀར་ནག་ཁྲ་གསུམ། རེ་རེ་བཞིན་བཏུས་ཏེ་རྡེའུ་འབུམ་ཞིག་འགྲུབ་པར་མི་ལོ་ག་ཚོད་འགོར་རམ།
 སྤེལ་མཁན: འདྲེ་ཕྲུག སྤེལ་དུས:2014/10/5
སྨན་མཆོག་ལགས། ཁྱོད་ལས་བྱེད་ངལ་གསོ་བ་ཞིག་ཡིན་ན། ང་ལས་ཁྱོད་སྡུག་པ། བདུད་རྒན། དམ་ཉམས་ཆ་ཚང་ཡིན་པ་འདྲ། དང་པོ་ལས་བྱེད་བྱས། དགོན་པ་བཤིགས། ལྷ་སྐུ་གཏོར། བླ་མ་བརྡུང་། ངལ་གསོ་ཟིན་པ་དང་ཆོས་སྒོ་ཞུགས། ཞལ་འདོན་བྱེད། ཕྱག་འཚལ། བསྐོར་བ་བྱེད་མཁན་དེ་འདྲ་ཡིན་པ་འདྲ། ཧ་ཧ་ཧ། ཁྱེད་ཕེབས་ས་དམྱལ་བ་མ་གཏོགས་གང་ན་ཡོད། ང་དེང་སང་རྒྱ་བླ་མགོ་བསྐོར་གཏོང་མཁན་འདི་ཚོ་མཚང་བཏོན་ནས། བོད་མི་དམངས་ལ་ཕན་ཅི་ཐོགས་བྱས་པས་བདེ་བ་ཅན་ལ་འགྲོ་ངེས་ཡིན། ཧ་ཧ།
 སྤེལ་མཁན: སྨན་མཆོག སྤེལ་དུས:2014/10/5
ངོ་མ་དམ་ཉམས་ན་དམ་ཉམས། འདྲེ་ཕྲུག་ན་འདྲེ་ཕྲུག. བདུད་རྒན་ན་བདུད་རྒན། ངོ་མ་དེ་ཚོ་ནི་མིང་དོན་མཚུངས་པའི་མིང་རེ་ཡིན་པ་འདྲ། ཨ་ཧ་བོ། ཁྱོད་སྙིང་རེ་རྗེ་ངོ་མ་སྙིང་རེ་རྗེ། དེ་འདྲའི་ལས་ངན་ཚབ་ཆེན་མ་བསགས་རོགས། ཁྱོད་རང་གིས་ཁྱོད་རང་ཡང་ཤ་ཚ་མི་ཤེས་པར་འདུག. ཡང་ཁོང་གི་སློབ་མ་ཟིག་ཡིན་སྣང་མ་ཤར། ང་ནི་ཨ་མདོའི་རྒད་པོ་ལས་བྱེད་ངལ་བསོ་བ་ཞིག་ཡིན། ངས་བལྟས་ན་ཁྱོས་ལས་ངན་ཐབ་སྡུག་དེ་ཚོ་སྤང་རན་རེད། ལོག་རྟོག་གི་གཉིད་ལས་སན་རན་རེད།
  པར་ངོས 1/13 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41157736
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1