ཨ་མཆོག་རིན་པོ་ཆེའི་བཀའ་སློབ་ཅིག
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 12 ཚེས 10 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» དགོན་སྡེའི་སློབ་གསོ། »ཨ་མཆོག་རིན་པོ་ཆེའི་བཀའ་སློབ་ཅིག
ཨ་མཆོག་རིན་པོ་ཆེའི་བཀའ་སློབ་ཅིག
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/22ལྟ་ཀློག (5891)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།བཀའ་སློབ་གནད་བསྡུས།

གཅའ་གངས་བུས་ཟིན་བྲིས་སུ་བཏབ།

     དེ་ཡང་ཕྱི་ལོ༢༠༡༤/༩/༢༠ཉིན་གདན་ས་གསུམ་གྱི་དགེ་བཤེས་ལྷ་རམས་པ་དགའ་ལྡན་ཤར་རྩེའི་མཁན་ཟུར་ཆོས་ཚན་ཟུང་འབྲེལ་གྱི་ཤིང་རྟ་བ་ཆེན་པོ་རང་ཅག་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པ་སྐྱབས་རྗེ་ཨ་མཆོག་རིན་པོ་ཆེ་སྐུ་ཕྲེང་བཞི་བ་རྗེ་བཙུན༧བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་གིས་ཨ་མཆོག་མཚན་ཉིད་དགོན་མ་ལག་དང་རྔ་ཡུལ་བཙུན་མའི་དགོན་བདེ་ཆེན་ཆོས་འཁོར་གླིང་སོགས་ཀྱི་གཙོའི་ཕྱོགས་རིས་མེད་ཀྱི་དད་ལྡན་སེར་སྐྱ་མང་བོར་བསྩལ་བའི་བཀའ་སློབ་གནད་བསྡུས་འགའ།

      ཁོང་རིན་པོ་ཆེས་གསུངས་རྒྱུར་དེ་རིང་དགེ་འདུན་མང་ལ་ཞུ་བྱ་ནི་ང་རང་ལོ་བཅོ་ལྔའི་སྟེང་ཕྱིའི་རྒྱལ་ཁབ་ལ་སོང་ཞིང་ད་ལོ་རང་ལོ་བདུན་ཅུའི་སྟེང་རང་ཡུལ་ལ་ཉེ་གཏུག་ལ་ཡོང་བ་ཡིན། སྐབས་དེར་མགོ་དཀར་བོར་གྱུར་མཚན་ཉིད་དགོན་པའི་གྲྭ་རྒན་ལ་ལོག་དབྱུག་རྟེན་བཟུང་ཡོང་རྒྱུའི་གོ་སྐབས་ལྡན་པ་དེ་རང་གི་ངོས་ནས་བསོད་ནམས་ཆེན་པོ་རེད་བསམ་གྱིན་ཡོད། འདི་ང་རང་ཉེ་གཏུག་ལ་ཡོང་བ་ ཐེངས་བཞི་བ་དེ་ཡིན། ཉེ་གཏུག་ལ་ཐེངས་དང་བོ་དང་གཉིས་པ་གསུམ་པ་བཅས་ལ་ཡོང་སྐབས་རྒྱལ་ཁབ་ཀྱི་ཆོག་མཆན་གནང་བ་དང་ད་ཐེངས་ཐུག་འཕྲད་ལ་ཡོང་སྐབས་ཀྱང་རྒྱལ་ཁབ་ཀྱིས་ཆོག་མཆན་གནང་བ་ཡིན་པས་རྒྱལ་ཁབ་ལ་ཡང་ངས་བཀའ་སྐུ་དྲིན་ཤིན་ཏུ་ཆེ་ཞུས་པ་ཡིན། ལོ་ལྔ་བཅུ་ང་བཞི་ང་ལྔ་ཞིག་གི་རིང་ལ་ངས་ཕྱི་རྒྱལ་ནས་མི་ཚེ་བསྐྱལ་བ་ཡིན། ཡིན་ན་ཡང་ང་ཚོ་མཚན་ཉིད་པའི་སྐད་ཆར་ཇ་འཐུང་ཟ་མ་གང་ཞིམ་པོ་ཟོས་ལས་ཀ་མེད་པར་སྐྱིད་པོ་བྱས་ནས་བསྡད་ཟེར་བ་ལྟར་ང་རང་བསྡད་པ་མ་རེད། སྐབས་དེར་ངའི་ཟ་མ་གང་ཞིམ་པོ་ཟོས་པ་དང་འདུག་ས་གང་བཟང་ལ་བསྡད་པ་མིན་པར་ངས་དཀའ་སྤྱད་ཀྱིས་སློབ་སྦྱོང་བྱས་པ་ཡིན་ཞེས་ང་ལ་བཤད་རྒྱུའི་སྤོབས་པ་ཡོད། ཟ་མ་གང་ཞིམ་པོ་ཟོས་འཐུང་རྒྱུ་གང་ཞིམ་དེ་འཐུང་ལས་ཀ་མེད་པར་འདུག་མཁན་དེ་ཚོ་ལ་ང་སྨོན་གི་མ་རེད། དེ་ཚོ་སྐྱིད་པོ་རེད་ཟེར་གི་མ་རེད་དེ་ལྟས་ངན་རེད་ཟེར་གི་རེད།

      རབ་ཏུ་བྱུང་ཚར་དུས་བྱ་བ་ཅི་ཞིག་བཞག་ཡོད་ཟེར་ན་སློབ་སྦྱོང་གྱིས་ཤིག་དང་སྡེ་སྣོད་གསུམ་ལ་སྦྱོངས་ཤིག་ཅེས་གསུངས་ཡོད་པ་རེད། དེ་རྣམ་པ་ཚོས་ཕར་ཆེར་མཁྱེན་གྱིན་ཡོད་པ་རེད། རབ་བྱུང་བ་དང་དགེ་ཚུལ་སློང་རྐྱང་རྐྱང་རེད། དགེ་ཚུལ་སློང་གི་སྡོམ་པ་བསྒྲུབས་ཚར་བ་ནས་བཟུང་སྟེ་དགེ་ཚུལ་སློང་གི་བསླབ་པར་བྱ་བ་ཅི་ཞིག་ཡོད་པ་དེ་བསླབ་རྒྱུ་མ་གཏོགས་རང་རང་ལ་ཟ་འཐུང་ཉལ་ནས་བསྡད་པ་དེ་སྐྱིད་པོ་རེད་ཟེར་བའི་རྩ་བའི་ཐུགས་འདང་གནང་ཚུལ་གྱི་བསམ་བློའི་ཁ་ཕྱོགས་ཏེ་ཡིན་གཅིག་མིན་གཅིག་བསྒྱུར་བཅོས་གནང་དགོས་པ་རེད་བསམ་བྱུང་།  དེ་ཧ་ལས་པའི་གལ་ཆེན་པོ་རེད། དེ་དང་གཅིག་དཔེ་ཆ་ལ་མི་ལྟ་བའི་དཀོན་གཉེར་དང་ལས་བྱེད་མཁན་འགས་ཕྲག་སྟེང་ལ་དཔེ་ཆ་བཞག་ནས་དཔེ་ཁྲིད་ལ་སོང་ན་དེ་ཚོ་འཕྱ་སྨོད་བྱེད་པའི་གནས་མ་རེད། དེ་ལ་རྗེས་སུ་ཡི་རང་བྱེད་དགོས་པ་མ་གཏོགས་འཕྱ་རྒྱུ་ཞིག་མ་རེད། འཕྱ་རྒྱུ་ངོ་མ་དེ་གང་རེད་ཟེར་ན་དགེ་ཚུལ་སློང་གི་སྡོམ་པ་བླངས་ཚར་བ་ནས་ཤག་ཏུ་བསྡད་ནས་གང་ཞིམ་པོ་འཐུང་ ཟོས་ཉལ་ནས་བསྡད་པ་དེ་ངོ་མའི་འཕྱ་སྨོད་ཀྱི་གནས་རེད། ངོ་ཚ་དགོས་པ་རེད། རང་གི་ཅི་ཤེས་གང་ཤེས་བྱས་ཏེ་ཕྲག་སྟེང་ལ་དཔེ་ཆ་བཞག་ནས་དཔེ་ཁྲིད་ལ་སོང་ན་དེ་ལ་རྗེས་སུ་ཡི་རང་དང་ཐལ་མོ་སྦྱར་དགོས་པ་རེད། དེ་ལྟར་ཡིན་མིན་དམ་ཆོས་འདུལ་བ་དང་སྡེ་སྣོད་གསུམ་བྱང་ཆུབ་ལམ་རིམ་སོགས་ལ་གཅིག་ལྟོས་དང་ང་ཚོ་མཐུན་དགོས་ས་དེ་དེ་རེད།

     དཔེ་ཆ་མི་ཤེས་པའི་གྲྭ་པ་དཀོན་གཉེར་སོགས་ཡིན་ན་ཡང་དགེ་བའི་བཤེས་གཉེན་རེའི་མདུན་ནས་བློ་སྐྱེད་རེ་ཨེ་ལོན་བལྟས། དེའི་སྟེང་ལ་གཙོ་བོ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་དེའི་སྟེང་ལ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དེའི་སྟེང་ལ་ལྷག་པ་ཤེས་རབ་ཀྱི་བསླབ་པ་དེ་གསུམ་ཚང་སོང་ན་སངས་རྒྱས་ཀྱི་བསྟན་པ་རེད། སངས་རྒྱས་ཀྱི་བསྟན་པའི་ནང་ནས་ཡར་རྒྱས་སྣ་གཅིག་འཁྱོངས་སོང་བ་ཡིན་ན་དེ་ལ་རྗེས་སུ་ཡི་རང་བྱེད་རྒྱུ་རེད། དེ་ལྟར་མ་ཡིན་པར་དེ་དག་གི་རྒྱུད་ལ་སྐྱེ་རུ་མི་འཇུག་པར་ཁ་གསོད་ཚིག་གསོད་བྱས་ན་དེ་ཡ་རབས་ཀྱི་བྱ་བ་ཞིག་དང་ཆོས་དང་མཐུན་པའི་བྱ་ཞིག་རྩ་བ་ནས་མ་རེད། བདུད་ཀྱི་བྱེད་ལས་རེད། དེ་གསུངས་མཁན་ཁོ་རང་བདུད་ཀྱི་སྤྲུལ་བ་ཡིན་རྒྱུ་མ་རེད་བླ་མ་གྲྭ་ཚང་གི་གྲལ་གདན་སྟེང་ལ་བཞུགས་མཁན་ཞིག་ཡིན་དུས་བདུད་ཅིག་ཡིན་གི་མ་རེད།   ཡིན་ན་ཡང་ལས་སྟེང་དེ་ཆོས་དང་མཐུན་པ་ཞིག་ཆགས་ཀི་ཡོད་པ་མ་རེད། དེ་སྡིག་པའི་ལས་ཚབས་པོ་ཆེ་རེད། རྩ་བའི་ཐུགས་འདང་གནང་སྐབས་ཐུགས་འདང་ཧ་ཅང་རྒྱག་དགོས་པ་རེད་ཞལ་ནས་ཚིག་གཅིག་གསུང་རྒྱུ་ཡིན་ན་མ་བཤད་གོང་ལ་ཐུགས་འདང་གནང་དགོས་པ་མ་གཏོགས་ཁ་ནས་བཤད་ཚར་བ་ནས་བཟུང་ད་ཚར་སོང་བ་རེད། རབ་བྱུང་བ་ཟེར་བ་དེ་གནས་ཤིང་གྲོང་བ་གོས་དུར་ཁྲོད་པའམ་ཕྱགས་བདར་ཁྲོད་པ་ཟས་བསོད་སྙོམས་པ་མ་གཏོགས་སྐྱིད་ཡིན་ཟེར་ནས་ཤག་ལ་སོང་ནས་ཉལ་བསྡད་པ་དེ་དམ་ཆོས་འདུལ་བའི་འགྲོ་སྟངས་གཏན་ནས་མ་རེད། དགེ་ཚུལ་སློང་ངམ་རབ་ཏུ་བྱུང་བ་ནས་བཟུང་འབད་དགོས་ས་དེ་གང་རེད་ཟེར་ན་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་འདེགས་ཞུ་རྒྱུ་དང་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་རེད།

       དཔལ་ལྡན་སྨྲ་སེང་གླིང་ལ་ལས་བྱེད་མཁན་མང་བོ་ཡོད་པ་རེད་ཚོང་ཁང་ནང་གི་གྲྭ་པ་དེ་ཚོ་དང་དཀོན་གཉེར་སོགས་མང་བོ་ཡོད། ངས་བརྒྱད་ཅུ་གྱ་གསུམ་ལོ་ནས་བཟུང་དཔལ་ལྡན་སྨྲ་སེང་གླིང་གི་ཚོང་ཁང་དང་དཔལ་འབྱོར་ཕྱོགས་ལ་འཛུགས་སྐྲུན་བྱས་པ་ཡིན་པས་དེ་ཚོ་ལ་ཡོན་ཏན་གཞི་གྱུར་མ་སོགས་ཀྱི་དོན་རེ་བཤད་དགོས་པ་རེད་མ་གཏོགས་ཁོ་ཚོས་ལོ་མང་བོར་དགོན་པ་ལ་བྱ་བ་བསྒྲུབས་ཏེ་ཚེ་འཕོས་སོང་བ་ཡིན་ན་ཧ་ལས་པའི་སེམས་སྐྱོ་དགོས་པ་དང་ངའི་སེམས་ཡང་སྐྱོ་རྒྱུ་རེད། དཔལ་འབྱོར་བསྒྲུབ་སྟངས་དེ་དགོན་པ་གྲྭ་ཚང་མི་སེར་གྱི་ཁུར་བོར་མི་ལོག་པ་བྱེད་དགོས་པ་རེད། ཆོས་ཀྱི་བསླབ་བྱ་ཟེར་བ་དེ་གང་ཡིན་ཟེར་ན་སྐྱོན་ལ་མཛུབ་མོ་འཛུགས་དགོས་པ་དེ་རེད། དེ་ང་གཅིག་བུས་བཤད་པ་མ་རེད་ཇོ་བོ་རྗེ་ནས་བཟུང་ཚང་མ་གཅིག་མཐུན་རེད། དགེ་འདུན་པའི་སྡེ་གནས་དགོས་ན་ཁྲིམས་འགྲིག་ལམ་དེ་དགོས་པ་རེད་དགོན་པ་གྲྭ་ཚང་ཞིག་ཡིན་ན་དགོན་པའི་ཁྲིམས་བསྲུངས་པ་དང་རྒྱལ་ཁབ་ཀྱི་ཁྲིམས་བསྲུང་དགོས་པ་རེད། 

      དཔལ་ལྡན་སྨྲ་སེང་གླིང་གི་ལྷ་ཁང་སོ་སོ་ཉམས་གསོ་བྱེད་རྒྱུའི་ཐད་ལ༢༠༡༢ལོ་འཆར་གཞི་བཏང་བ་ཡིན་སྐབས་དེར་དོ་དམ་མི་སྣ་འགའ་ལ་རི་མོ་བྲི་མཁན་གྱི་ཆེད་ལས་མཁས་པ་གདན་འདྲེན་བྱེད་རྒྱུའི་འགན་བཞག་པ་ཡིན། འཛུགས་སྐྲུན་དེ་ལོ་ལྔ་ནས་བཅུའི་བར་ཡིན་འཛུགས་སྐྲུན་དེ་ལ་མཚོན་ན་རྒྱལ་ཁབ་དང་དད་ལྡན་མང་ཚོགས་དགེ་འདུན་པ་ཚང་མ་ལ་འབྲེལ་བ་ཧ་ཅང་ཟབ་དགོས་པ་རེད། དེ་ལ་དགོན་གྲོང་ཚང་མས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པ་རེད།  ཅེས་དང་དཔལ་ལྡན་སྨྲ་སེང་གླིང་གི་སློབ་གླིང་ཤེས་བྱའི་དཀྱིལ་འཁོར་གསར་འཛུགས་སྐབས་ཀྱི་གནས་བབ་དང་ས་ཆ་གང་ཡིན་ལ་གནོད་སྐྱོན་དང་འབག་བཙོག་མི་བཟོ་བར་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་བླ་སྤྲུལ་དགེ་འདུན་པ་ཚོའི་ལམ་བསླབ་པ་གསུམ་ལ་ཉམས་ལེན་དང་ལུང་སྡེ་སྣོད་གསུམ་ལ་འཆད་ཉན་རྣམ་དག་བྱེད་དགོས་ཚུལ་སོགས་བཀའ་སློབ་གནད་དུ་སྨིན་པ་མང་བོར་བསྩལ་ཏོ།།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15826105
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号