བདག་གིས་ཕྱོགས་ཞེན་གླེང་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »བདག་གིས་ཕྱོགས་ཞེན་གླེང་བ།
བདག་གིས་ཕྱོགས་ཞེན་གླེང་བ།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/9/24ལྟ་ཀློག (1932)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨ་ཆུའི་བསམ་གཏན།

     བདག་གིས་མིག་ཁ་ཕྱེས་པ་ནས་ཁྱིམ་ཚང་གི་སྒོ་ར་དང་སྒོ་ཁྱི།   སྒོ་ཟོག  ཕ་མ་སྤུན་མཆེད།  ང་ཟེར་བའི་ཐ་སྙད་དེ་ཡང་ཤེས།  དུས་དེ་ནས་བཟུང་བདག་གིས་ཁྱེད་ལ་རྒྱལ་ཁབ་དང་མི་རིགས་ཞེས་པ་གླེང་ཞིང་།  བདག་ཅག་གི་སྟོན་པ་ཡང་གླེང་བ་ཡིན་ལ།   རང་རང་གི་འདོད་མོས་ལས་བགོས་པའི་དད་པ་དང་དག་སྣང་གི་ཆོས་ལུགས་ཤིག་ཀྱང་གླེང་ཞིང་།   དེ་ལས་སྐྱེན་པའི་རྒྱ་ཁྱབ་ཀྱི་བདེན་ངེས་ཤིག་ཀྱང་སྒྲུབ་གང་ཐུབ་བྱེད་པ་ནི་རང་གི་ཤི་གསོན་ལ་འབྲེལ་བ་ཡོད་པ་ནང་བཞིན་སེད་མོ་དང་ཕྲེང་བ་བརྡར་བ་མཚམས་མ་ཆད་པ་ལྟ་བུ་འོ། །ཁྱེད་ཀྱིས་དེ་ནི་མི་སྒེར་གྱི་བདེ་ཐང་ལྟ་བ་ཡིན་ལ།   དོན་སྙིང་དེ་ནི་རིན་ཐང་ཅན་དུ་སྒྲོག་ཀྱང་ཆོག་ཟེར།  དོན་ལ་དེ་ནི་ཉིད་ཀྱི་སྐྱེ་ས་ཆད་ཁོངས་ལས་སྤྲད་པའི་འགན་བཞག་ཅིག་ཡིན་ཞིང་།  འགན་ཁུར་དེ་ནི་རང་ཉིད་ཀྱི་སྐྲ་ལོ་བཞིན་མུ་མཐུད་དུ་སྐྱེ་བཞིན་ཡོད།  རང་ཉིད་ངོ་མ་ཞིག་ཡོད་ན་སྙིང་ཡང་རྗེ། 

        འཛམ་གླིང་གི་ས་བཀྲ་ལས་རྒྱལ་མཚམས་བཅད་པའི་བགོ་བཤའ་དང་ཐོབ་སྐལ། གཡུལ་ས་དང་བཙན་རྫོང་དག་མཐོང་དུས་ཡིན་ངེས་པ་གཏན་དུ་ཁེལ་བའི་ང་རྒྱལ་ཞིག་དང་།  བདག་གི་ས་ཁོངས་ཀྱི་གནས་བབ་དང་འཛམ་གླིང་ལ་བཤམས་ཆོག་པའི་རང་གི་འགྲེལ་བཤད་དང་འཚམ་པའི་རྒྱལ་དར་དེ་ཡང་ཁྱེད་ལ་འགྲེམ་སྟོན་བྱ་ངེས་ཤིང་། བདག་གི་རྒྱལ་དམངས་དཔལ་འབྱོར་དང་དམག་ཤུགས་བར་གྱི་འགལ་འཛོལ་ཡང་གནས་ལུགས་ཅན་དུ་བསྒྲུབ་ཀྱང་སྲིད།  དེ་ནི་འཇིག་རྟེན་པ་དང་འཇིག་རྟེན་བཅུད་ཀྱི་ཆོས་ཉིད་ཅིག་ཏུ་བཤད་པ་བདེན་ཆོག་ལ་བདེན་ཡང་ཟེར།   ང་ཚོས་དེ་ལ་ཚད་མ་ཟེར། ཚད་མ་དེ་ནི་རྒྱལ་ཕམ་གྱི་ཐག་གཅོད་བཞིན་ཡོད་ཅིང་།   ཁྱོད་ཤི་ང་གསོན་གྱི་ཁ་དཔེ་དེ་ནི་ཆབ་སྲིད་ཅེས་པའི་སྤྱི་སྡོམ་ལྟ་བུ་རེད།  གཡོ་སྒྱུ་སུ་ལ་ཆེ་ན་རྒྱལ་ཁ་ཡོད་ཅིང་། རྡུལ་རྡེལ་བཟོ་དགོས་པའི་གནས་ལུགས་ཀྱང་བདག་ཅེས་པའི་ཁྱིམ་ར་དང་སྒོ་ཁྱི་བཙན་པས་ཆེད་དུ་མ་ཡིན་ནམ། དེ་ནི་མིག་རྒྱང་ཧ་ཅང་ཐུང་བའི་བཅོས་ཀ་ཞིག་རེད།  ནམ་ཞིག་གཏེ་བོ་དེས་མཉམ་ཤི་རྒྱག་རྒྱུའི་གྲབས་མི་ཤོམ་མམ། དེ་ཉིད་བདེ་འཇགས་ཀྱི་ཆེད་དུ་འགྲོ་འམ།  ཡང་ན་དེ་བས་སྡིག་ཉེས་ཤིག་གི་རྩ་བ་དང་རྩེ་མོ་མཐོང་རྒྱུ་གཞན་མེད་པས་ང་ཚོས་མཛེས་སྡུག་གི་ཕ་ཡུལ་ན་མི་སེམས་མཐུན་པའི་གནའ་གཏམ་ཞིག་ཡོད་ཅེས་སུ་ལ་བཤད་རྒྱུ།   ང་རང་ཐང་ཆད་ནས་རང་ལ་དབང་བའི་བསམ་གཞིགས་གནམ་དེངས་པ་རེ་བྱེད་དུས།   གནམ་འོག་གི་མུན་པ་ཁོ་ན་ཡིད་ལ་འཆར་གྱིན་འདུག  ཁྱེད་ཀྱིས་ཡིད་ལ་གཟུང་དང་།  ངའི་མི་དང་ངའི་རྒྱལ་ཁོངས་ནི་འབྲེལ་སྒྲ་གྲུབ་བྱེད་ཀྱི་ཡི་གེའི་ཡ་ཐོག་གམ་བོད་ཀྱི་རྣམ་དབྱེ་དྲུག་པའི་རྒྱུ་འབྲས་ཡིན་ལ། རྒྱུ་འབྲས་འདི་ལ་བརྟེན་ནས་རིག་པ་ཅུང་ཟད་གཡེལ་ན་ང་ཚོའི་ཡི་གེ་ཡང་གཤིས་ཀའི་བྲན་གཡོག་ནས་ཡོངས་སུ་བཅིངས་འགྲོལ་བྱས་མེད་པ་ཅི་ལ་མི་ཤེས།   མིས་རིགས་སོ་སོས་ལོ་ངོ་སྟོང་ཕྲག་དུ་མར་རང་ཉིད་དང་ཆེས་ཁ་ཐག་ཉེ་བའི་སྣོད་ཀྱི་ཁོར་ཡུག་ཅིག་བཟོ་སྐྲུན་བྱས་ཤིང་། མིང་དང་ཚིག་གི་གཞིས་ཀ་ཡང་དེ་བཞིན་སྲ་བརྟན་དུ་བརྩེགས་ཤིང་།  དེ་ལ་སྟེང་འོག་ལྷ་ཀླུ་གཉན་གསུམ་གྱིས་ཀྱང་བདེན་པའི་དཔང་སྟེར་དགོས་བྱུང་།   རྩྭ་མགོ་ཉལ་ཕྱོགས་དང་རླུང་གི་གཡུག་ཕྱོགས་ལ་གྲོས་ཁ་སྡུར་དགོས་སམ།  དེ་ནི་རང་བྱུང་ཁམས་ཆེན་མོ་ལ་དབང་བས་སོ་ཞེས་མགོ་བོ་རུམ་དུ་བཅུག་ནས་གཉིད་རྐྱང་བྱེད་པ་ལས་ཐབས་གཞན་ཡོད་དམ།  མིའི་རིགས་ཀྱིས་ནམ་ཡང་རང་བྱུང་ཁམས་ཆེན་མོའི་ཁ་ངོ་འཚོ་དགོས་པ་རེད།  དེ་ནི་བསམ་བློའི་འཁྱེར་སོ་དང་འབྲེལ་བའི་ལྟེ་ཐག་རེད། རང་ཉིད་དང་བཅས་པ་ནི་འགྲེལ་བཤད་མེད་པའི༼  རང་བྱུང་ཁམས་ཆེན་མོའི་ཐོན་རྫས་རེད༽ཅེས་བཤད་ནའང་འགལ་བ་ཅི་ཡང་མེད།     དེ་འདྲ་ཞིག་མིན་ཚེ་ང་ཚོས་ཡ་ཐོག་གི་བསྐལ་བའི་འཁྲབ་ཚན་ཞིག་གསར་དུ་བཞེང་དགོས་པ་མ་ཡིན་ནམ། དེ་ནི་ལས་ཀ་རེད་མ་གཏོགས་བསམ་ཤེས་པ་མ་རེད།    

     ང་ཚོ་མུ་མཐུད་དུ་གནས་ངེས་མེད་ལ་འཁྱམས་ནས་འགུལ་སྐྱོད་བྱེད་ཀྱིན་ཡོད། དེ་ནི་ཚེ་སྲོག་གིས་སྤྲད་པའི་ལས་འགན་ཡིན་པ་རེད།  ང་ཚོར་ཁེར་རྐྱང་གི་འདུ་ཤེས་ཤིག་ཀྱང་ཡོད་ངེས།  ང་ཚོའི་རང་ཉིད་ཀྱི་རྩ་བ་མི་ཤེས།  ང་ཚོའི་རང་ཉིད་ཀྱི་བདག་པོ་ངོ་མ་མི་ཤེས་ཏེ། ང་ཚོའི་ཤེས་དཔྱོད་ཉག་ཕྲ་ཞིང་གུ་དོག་པ། དོན་དམ་ང་ཚོའི་ཆེད་དུ་སུ་དང་གང་ཞིག་བྱོན་ཡོད།  དོན་དུ་མི་ཡིན་ལ་ཚང་མ་མི་རེད། མིའི་ཀླད་ཆེན་ནི་འཇིག་རྟེན་གཅིག་རེད། མིའི་ཀླད་ཆེན་ནི་འཇིག་རྟེན་གང་མང་ཞིག་རེད་ཟེར་ཡང་སྲིད། དེ་ནི་ནོར་འཁྲུལ་ཞིག་རེད། འཇིག་རྟེན་གཅིག་རེད།  ང་ཚོའི་ས་རིལ་མོ་འདི་ཙམ་རེད།མི་ཚོས་ཁ་མང་ཕྱོགས་དང་ཉུང་ཕྱོགས་ཀྱི་ཤེད་ལ་ཞུགས་ནས་བདེན་རྫུན་གྱི་ཁྲུན་ཐག་གཅོད་པ་ནི་ཆེས་སྡུག་ཐུག་གི་བྱེད་ཐབས་ཤིག་རེད།   རང་ཉིད་ཀྱང་རྐང་རྒྱུག་པ་ཚོའི་ཕྱི་རྔ་ན་དབུགས་ཧལ་ཧལ་དུ་འདུར་གྱིན་འདུག     

      མི་ནི་འུར་དུ་འཕྱན་པར་དགའ་ལ་འུར་དུ་འཆི་བར་ཡང་དགའ།   དེ་ནི་རང་ཉིད་རང་ཉིད་དུ་མ་ཤེས་པའི་གནད་དོན་ཡིན་ལ་མིའི་སྐད་ཆ་ལ་བརྟེན་ནས་ཅི་ཡང་མ་ཤེས་པའི་མཚོན་དོན་ཡང་འདི་ལ་ཐུག་ཡོད།    རིག་པ་ནི་རྐང་ལག་ལྟ་བུ་རེད། སྐབས་འདིར་ངས་གཤོག་པ་ཡོད་མི་སྲིད་ཟེར་རྒྱུ། རིག་པ་ནི་གཤོག་པ་རེད་ཟེར། འོ་ན་ངས་རྐང་བ་ཡོད་མི་སྲིད་ཟེར་རྒྱུ། དེ་ནི་བདེན་ངེས་ཀྱི་ཆེད་དུ་བཤད་པ་མ་ཡིན་པར་སྐད་ཆའི་ཆེད་དུ་བཤད་པ་རེད་ཟེར་ན་ཚད་མའོ་ཞེས་རྫོགས་ཚིག་བཀོད་ན་ཅི་བྱ།      རང་རེས་རང་ཉིད་ཀྱི་ཕུང་བོའི་རྩ་རྒྱུས་བཞིན་འཇིག་རྟེན་ཆུང་བ་སྐོར་ཞིག་གསར་སྐྲུན་བྱས་ཤིང་། འགྲོ་བ་དང་། སྡོད་པ། གནས་ནས་འཚོ་བར་སྒྲུབ་གང་ཐུབ་བྱེད།  དེ་ནི་མིས་རིགས་ཀྱི་གནས་ཚང་གཉིས་པ་འཚོལ་སྟངས་ཤིག་རེད། རྣམ་ཤེས་ནི་དབང་བོ་ལྔའི་ཞབས་ཏོག་པ་རེད།       

       འཇིག་རྟེན་བརྡ་དག་ལས༼  ཐོབ་ཐང  ༽གི་ཐ་སྙད་འདི་ལས་ང་ཚོས་ཅི་ཞིག་ཤེས་ཐུབ།  ༼  ཐོབ་ཐང  ༽གི་ལས་གཞི་འདི་ལས་ང་ཚོས་རང་ཉིད་དང་འཚམ་པའི་མངའ་ཐང་ཞིག་མཐོང་ཐུབ་ཅིང་། དེ་ནི་རང་རེས་མི་སྐྱེས་བླངས་པའི་ལས་ཀ་ཡིན་ཞིང་། སྐབས་དེར་ཚེ་སྲོག་ནི་ཨང་གཉིས་པ་རེད།  གནད་དོན་དེ་ནི་མིའི་རིགས་ཀྱི་གླེན་རྟགས་ཁ་ཚ་དགོས་གཏུག་མ་རེད། ཁ་ཚ་དགོས་གཏུག་མ་འདི་ནི་ལོ་རྒྱུས་སུ་བཅོས་པའི་ནད་རོ་རེད།   ནད་རྙིང་དེ་ནི་བཤད་ཡམས་ལྟ་བུའི་རྒྱལ་སྤྱིའི་གསར་འགྱུར་རེད།     ༼ ང  ༽ཟེར་བའི་ལས་དེས་རྡོ་རིངས་བསླངས་པའི་དུག་རོ་རེད།  དེ་ལ་ཆབ་སྲིད་ཅེས་པའི་གཡོ་སྒྱུ་ཡོད་ཚད་ལ་རིན་ཐང་འཇོག་པ་དང་།    ཆོས་ལུགས་ཞེས་པའི་ཁྱིམ་ཚང་གཞན་ཞིག་གི་འབོད་སྲོལ་ཆགས་ཡོད་པ་དེ་ནི་མིའི་རིགས་ཀྱི་འཆི་མལ་རེད། ཆོས་ལུགས་ཀྱིས་ང་ཚོ་གང་ལའང་ཁྱི་བཞིན་སྐེ་ཐག་བཅོས་ནས་འཁྲིད་ཀྱིན་ཡོད།    དེ་གཉིས་ཀྱིས་ཆེས་བཟང་བའི་མི་ཆོས་ཡང་དག་རིག་པའི་བདེ་ཐང་ལ་ངེས་་་མེད་དུ་བཙན་འཛུལ་བྱ་བཞིན་ཡོད་དེ།  མི་སྒེར་གྱི་ཤེས་རབ་ཕྲ་མོ་དག་ནས་བཟུང་རྩ་མེད་དུ་རྡོག་རུལ་གཏོང་བཞིན་ཡོད།  འདི་བཞིན་མི་ཡུལ་ལ་ནང་རྒྱུས་ཤིག་བླངས་ན་རང་རེས་རིག་པའི་གཞུང་ལུགས་མཐའ་དག་ལ་མི་ནི་རྩ་བ་ཡིན་པར་གཏན་ཁེལ་བ་དང་།    མི་ནི་རང་རེས་ཞབས་འདེགས་ཞུ་ཡུལ་དང་རྗེ་བོ། བྲན་གཡོག་དང་གཞན་དག  ངས་གཞན་དག་ཅེས་པ་ནི་འདོད་ཧམ་གྱི་བརྡ་རྟགས་ཤིག་ཡིན། བརྡ་རྟགས་དེས་རང་ཅག་རིགས་རུས་ཆོ་འབྲང་ཞེས་པའི་ཤུན་སྐོགས་སུ་བཅུག་ནས་རུས་སྦལ་དུ་བཅོས་ཡོད་པ་ད་དུང་ང་རྒྱལ་དུ་འཛིན་སྲིད།     དེ་ནི་ཁྱོད་རང་སྙིང་རྗེ་དགོས་པའི་རྩ་བ་རེད།   ཉིད་ཀྱི་ཡིད་ལ་གང་མང་ཞིག་འཆར་བཞིན་ཡོད་དེ།  རྗེས་སྣོན་རིགས་ཀྱི་མངའ་ཐང་དེ་གསར་རྟོགས་ཐོབ་ཐང་གི་སྐོར་ཞེས་པ་འོ།   ངས་ནི་ཕྱོགས་སུ་འཁྱེར་བའི་བདག་གི་བ་ནི་ནད་པ་ཞིག་ཏུ་ངོས་འཛིན་བཞིན་ཡོད།  ལས་ཀ་དེ་འདྲ་བ་ནི་དགེ་ཆོས་ཀྱིས་གསུང་བ་ནང་བཞིན་རིག་པའི་ཁྲལ་ལས་རེད།༼  འགྲོ་བ་མིའི་ཐོབ་ཐང  ་༽ཞེས་པའི་རྩ་འཛིན་དེ་ནི་གཤིས་ཀ་དེའི་མཚོན་དོན་ཡིན་ཞིང་།  ང་ཚོས་དེ་ལ་ཕྱོགས་ཞེན་ཟེར་ཆོག་སྟེ།     བདག་གི་ཕྱོགས་ཞེན་གླེང་བས་རྩ་བ་ནི་མི་ཡིན་ཞིང་།  མིའི་ཀླད་ཆེན་གྱི་རྩ་ལམ་རྒྱུ་སྟངས་ནི་སྐྱིང་ཁེབ་ལྟ་བུ་ཡིན་པས་སོམ་ཉི་བྱ་ཆོག སོམ་ཉི་ནི་རིག་པའི་རང་དབང་སྐད་ཅིག་མ་ཞིག་རེད། སྐད་ཅིག་མ་དེ་ལས་ཡོད་ཚད་ལ་ཁ་ལོ་སྒྱུར་ཡང་སྲིད་ལ།  མག་མེད་དུ་འགྲོ་ཡང་སྲིད།     

     ཞིབ་ཏུ་བསམ་གཞིགས་ཤིག་བཏང་ན་རང་ཉིད་གཞུང་ལུགས་ལག་བྲིས་མ་གང་གི་ཆེད་དུ་མི་སྐྱེས་བླངས་པ་རེད། གང་ཡང་མིན།   དེ་ལ་ལོག་ལྟ་བ་མ་ཟེར།  དེ་ནི་གོ་རིམ་ཞིག་ཡིན་ཡང་སྲིད།  རིགས་ཀྱི་བུ་དང་བུ་མོ་ལགས།   མི་ནི་བདག་གི་ཕྱི་ཤུན་ཡིན་པ་ཙམ་དུ་བལྟས་ན་བསམ་བློའི་འཁོར་ཕྱོགས་ལ་་དྲང་ངེས་ཀྱི་ལྟ་བ་ཞིག་ཡོད་འོས་ཤིང་། གོང་དུ་གླེང་བའི་མི་ནི་གནད་དོན་ཞིག་ཏུ་ལྟ་ཡང་ཆོག་པ་རེད།    ང་ཚོས་གནད་དོན་འདི་ལ་བལྟ་དུས་འཇིག་རྟེན་ཕྱི་ལོགས་ནས་བལྟ་དགོས་པ་རེད། གསལ་བོ་བཤད་ན་ང་ཚོ་དབང་བོ་ལྔའི་རྒྱལ་བོ་ཡིན་པ་ལས་བྲན་གཡོག་ཏུ་མི་དུད་པར་ཐུགས་རྗེ་ཆེ་ཞེས་པའོ། །  

     མི།  སའི་གོ་ལ་ཁྱུར་མིད་གཏོང་བའི་སྲིན་པོའམ་འབུ་སྲིན་དུ་ངོས་བཟུང་ན་ཆོག་པ་རེད། དེ་ནི་རྩེད་མོ་ལས་ལྡོག་པའི་རྩེད་མོ་གཞན་ཞིག་གི་འདྲི་གཅོད་རེད།    ང་ཚོས་ད་དུང་སང་ཉིན་གླེང་བཞིན་རང་ཉིད་ཆེས་དགའ་བའི་འོད་སྟོང་ཞིག་ལ་འགྲེལ་བཤད་རྒྱག་པ་ནི་ལྡུམ་ཇ་འཐུང་བའི་ཆེད་དུ་མ་རེད་ཅེས་བཤད་སྲོལ་མེད་ལ། འོད་དང་སྟོང་བའི་བར་ལ་ཅི་ཞིག་གི་བཤེས་བཞིན་ཞིག་འཛུགས་རྒྱུ།  དེ་ནི་གྲངས་གནས་སྟོང་དང་།  སྟོང་བ་ཉིད་ཀྱི་ཁྱད་པར་ཙམ་ལས་ཡ་མཚན་དགོས་པ་ཅི་ཡང་མེད།   འོད་ལ་དགའ་བ་ནི་མིག་གི་དབང་དུ་ཁྱེར་བ་རེད།   མིག་ཡོད་པའི་སྲོག་ཆགས་སུ་ལའང་དེ་ལྟ་བུའི་ཚོར་བ་མེད་མི་སྲིད་པ་འདྲ།   ངས་དེ་ལྟར་རེ་ལྟོས་ཀྱི་ཕྱོགས་སུ་རང་ཉིད་དང་ཆེས་ཁ་ཐག་ཉེ་བའི་བོད་ཁམས་ཁོ་ནའི་འབའ་འབུ་ཙ་ཙི་འགོད་ཀྱང་སྲིད་ལ། དེ་ནི་གནས་ལུགས་ཤིག་ཏུ་འཇོག་འོས་ལ། བོད་ཡིན་པ་ཁྱོད་ཀྱིས་ཀྱང་བདེན་པ་རེད། རིགས་ཀྱི་བུ་ཞེས་བསྟོད་པ་བྱ་ཡང་སྲིད།  དེ་ནི་ནོར་འཁྲུལ་རེད།    ཡིན་ཡང་ནོར་འཁྲུལ་དེའི་སྡིག་ཉེས་སུས་ཀྱང་རྟོགས་དཀའ་ཞིང་། བདེན་ངེས་དང་བསྟོད་པ་གཉིས་དུས་མཉམ་དུ་བདག་གིས་དང་ལེན་མི་བྱ་ཐུ་མེད་རེད། བསྟོད་པ་དེས་བག་ལ་འཇགས་པའི་བདེན་པ་རྡོག་རུལ་གཏོང་གི་ཡོད།      སྤྱི་དམངས་ནི་དབང་ཆ་ཡིན་ལ །  ཁོ་ཚོས་བཤད་པའི་སྐད་ཆ་ནི་གནས་ལུགས་ཡིན། ཁོ་ཚོ་ནི་ནོར་འཁྲུལ་གྱི་ཆེད་དུ་བྱོན་པ་ཡིན་ནམ། འགན་མི་ཐེག་པ་ཞིག་དང་གཉོམ་ལག་མ་རྒྱས་པ་ཞིག་ཏུ་གོ་བ་ལེན་དགོས་སམ།  དེ་འདྲ་མ་ཡིན་ན་ཁོ་ཚོ་ལ་སྤྱི་དམངས་ཟེར་ཡང་མི་སྲིད། །   དེ་ནི་ང་རང་མི་སྒེར་གྱི་ལྟ་བ་ཞིག་ཏུ་འགྱུར་ཐབས་རྩ་བ་ནས་མེད་ལ།    ཡོད་ཀྱང་མི་འོས་པ་ཞིག་རེད།  གནས་ཚུལ་དེ་གཉིས་ཀྱི་མདུན་དུ་མི་གཤིས་ཀྱི་རྟིང་མ་གཡོམ་སྲིད་ལ། ང་ཚོས་རང་གི་བབ་དང་བསྟུན་ནས་རིམ་གྲོ་འོས་འཚམ་ཞིག་བྱེད་ཀྱང་རན།       སྐབས་དེར་ཉིད་ཀྱི་མི་ཚེ་རྫོགས་པར་དུས་ཚོད་རིང་བོ་མེད་པ་འདྲ་ལ།  བོད་དུ་སྐྱེ་བའི་སྨོན་ལམ་རྣམ་དག་ཅིག་ཀྱང་བཏབ་ཟིན་པ་འདྲ། དེ་ལ་དད་པ་མ་ཟེར།  དེ་ལ་ཞེན་ཆགས་ཞེས་ན་དོན་དང་མཐུན་པ་རེད། ཞེན་ཆགས་དེ་ནི་བདེ་ཐང་གི་ཐོན་དངོས་ཤིག་ཡིན་པའི་དཔང་དུ་བཏང་ན་ང་ཚོས་ཚོ་ཁག་གི་ལམ་ལུགས་ལྟ་བ་ནི་ཡང་དག་པ་རེད་ཅེས་གང་སར་སྒྲོག་ངེས་ལ།  མི་ཚེ་དང་རིན་ཐང་གི་སྐོར་ལ་འང་རེ་བ་ཆེན་པོ་འཆིང་ངེས་ཤིང་།   དེ་བཞིན་ཕྱོགས་སུ་རིས་པ་ཁོ་ན་ཉིད་དུ་སོང་བའི་ངེད་ཅག་ལ་གནམ་ས་ཡངས་པའི་གོ་སྐབས་ཤིག་མེད་སོང་བ་འདྲ་ན། དེ་ཡང་དགོས་ངེས་ཤིག་ཏུ་ཁ་མཐུན་ཆོག་ལ། དེ་ནི་གནས་ལུགས་དང་མཐུན་ཐབས་སྨྲ་བ་སྐོར་ཞིག་གི་འཇིག་རྟེན་སྒྲུབ་ལུགས་ཀྱི་རྨང་གཞིར་འགྱུར་གྱིན་ཡོད་ལ། མི་ལོ་སྟོང་ཕྲག་གི་རིག་གནས་ཤིག་ཏུ་འགྱུར་ཡང་སྲིད།  དེ་ནི་འོད་སྟོང་ལྡན་པ་ཞིག་ཏུ་འདོད།  འོད་སྟོང་དེས་མིག་གི་དབང་བོ་རྩ་བ་ནས་བསྲེག་ཀྱང་ངེས། སྐབས་འདིར་མི་རིགས་རིང་ལུགས་དང་ཚོ་ཁག་རིང་ལུགས།    ཆོས་ཚོགས་་རིང་ལུགས་ཀྱི་ནོར་འཁྲུལ་ཐེར་འདོན་བྱ་དགོས་ཤིང་།   དེ་ནི་མིའི་རིགས་ཀྱི་ལས་དོན་གྱི་ཆེད་དུ་འགོ་རྩོམ་ཆོག་པའི་ལས་ཀ་བཟང་ཤོས་སུ་བརྩི་ཆོག་པ་རེད།   ལས་དོན་དེ་ལ་མཆོག་གི་བསམ་བློ་ཡང་ཟེར་ཆོག་གོ།     

 ༢༠༠༦ལོའི་ཟླ༡༢བའི་ཚེས༡༣ཉིན་རྫོགས་པར་སྦྱར།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41706954
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1