བོད་རིགས་ཀྱི་གཏམ་དཔེ།༼ཀ༽
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གཏམ་དཔེ། »བོད་རིགས་ཀྱི་གཏམ་དཔེ།༼ཀ༽
བོད་རིགས་ཀྱི་གཏམ་དཔེ།༼ཀ༽
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/9/25ལྟ་ཀློག (2833)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

                     ༼ཀ༽

ཀ་བ་བཀྱག་མཁན་ཀ་བ་བཀྱག

གདུང་མ་བཀྱག་མཁན་གདུང་མ་བཀྱག


ཀ་བ་བཞིན་དུ་དྲང་དགོས།

ཀ་རྡོ་བཞིན་དུ་བརྟན་དགོས།


ཀ་བར་འཇག་མའི་ལྷན་པ།


ཀུག་ཀུག་ན་ཆག་འགྲོ།

འཐེན་འཐེན་ན་ཆད་འགྲོ།


ཀོ་གླ་སྤྲོད་དགོས་པ་ལ།

རྒྱབ་ཆུ་བརྒལ་དགོས།


ཀོ་བ་གཅིག་ནས་དྲས་པའི་རྒྱུན་བུ།

ཤ་གཅིག་ནས་གཏུབ་པའི་ཏིག་ཁ།


ཀོ་བ་ཆུ་ལ་སྦོང་བའི་སྲོལ་ཡོད་ཀྱང་།

རྡོ་ཆུ་ལ་སྦང་ནས་སྦོང་སྲོལ་མེད།


ཀོར་ལོ༡མགྱོགས་དྲག་མ་རེད།

སྒལ་ལྤག་ཚ་དྲག་རེད།


ཡོན་ཏན་གཅིག་ཀྱང་མེད་པ་དཀོན།

ཡོན་ཏན་ཀུན་ལྡན་ཤིན་ཏུ་དཀོན།


དཀའ་ངལ་ཆེ་དུས་གཡོ་ཟོལ་བྱེད་མི་རུང་།

བདེ་སྐྱིད་ལྡན་དུས་ནམ་ཡང་བག་ཡོད་བྱེད།


དཀའ་སྤྱད་ལ་མི་སྐྱོ་བའི་བཟོད་པ་ཡོད་ན།

བྱ་བ་གང་ལ་ཡང་རྐྱེན་ཐེག་ཐུབ་པ་ཡོང་།


དཀའ་བ་སྔོན་སྤྱོད།

སྐྱིད་པ་རྗེས་སྤྱོད།


དཀའ་བ་དང་དུ་ལེན།

ལྕི་མོ་རྒྱབ་ཏུ་འཁུར།


དཀའ་བའི་ལ་མོ་མ་རྒྱབ་ན།

བདེ་ཡོད་ཐང་ལ་སླེབས་དོན་མེད།


དཀའ་བའི་ལས་གཅིག་མ་བརྒྱུད་ན།

ཞིམ་པའི་ཟས་ནི་གཅིག་ག་ལ་རག།


དཀའ་ལས་སྐྱ་བས་བརྒྱབ་རུང་།

དངོས་གྲུབ་གཟར་བུས་ལེན་པ།


དཀའ་ལས་སྔོན་ལ་སྤྱད་ན།

སྐྱིད་པོ་རྗེས་སུ་ཡོང་བ།


དཀའ་ལས་རང་གིས་བརྒྱབ་ནས།

ལོངས་སྤྱོད་མི་ཡིས་བྱས་སོང་།


དཀར་པོ་བཏབ་སར་དཀར་པོ་ཡོང་།

ནག་པོ་བཏབ་སར་ནག་པོ་ཡོང་།


དཀར་ཡོལ་བཅག་ན་བཙེམ་ཚུལ་མེད།

སྒོང་ང་བཅག་ན་སྦྱར་ཚུལ་མེད།


དཀར་ཡོལ་ཆག་པའི་དུམ་བུ།

ལྕགས་ལ་འགྲོ་གི་མ་རེད།


དགོན་གཉེར་ཕྱིས་བདར་མཁས་དྲགས་ན།

གསེར་སྐུ་རག་ལ་བཏང་ཡོང་།


བཀྲ་ཤིས་པའི་བྲོ་འཁྲབ་སར།

ལྟས་ངན་པའི་ཞབས་བྲོ་མ་རྒྱག


རྐང་པ་ཆུ་ལ་མ་བྱིངས་ན།

ཉ་མོ་ལག་པས་འཛིན་ཐབས་མེད།


རྐང་པ་ས་ལ་མ་རེག་བར།

སྤྱི་བོས་གནམ་བརྡོལ།


རྐུ་མ་རྒྱག་དཔོན་གྱིས་གསུངས།

རྒྱུ་གནད་ཆེ་དཔོན་ལ་དགོས།


རྐུ་མ་ནང་ལ་བཞག

སྒོ་ལྕགས་ཕྱི་ལ་བརྒྱབ།


རྐུན་མར་དཔའ་དར།

སྤྱང་ཀིར་ཚེ་ཐར།


རྐྱང་ལྷོ་ལ་ཤི་ཡང་།

མགོ་བྱང་ལ་གཏད།


ལྐུགས་པས་སྤྱང་མདོག་བྱས་ཀྱང་།

མངོན་གསལ་གཞན་ལས་དོད་པ།


ལྐོག་ཏུ་སྤྱོད་ངན་བྱས་ན།

ནམ་ཞིག་རྫུན་རྐུབ་བརྡོལ་ཡོང་།


སྐད་ཆ་ཆོ་མེད་དང་།

སྦུད་པ་དབུགས་མེད།


སྐད་ཆ་བསམས་ནས་ཤོད།

རྩམ་པ་བལྡགས་ནས་མིད།


སྐད་ཆ་མང་ན་འཁྲུག་འགྲོ

སྐུད་པ་རིང་ན་ཆད་འགྲོ


སྐད་སེང་གེ་དཀར་མོ་ཆེ་ཡང་།

ཕན་སྒོ་ཁྱི་ནག་ཆུང་ཐོགས།


སྐབས་བཟང་པོ་ཐོན་དུས་མ་མྱུར་ན་འགྱོད་པས་ལོག

རྐྱེན་ངན་པ་ཐོན་དུས་མ་གཡོལ་ན་སྲོག་ལ་འབབ།


སྐམ་པོ་རྡོས་བརྡུང་།

རློན་པ་གྲིས་བཅད།


སྐུ་ཆེ་ལ་རི་རྒྱལ་ལྷུན་པོ་དང་།

ཐུགས་ཆུང་ལ་ཨ་བྲའི་རིལ་མ།


སྐུ་ཉི་མའི་ནང་ལ་བཞུགས།

གསུང་གྲིབ་མའི་་ནང་ལ་མ་གསུངས།


སྐུད་པ་གཅིག་གིས་རས་མི་ཉན།

སྡོང་བོ་གཅིག་གིས་ནགས་མི་ཉན།


སྐུད་པ་མདུད་པ་ཅན་ཁབ་མིག་ཏུ་མི་འགྲོ།


སྐེ་ཁྱེར་ནས་ཞགས་པ་ཉོ།

རྫ་ཁྱེར་ནས་རྡོ་བ་ཉོ།


སྐེ་མཇིང་བྲེག་ནས།

ཨོག་མར་བྱུལ་བྱུལ་བཏང་།


སྐེ་རགས་རྟ་ཐུབ།

ལྷམ་སྒྲོག་ལུག་ཐུབ།


སྐྱ་ཀ་ཁྲ་མོའི་ཚང་ལ།

མ་ཁྲ་བུ་ནག་མེད་པ།


སྐྱ་ཀས་རྒྱལ་པོ་བྱས་ན།

གླིང་ཀ་ཐམས་ཅད་སྐད་ཀྱིས་རྒྱང་།


སྐྱ་མི་དང་རྐང་ཐང་འགྲུལ་པ་མི་གཅིག།

ཕྱུག་པོ་དང་སྤྲང་པོ་སེམས་པ་མི་གཅིག།


སྐྱ་རེངས་ནམ་མཁའ་མ་ལངས་པར།

ཁྲི་གདུགས་ཉི་མ་ཤར་ཐབས་མེད།


སྐྱག་རྫུན་དཔོན་པོས་བཤད་ནས།

ཉེས་པ་གཡོག་ལ་འཁོར་སོང་།


སྐྱིད་དུས་མགོ་འཕང་དམའ་དགོས།

སྡུག་དུས་མགོ་འཕང་མཐོ་དགོས།


ཡང་ན། 

སྐྱིད་དུས་རང་མགོ་མ་མཐོ།

སྡུག་དུས་རང་མགོ་མ་ཁུམ།


སྐྱིད་ཀྱི་རྟ་ཕོ་མཉམ་བཞོན།

སྡུག་གི་ཁུར་བོ་མཉམ་ཁུར།


སྐྱིད་ཐག་རིང་བའི་ཐབས་དང་།

སྡུག་རིང་ཐུང་བའི་བློ་དགོས།


སྐྱིད་དུས་ལེགས་ཉེས་གང་བྱུང་ཡང་།

གཅིག་མ་གཏོགས་གཉིས་མེད།


སྐྱིད་ན་རྟ་ཁ་མཉམ་གཤིབ།

སྡུག་ན་ཁྲེས་པོ་མཉམ་ཁུར།


སྐྱིད་ན་ནམ་མཁའི་བྱང་ཡང་འཁོར།

སྡུག་ན་རང་གི་བུ་ཡང་བྲོས།


སྐྱིད་པའི་དུས་སུ་མི་དང་བསྟུན་ཤེས་དགོས།


སྐྱིད་པོ་བྱུང་དུས་སྡུག་པོ་དྲན་པ་བྱེད་དགོས།

སྡུག་པོ་བྱུང་དུས་སྐྱིད་པོ་དྲན་པ་བྱེད་དགོས།


སྐྱིད་པོ་རང་གིས་མ་བྱས་ན།

སྡུག་པོ་མི་ཡིས་བཀོད་འོང་།


སྐྱིད་མི་སྐྱིད་རང་གི་ལག་རེད།

དྲོ་མི་དྲོ་ཉི་མའི་ལག་རེད།


སྐྱིད་རེ་སྡུག་རེ་མ་མྱངས་ན།

སྐྱིད་སྡུག་དབྱེ་བ་མི་ཤེས་ཀི།


སྐྱིད་ལ་ཁའི་རྩྭལ་མཉམ་ཟ་དང་།

སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་།


སྐྱུང་ཀས་སྐྱུང་ཀར་ཟེར་རེས་མ་བྱེད།

མཆུ་ཏོ་དམར་པོ་ཆ་རེད།

ཡང་ན།

མཆུ་ཏོ་དམར་པོ་འདྲ་འདྲ་རེད།


སྐྱུར་མོ་གཅིག་དང་མ་འཕྲད་ན།

མངར་མོ་ཐམས་ཅད་ཅང་ཅང་རེད།


སྐྱེ་ས་མཐོ་པོ་ལ་ཁའི་འཇག་མ་རེད།

མཐོ་ཡང་མི་ཕན་སྒོ་རྒྱབ་ཕྱགས་མ་རེད།


སྐྱེས་མ་ཐག་པའི་བེའུས།

སྟག་ལ་སྐྲག་ངོ་མི་ཤེས།


སྐྲ་རྐང་གཅིག་ནས་འཐེན་ན།

མགོ་ཡོངས་རྫོངས་ཚ།


སྐྲ་རྩེ་རླུང་གིས་བསྐྱོད་ཀྱང་།

སྐྲ་རྩ་ཀ་ལི་ལ་འབྱར།


སྐྲ་བཞར་ཞོར་ལ་ཁ་སྤུ་བཏོག


རྐྱལ་གོག་མཐིལ་རྡོལ་ནང་དུ།

རྩམ་པ་བླུགས་དོགས་མེད་པ།


བསྐལ་བ་ཆགས་པའི་གངས་རི་རེད་མ་གཏོགས།

རླུང་གིས་དེད་པའི་བྱེ་རི་མ་རེད།

                                     ༼   སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   སྡུད་སྒྲིག་མཁན།   སྐལ་བཟང་དོན་འགྲུབ། ༽


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41330048
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1