ཁམས་སྟོང་སྐོར་དགོན་པས་ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས་སྐོར་གཏན་འབེབས་བྱས་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 4 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» དགོན་སྡེའི་གསར་འགྱུར། »ཁམས་སྟོང་སྐོར་དགོན་པས་ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས
ཁམས་སྟོང་སྐོར་དགོན་པས་ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས་སྐོར་གཏན་འབེབས་བྱས་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/25ལྟ་ཀློག (7622)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁམས་དཀར་མཛེས་སྟོང་སྐོར་དགོན་ནས་འབྱོར་བའི་གསར་འཕྲིན།

                        ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས་སྐོར་གཏན་འབེབས།

                                                      སྟོད་ཆ།
        གནས་ཚུལ་བཟང་བོ་ཞིག་ལ་སྤྱི་ལོ ༢༠༡༤ ༩ ༢༥ དེ་རིང་ཉིན་གུང་དུས་ཚོད་༡༢ ༣༠ ཙམ་ལ་ཁམས་སྟོང་སྐོར་དགོན་དུ་སེར་སྨད་དགེ་བཤེས་ཉི་མ་མཆོག་དང་། དགོན་དཔོན་བསྟན་འཛིན་རབ་རྒྱས་མཆོག་རྣམ་པ་གཉིས་དབུ་བཞུགས་ཆེད་དུ་མགྲོན་འབོད་གནང་བའི་སྟོང་སྐོར་གྲོང་སྡེ་ཉི་ཤུ་ལྷག་གི་འགོ་ཁྲིད་ཁག་དང་། ཁག་ཐེག་དགེན་རྣམ་པ། ལས་སྣེ་རྣམ་པ། དགོན་པའི་ལས་བྱེད་རྣམ་པ་བཅས་ཀྱིས་དགོན་པའི་སྒྲིག་གཞི་ལེགས་བཅོས་དང་། ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ཚོགས་འདུ་བསྐོང་ཚོགས་གནང་བར་ཧ་ཅང་ཡ་མཚན་པོ་ཞིག་བྱུང་འདུག འོན་ཀྱང་འདས་པའི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཉུང་ཙམ་ཞིག་བརྗོད་ན། སྤྱི་ལོ ༢༠༠༡ ལོར་དགོན་དཔོན་རྡོ་རྗེ་ཚེ་རིང་མཆོག་དང་། མཁན་པོ་རྡོ་རྗེ་ཆོས་དབྱིངས་གཉིས་གཙོས་དགོན་པའི་ལས་སྣེ་རྣམ་པ་དང་། ཚོང་དཔོན་དཀོན་མཆོག་རབ་བརྟན། དཀོན་མཆོག་ནོར་བུ་ལགས་ཐུན་མོང་གིས་མ་འོངས་རང་དགོན་དུ་ཡོན་ཏན་གྱིས་ཕྱུག་པའི་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ཤིང་། གཡོ་ཟོལ་མེད་པའི་བསམ་པ་ཞིག་གིས་ཀུན་ནས་བསླངས་ཏེ། རང་དགོན་དུ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་དགོས་པའི་སྐོར་ཕན་ཚུན་གྲོས་བསྡུར་བྱས་པའི་མཐར་ཐུན་མོང་གིས་སློབ་གྲྭ་འཛུགས་པར་ཐག་ཆོད་བྱས། དེའི་སྐབས་དམ་པ་དེ་རྣམས་ཀྱིས་སེར་སྨད་ནས་ཕེབས་པའི་དགེན་ཉི་མ་མཆོག་དང་། དགེན་ཚུལ་ཁྲིམས་འོད་ཟེར་མཆོག་རྣམ་པ་གཉིས་ལ་དགེ་རྒན་བཞུགས་པར་རེ་བ་ཞུས། དགེན་གཉིས་ཀྱིས་དགོན་གཞུང་གིས་རེ་བའི་མོས་པར་བསྟུན་ཅིང་། མི་རིགས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་མཚན་ཉིད་རིག་པ་འདི་མུ་མཐུད་རྒྱུན་འཛིན་ཐུབ་པའི་ཆེད་དུ་སྤྱི་ལོ ༢༠༠༡ བོད་ཟླ ༣ ཚེས ༨ ཉིན་མཚན་ཉིད་སློབ་གྲྭའི་བྱ་བ་འགོ་བརྩམས་པ་རེད། དེ་ནས་སྤྱི་ལོ ༢༠༠༦ ལོ་བོད་ཟླ ༩ ཚེས ༦ ཉིན་རྐྱེན་ངན་ཞིག་གིས་སྒོ་བརྒྱབ་དགོས་ཐུག་སོང་ནའང་། ད་ལྟར་གྲྭ་ས་ཁག་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་དང་དགེན་གཉིས་དབུ་བཞུགས་ཐུན་མོང་གིས། མིག་རྒྱང་རིང་ཙམ་དང་བློ་སྤོབས་ཆེ་ཙམ་བསྐྱེད་དེ། རང་དགོན་དུ་བསྟན་འགྲོ་ལ་ཕན་ཐོགས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་སུ་དགོན་པའི་དབུ་འཛིན་པ་རྣམས་ལ་འབོད་སྐུལ་ཞུ་བ་དང་། སྤྱི་ལོ ༢༠༡༡ གི་ལོར་སྟོང་སྐོར་ཞབས་དྲུང་མཆོག་གིས་ཁ་པར་གྱི་ཐོག་ནས་དགེན་ཉི་མ་མཆོག་ལ་ཁྱོད་ཚོ་རང་དགོན་དུ་ཕེབས་པ་ལ་ཆ་རྐྱེན་ཅི་འདྲ་དགོས། དོན་ཚན་རྣམས་མདོར་བསྡུས་ཤིག་ཡིག་ཐོག་ཏུ་ཕབ་ནས་སྐུར་ཤོག ཅེས་སྐུལ་མ་གཏོང་བར་བརྟེན། དོན་ཚན་བཞི་ཅན་གྱི་གྲོས་གཞི་ཞིག་སྙན་ཞུ་ཕུལ་ཀྱང་ཐག་གཅོད་གང་ཡང་མ་བྱུང་། སྤྱི་ལོ ༢༠༡༤ ལོར་སྟོང་སྐོར་ཞབས་དྲུང་མཆོག་དང་། སེར་སྨད་དགེ་བཤེས་ཉི་མ་མཆོག དགོན་དཔོན་བསྟན་འཛིན་རབ་རྒྱས་མཆོག་རྣམ་པ་ཚོས་བཀའ་མོལ་ལྷུག་པོ་གནང་བའི་མཐར། དགེན་མཆོག་གིས་བཟོས་པའི་གྲོས་གཞི་ལ་མོས་མཐུན་བྱུང་། དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལྟར།
དོན་ཚན་དང་བོ།
      དགོན་གཞུང་གིས་སློབ་གྲྭ་ཀུན་ལ་གཟིགས་རྟོག་ནན་མོ་གནང་ཞིང་རྒྱབ་སྐྱོར་ཚུལ་བཞིན་དུ་བྱེད་དགོས། བྱེ་བྲག་མཚན་ཉིད་སློབ་གྲྭ་བ་ལ་མཚོན་ན། བླ་གྲྭ་གང་ཚོགས་ཀྱང་གུང་གསེང་སྐབས་མ་གཏོགས་གྲོང་ཆོག་འགྲོ་མིན་ལ་རང་དབང་ཡིན་ཞིང་། གལ་ཏེ་སྦྱིན་བདག་དཀའ་ངལ་ལ་འཕྲད་ཚེ་ཐབས་ཤེས་ཡོད་ཚད་བསྟན་ཀྱང་མེད་ན་མཆོད་གཡོག་དང་དབུ་མཛད་རེ་འགྲོ་དགོས་པ་དམིགས་བསལ་ལོ།།
དོན་ཚན་གཉིས་པ།
      དགོན་གཞུང་དང་། གྲྭ་ཚང་། དགེ་རྒན་རྣམ་པའི་བཀའ་མོལ་གནང་ཞིང་གཅིག་མཐུན་གྱིས། མཚན་ཉིད་སློབ་གྲྭ་བ་རྣམས་ལ་རྩོད་རྒྱུགས། བྲི་རྒྱུགས། བློ་རྒྱུགས་རྣམས་ཞིབ་ཚགས་བླངས་པ་ལ་བརྟེན། རྒྱུགས་འབྲས་བརྒྱ་ཆ་མ་ཐོབ་པ་རྣམས་ཀྱིས་གར་འཆམ་རིགས་བྱ་དགོས་ཀྱང་། བརྒྱ་ཆ་ཐོབ་ན་གར་འཆམ་རིགས་གཏན་ནས་བྱ་མི་དགོས་པའི་བྱ་དགའ་ཡོད་དོ།།

དོན་ཚན་གསུམ་པ།  

      ད་ལྟའི་མི་རིགས་ཀྱི་སྤྱི་ཚོགས་ནང་ཆེས་གལ་འགངས་ཆེ་ཤོས་ཀྱི་སྟོབས་ཤུགས་གཉིས་ནི་དཔལ་འབྱོར་དང་ཡོན་ཏན་ཡིན་པས། དཔལ་འབྱོར་ལ་མཚོན་ན། དགོན་གཞུང་ནས་མི་གཅིག་དང་། སློབ་གྲྭ་ནས་མི་གཉིས་བསྐོས་འཇོག་བྱས་ཏེ་ཁོང་རྣམ་གཅིག་མཐུན་གྱིས་ལས་ཀ་ཧུར་ཐག་བྱས་ནས་དཔལ་འབྱོར་བསྒྲུབ་དགོས། དཔལ་འབྱོར་སྒྲུབ་སྟངས་ཐད་ཁོང་རྣམས་རང་དབང་ཡིན་ཀྱང་། མ་དངུལ་གཏོང་ས་གང་ཡིན་མིན་དགོན་གཞུང་དང་། གྲྭ་ཚང་། དགེ་རྒན་བཅས་ལ་བཀའ་མོལ་གནང་སྟེ་གཅིག་མཐུན་གྱིས་ཐག་གཅོད་བྱེད་དགོས། འོ་ན་རིག་གནས་སློབ་གྲྭ་ཚོ་ཅི་འདྲ་ཞེ་ན། རྩ་བའི་སྐྱིད་སྡུག་གཅིག་པས་སྒྲིག་གཞི་དང་དཔལ་འབྱོར་ཐུན་མོང་ངོ་།།

དོན་ཚན་བཞི་པ།
      ཚོགས་དང་ཆོས་གྲྭ་ཚོགས་སྟངས་སྐོར་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་བཞིན་མ་འོངས་པར་ཇི་ལྟར་འགྱུར་བ་བཏང་དགོས་མིན་དགེ་འདུན་དམངས་ལ་དབང་བས། དཔེར་ན། ཞོགས་ཆོས་དང་གུང་ཚིགས་ཚོགས་སྟངས་ཐད་སློབ་གཉེར་ཡར་རྒྱས་ལ་ཕན་གནོད་གང་ཡིན་དང་། འགྱུར་བ་བཏང་དགོས་མིན་དགེ་འདུན་དམངས་ཀྱིས་བཀའ་མོལ་ལྷུག་པོར་གནང་སྟེ་ཐག་གཅོད་བྱེད་དགོས།གྲོས་གཞི་འདི་ནི་སྔར་གསལ་བསྒྲགས་བྱས་མེད་ཀྱང་དེ་རིང་གསལ་བསྒྲགས་བྱེད་པ་དང་འབྲེལ། སྤྱི་ལོ ༢༠༡༤ ༩ ༢༥ དེ་རིང་གི་ཉིན་ཆེད་དུ་སེར་སྨད་དགེ་བཤེས་ཉི་མ་མཆོག་ཕ་ཡུལ་དུ་ཕེབས་སྐབས།   སྟོང་སྐོར་དགོན་པའི་གནད་ཡོད་མི་སྣ་སོགས་ཀྱིས་དགའ་དད་སྤྲོ་གསུམ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། དགོན་པའི་སྒྲིག་གཞི་ལེགས་བཅོས་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར་ཚོགས་འདུ་གཟབ་རྒྱས་ཚོགས།  དེའི་སྐོར་མདོར་བསྡུས་ཤིག་བརྗོད་ན།

ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས་སྐོར་གཏན་འབེབས།

                                                 སྨད་ཆ།

              ཐོག་མར་དགོན་དཔོན་མཆོག་གིས་ཚོགས་འདུ་འགོ་འཛུགས་གནང་རྒྱུ།

བརྗོད་གཞི་དང་བོ།

      ཁམས་སྟོང་སྐོར་སྡེ་དགོན་གཉིས་ཀྱི་གནད་ཡོད་མི་སྣ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་ཚེས་བཟང་སྐལ་བཟང་གི་ཉིན་མོར་དགེ་འདུན་དམངས་དང་མཉམ་དུ། གཞིས་བྱེས་མཉམ་འཛོམས་བྱུང་ཐབས་ཀྱི་བརྗོད་གཞི་འདི་ལ་བསམ་བློ་བརྗེ་རེས་བྱེད་པ་འདི་ཧ་ཅང་ལས་དང་བསོད་ནམས་ལྡན་པ་ཞིག་རེད། ང་རང་གི་ངོས་ནས་བཤད་ན། སྟོང་སྐོར་དགོན་པའི་གྲྭ་བ་ཞིག་ཡིན་པས་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་དང་། ལྷག་པར་དུ་དགོན་པ་འདི་ལ་ཕན་བདེ་བསྒྲུབ་རྒྱུ་དེ་རེད། དེའི་སྟབས་ཀྱིས། ལྷན་རྒྱས་རྣམ་པ་ཚོ་དང་མཉམ་དུ་གཞིས་བྱེས་ལྷན་འཛོམས་འབྱུང་ཐབས་སུ་ཕན་ཚུན་བགྲོ་གླེང་བྱེད་པར་ང་རང་ཤིན་ཏུ་དགའ་པོ་བྱུང་། ཞེས་པ་ནས་ཁོ་བོའི་དགོན་དཔོན་འགོ་བརྩམས་པ་ནས་བཟུང་དགེ་འདུན་དམངས་ཀྱིས་དམ་ཚིག་ཚུལ་བཞིན་དུ་བསྲུངས་པར་བཀའ་དྲིན་ཆེ་ལུགས་དང་། མ་འོངས་པར་ཕན་ཚུན་གུས་བཀུར་དང་། འཆམ་མཐུན་ངང་ནས་འཚོ་གནས་བྱེད་པ་ལ་མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་དགོས་པའི་སྐོར་གསུང་བཤད་རྒྱས་པ་གནང་།

བརྗོད་གཞི་གཉིས་པ།

        སྔར་སྤྱི་ལོ ༢༠༡༤ ༢ ནང་དགྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་དུ་སེར་སྨད་དགེ་བཤེས་ཉི་མ་མཆོག་དང་། དགོན་དཔོན་ཡེ་ཤེས་རྡོ་རྗེ་མཆོག ཕྲན་རང་ཉིད་བཅས་ཀྱིས་ནང་ཁུལ་གྱི་རྙོག་གླེང་རྣམས་གཙང་སེལ་ཡོང་ཐབས་གྲོས་བསྡུར་ལྷུག་པོར་གནང་བ་དང་། ལྷག་པར་དུ་ཞབས་དྲུང་རིན་པོ་ཆེ་ལ་ཁ་པར་གྱི་ཐོག་ནས་དགེ་བཤེས་མཆོག་གིས་བཀའ་མོལ་ལྷུག་པོར་གནང་ཡོད་པར་བརྟེན། དགེ་བཤེས་མཆོག་གིས་དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་གསར་དུ་བཟོས། ཞབས་དྲུང་མཆོག་གིས། དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལ་སྐྱོན་ཆ་མ་མཐོང་བས། ཕྱོགས་ཀུན་གྱིས་མོས་མཐུན་གྱིས་ནང་ཁུལ་རང་ནས་འགྲིག་པ་བྱུང་ཡོད། ཅེས་གསུངས། དེས་ན། སྟོང་སྐོར་སྡེ་དགོན་གཉིས་ཀྱི་གནད་ཡོད་མི་སྣ་ཡོངས་ཀྱིས་དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལ་འཐད་པ་ཡོད་ན་རྒྱབ་སྐྱོར་དང་། མི་འཐད་ན་དགག་བྱ་བྱས་ན་ཆོག མདོར་ན། ཚོགས་མི་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་ན་གཏན་ཁེལ་བྱ་རྒྱུ་ཡིན་པའི་སྐོར་གསུང་འདུག

བརྗོད་གཞི་གསུམ་པ།

     དེ་རིང་གི་ཚོགས་འདུའི་ཐོག་དམ་པ་ཁོང་གཉིས་ཀྱི་བཀའ་དགོངས་གཞི་བཟུང་ལྟར་དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལ་ཚོགས་མི་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་པས།   མཐའ་མའི་ཐག་གཅོད་མ་འོངས་སྟོང་སྐོར་དགོན་གྱི་སློབ་གྲྭ་ཀུན་ལ་དཀའ་ངལ་འཕྲད་མི་སྲིད་པའམ་འགྱུར་བ་མེད་པ་ཞིག་གཏན་འཁེལ་བྱ་རྒྱུ་ཡིན་པའི་སྐོར་གསུང་བཤད་རྒྱས་པར་གནང་།   སེར་སྨད་དགེ་བཤེས་ཉི་མ་མཆོག་གིས།   ལེགས་ཚོགས་ཀུན་གྱི་རྩ་བ་ཤེས་ཡོན་དང་།   མཐུན་སྒྲིལ་ཡིན་པའི་སྐོར་བཀའ་སློབ་གནང་བ་ལ་ཚོགས་མི་ཡོངས་ཀྱིས་དགའ་བསུ་ཚད་མེད་བྱས་ཡོད་པ་དང་།   སྟོང་སྐོར་དགོན་གཞུང་གིས་གོ་སྒྲིག་ཞུས་པ་ལྟར།   སྒྲིག་གཞི་ལེགས་བཅོས་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་སྐོར།   སྟོང་སྐོར་སྡེ་དགོན་གཉིས་ཀྱི་གནད་ཡོད་མི་སྣ་རྣམས་དང་དགེ་འདུན་དམངས་ཀྱིས་ཚོགས་འདུ་གཟབ་རྒྱས་ཚོགས་པར་བརྟེན་དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལ་ཚོགས་ཞུགས་མི་སྣ་ཀུན་གྱིས་རྒྱབ་སྐྱོར་ཐོབ་པས་སྒྲིག་གཞི་ལེགས་བཅོས་དང་།  གཞིས་བྱེས་ལྷན་འཛོམས་འབྱུང་བར་གཏན་འབེབས་བྱས་ཡོད་པར་མ་ཟད་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད་འདུག རླབས་ཆེན་གྱི་བྱ་བ་འདི་སྲ་བརྟན་ནམ་བཀྲ་ཤིས་བདེ་ལེགས་ཡོང་བའི་ཆེད་དུ་དམིགས་ནས་དྲྭ་ཐོག་ཏུ་བཀོད་པ་ཡིན།

ཁམས་དཀར་མཛེས་སྟོང་སྐོར་དགོན་པའི་དགོན་བདག་བསྟན་འཛིན་རབ་རྒྱས་ཚང་གིས་བཀའ་སློབ་གནང་བཞིན་པ།

སྤྱི་ལོ ༢༠༡༤ ༩ ༢༥ ཉིན་བློ་སྦྱིན་གྱིས་ལབ་དགོན་དུ་བྲིས་པའོ།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 11 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
52t8 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལོག་སྨྲ་ཚར་གཅོད། སྤེལ་དུས:2014/10/3
སྟོང་སྐོར་དགོན་པ་གཞི་བྱེས་མཉམ་འཛོམས་བྱུང་བར་རང་སེམས་ཧ་ཅང་སྤྲོ་གོ་ཐོས་ལྟ་ན་དགེན་ཉི་མ་མཆོག་རྩིས་གྲྭ་ས་ཁག་ན་བཞུགས་པའི་སློབ་གཉེར་བ་རྣམས་ཀྱིས་མ་ཡོངས་ན་གཞོན་དག་ལ་ཐུགས་བསམ་བཞེངས་ཏེ་དགོན་དེ་ག་ལ་ཤེས་ཡོན་ཡར་རྒྱས་ཆེད་ཆ་རྐྱེན་བཞི་ཙམ་ཞིག་བཞགས་པར་གོ་ཐོས་བྱུང་འོན་ཀྱང་ཆ་རྐྱེན་དེ་དག་མཐུས་སྒོ་ཚང་བ་ཞིག་དགོན་བདག་རྣམ་པའི་ངེས་ལེན་མ་བྱས་པ་ཡང་ཅུང་ཙམ་ཅུང་ཙམ་གོ་ཐོས་བྱུང་གང་ལྟར་དགོན་དེ་ག་མཉམ་འཛོམས་བྱུང་བས་རང་སེམས་ལ་དགའ་བ་ཆེན་སྐྱེ་སོང་གུང་དུ་ལོག་རྟོག་ཟེར་བའི་དྲ་འབུ་ཞིག་གིས་གྲྭ་ས་ནས་ཕེབས་པའི་ཤེས་ལྡན་དག་ལ་ངན་སྐུ་བྱེད་ཀྱིན་འདུག་དེ་ནི་ཁོས་གཞན་གྱི་ཕྱན་ཚོགས་ལ་མི་བཟོད་པའི་ཕྲག་ཏོག་ཞིག་མིན་ནམ། ཁམས་ནང་ཆེན་ནས།
 སྤེལ་མཁན: ཤེས་ཡེ། སྤེལ་དུས:2014/10/1
སྟོང་སྐོར་དགོན་པ་གཞི་བྱེས་མཉམ་འཛོམས་བྱུང་བར་སྤྲོ་སེམས་ཀྱི་ཐལ་སྒྲ་རྡེབ་ཀྱིན་ཡོད། དགོན་པ་དེ་གའི་གྲྭ་བཙན་ཡོན་ཏན་པ་དག་དང་ང་ཚོ་ནི་དཔལ་ལྡན་འབྲས་སྤུངས་སུ་ངོ་ཤེས་པ་ནས་སྐྱིད་སྡུག་མང་བོ་ཞིག་ལ་འཕྲད་མྱོང་ཡང་། དགོན་དེ་གའི་གྲྭ་བ་གང་ཡིན་ཀྱང་ཆོས་འཇིག་རྟེན་གཉིས་ཆར་རང་ཚུགས་ཤོར་མ་མྱོང་བ་ཏག་ཏག་ཡིན། སྤྱིར་ན་ཐོས་བསམ་སློབ་གཉེར་བྱེད་སྟངས་ཀྱི་ཆ་ནས་ཏོག་ཙམ་མ་འགྲིགས་ཏེ ། དགོན་གཞུང་དང་སློབ་ཉེར་བའི་དབར་འགལ་བྱུང་བས། ལོ་ཁ་ཤས་བར་གྲྭ་བཙན་རྣམས་དགོན་པ་སོ་སོར་སློབ་སྦྱོང་འགྲོ་དགོས་ཐུག་ཀྱང་། ད་ནི་དགོན་གཞུང་དང་སློབ་གཉེར་བ་ནང་ཚགས་བྱུང་ནས་གཞི་བྱེས་མཉམ་འཛོམས་ནས་དགའ་འགའ་སྐྱིད་ལ་རོལ་ཡོད་པ་ཐོས། དགོན་དེའི་ཐོས་བསམ་དང་ཤེས་རིག་ཡར་རྒྱས་ཡོང་བའི་རྟེན་འབྱུང་ཚང་འདུག་པས་དགའ་བ་ལ། དགེན་ཉི་མ་ལགས་ལ་བདག་གིས་བཀའ་དྲིན་ཞུ་བ་དང་གྲོགས་ཡོང་ལ་སྐུ་ཁམས་བཟང་ཟེར་ནས་དགའ་འབོད་བྱེད་ཀྱིན་ཡོད། དགའ་སྤྲོ་མཚོན་བྱེད་དུ་ཕྲན་ཤེས་རབ་ཡེ་ཤེས་ཀྱིས་གུས་ཕུལ།
 སྤེལ་མཁན: ལོག་རྟོག སྤེལ་དུས:2014/10/5
བདག་པོ་ལགས་ཀྱི་གསལ་བཤད་ལ་དཀའ་དྲིན་ཆེ་ཞུ། གོ་ཐོས་ལ་གྲྭ་ས་ནས་དཔེ་ཆ་བ་ཁ་ཤས་འོང་ནས། ལོ་ངོ་བརྒྱ་ཕྲག་མང་པོའི་སྔོན་ནས་ཡོད་བཞིན་པའི་སྟོང་སྐོར་མཚན་ཉིད་གྲྭ་ཚང་ཟུར་དུ་བཞག མཚན་ཉིད་སློབ་གྲྭ་ཟེར་བ་ཞིག་ཟུར་དུ་བཙུགས་པ་ལ་བསྟེན་ནས། ཡུལ་མི་མང་པོའི་འདོད་པ་ལ་མ་བབ་ནས་ལམ་ལྷོང་མ་བྱུང་བ་རེད་ཟེར། འདོད་པ་མེད་མཁན་རྣམས་ཀྱིས་མཚན་ཉིད་གྲྭ་ཚང་ཡར་རྒྱས་གཏོང་དགོས་པ་ལས་སློབ་གྲྭ་ཟུར་དུ་བཙུགས་དགོས་དོན་མེད་ཟེར་ཀྱི་ཡོད་ཚོད་རེད། སྟོང་སྐོར་དགོན་པ་གཅིག་པོ་མ་ཡིན་པར། ཉེ་སྐོར་གྱི་དགོན་སྡེ་གཞན་མང་པོ་ལ་ཡང་གྲྭ་ས་ནས་ཡོང་བའི་མཚན་ཉིད་བ་རྣམས་ཀྱིས་དཀའ་རྙོགས་བཟོས་ཡོད་རབས་མང་བོ་གོ་རྒྱུ་འདུག
 སྤེལ་མཁན: བདག་པོ། སྤེལ་དུས:2014/10/4
སྟོང་སྐོར་དགོན་པའི་དཀའ་རྙོག་ཐོག་མར་ཇི་འདྲ་བྱུང་བའི་སྐོར་བཤད་ན་སྟབས་མི་བདེ་བས་དགོངས་དག་ཞུ། སྟོང་སྐོར་དགོན་པའི་དགོན་བདག་བསྟན་འཛིན་རབ་རྒྱས་ཞེས་པ་སྟོང་སྐོར་ཞབས་དྲུག་གི་མཚན་མ་ཡིན་ཞིང་། སྟོང་སྐོར་དགོན་པའི་དགོན་དཔོན་གྱི་མཚན་དང་། ད་ལྟར་ཕ་ཡུལ་དུ་དགོན་སྤྱིའི་ལས་དོན་སྒྲུབ་བཞིན་པ་རེད། སྟོང་སྐོར་ཞབས་དྲུང་མཆོག་ད་ལྟར་འཕགས་ཡུལ་ན་བཞུགས་ཡོད་ལགས། གྲོགས་པོ་ལགས།
 སྤེལ་མཁན: ལོག་རྟོག སྤེལ་དུས:2014/10/4
སྟོང་སྐོར་དགོན་པའི་དཀའ་རྙོགས་ཐོག་མར་ཇི་འདྲ་བྱུང་བའི་སྐོར་གནས་ཚུལ་རྒྱས་ཙམ་གསུང་རོགས།
 སྤེལ་མཁན: ལོག་རྟོག སྤེལ་དུས:2014/10/4
སྟོང་སྐོར་དགོན་པའི་དགོན་བདག་བསྟན་འཛིན་རབ་རྒྱས་ཞེས་པ་སྟོང་སྐོར་ཞབས་དྲུག་གི་མཚན་ཡིན་ནམ། གོ་ཐོས་ལ་ཁོང་འཕགས་ཡུལ་ལ་བཞུགས་ཡོད་ཚུལ་འདུག མི་བདེན་ནམ།
 སྤེལ་མཁན: བཀྲ་ཤིས་ལྷ་རྒྱལ། སྤེལ་དུས:2014/10/1
བདག་གི་གོ་ཐོས་ལྟར་ན་སྟོང་སྐོར་བླ་མས་དགེན་ཉི་མ་ལ་ད་ནི་ང་ཚོའི་དགོན་པ་མཉམ་འཛོམས་ཞིག་མ་བྱུང་ན་མི་འགྲིག་པས་ཁྱོད་ཚོའི་ཕྱོགས་གཉིས་ཀ་ལ་ཐུགས་བསམ་བཞེངས་སྟེ་དོན་ཚན་ཁ་ཤས་ཞིག་འཇོག་གནང་དང་མི་འགྲིག་པ་མེད་གསུང་བ་ལྟར་མཚན་ཉིད་སློབ་གྲྭས་ཀྱང་དགེན་རྣམ་གཉིས་བརྩིས་སློབ་གཉེར་བ་ཡོངས་ཀྱིས་སྟོང་སྐོར་ཡུལ་གཉིས་ལ་བམས་བཞེངས་གནང་སྟེ་གྲོས་མོལ་བྱེད་ནས་དོན་ཚན་བཞི་ཅན་གྱི་སྔོནའགྲོའི་ཆ་སྐྱོན་བཏོན་སྟོང་སྐོར་བླ་མས་ཀྱང་དེ་ལ་གནོད་པ་མ་མཐོང་བས་ངེས་ལེན་བྱེད་འདུག་ཟེར་ད་ནི་སྟོང་སྐོར་དགོན་དུ་སློབ་གཉེར་ཡར་རྒྱས་དང་སངས་རྒྱས་ཀྱི་བསྟན་པ་སྔ་བཞིན་དར་རྒྱས་ཡོད་བར་སྨོན། ཟིང་ལིང་གྲོང་ཁྱིར་དུ་བྲིས།
 སྤེལ་མཁན: བདག་པོས། སྤེལ་དུས:2014/9/26
ལྷན་འཛོམས་ཀྱི་བདེ་སྐྱིད་ལ་ཅི་དགར་རོལ་བ། འགྲོ་ལམ་ཀྱག་ཀྱོག་བརྒྱུད་ནས་བསྐྱོད་པའི་སྐབས། །ཡིད་ཐང་ཆད་དེ་ལམ་གྱི་གཞི་མདོ་རུ། །ངལ་གསོ་བསྡད་ན་མཉམ་འཛོམས་ཐོབ་དཀའ་ཡང་། །དཀའ་སྤྱད་འབད་འབུངས་བྱས་ནས་འདི་ལྟར་ཐོབ། གཏམ་བཟང་ཞིག་ལ་དེ་རིང་སྤྱི་ལོ ༢༠༡༤ ༩ ༢༥ ཉིན། ཁམས་དཀར་མཛེས་སྟོང་སྐོར་དགོན་དུ་སྒྲིག་གཞི་ལེགས་བཅོས་དང་ཤེས་ཡོན་གོང་འཕེལ་གཏོང་ཕྱོགས་སྐོར་ཚོགས་འདུ་ཕུན་སུམ་ཚོགས་པ་ཞིག་འཚོགས་པར་མ་ཟད། སེར་སྨད་དགེ་བཤེས་ཉི་མ་མཆོག་གིས་བཟོས་པའི་དོན་ཚན་བཞི་ཅན་གྱི་གྲོས་གཞི་འདི་ལ། སྟོང་སྐོར་ཞབས་དྲུང་རིན་པོ་ཆེ་གཙོས་རང་དགོན་གྱི་གནད་ཡོད་མི་སྣ་ཡོངས་ཀྱིས་རྒྱབ་སྐྱོར་ཐོབ་པས། ད་མི་འགྱང་བར་གཞིས་བྱེས་ལྷན་འཛོམས་དང་། ན་གཞོན་ཚོས་སློབ་སྦྱོང་ཚུལ་བཞིན་དུ་བྱེད་པ་ལ་སྤྲོ་སྣང་ངང་གི་སྐྱེ་བའི་སྒྲིག་གཞི་གཏན་འབེབས་བྱ་རྒྱུ་རེད་འདུག འདིའི་སྐོར་ཤེས་འདོད་ཡོད་ན། ཤེས་ཡོན་ཡར་རྒྱས་དང་སྒྲིག་གཞི་ལེགས་བཅོས་སྐོར་གཏན་འབེབས་ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཐུང་ཞིག་ལ་གཟིགས་རོགས་གནང་། གནད་དོན་འདི་དང་འབྲེལ་བའི་སེམས་ལ་འཆར་ཚུལ་ཞིག་བརྗོད་ན། སྤྱིར་ལབ་དགོན་དང་སེར་ཤུལ་དགོན་སོགས་ལ་སློབ་གཉེར་ཕེབས་པའི་ན་གཞོན་རྣམས་ཀྱིས་དབུ་ཕར་ཚད་འདུལ་སོགས་རང་རང་གི་འཛིན་གྲྭའི་ཐད་མི་ལོ་དུ་མའི་རིང་བརྩོན་འགྲུས་བརྩམས་པར་མཚམས་བཞག་སྟེ། གློ་བུར་དུ་ཕ་ཡུལ་དགོན་པ་ནང་འགྲོ་དགོས་བྱུང་བ་འདིས་དགའ་སྡུག་གཉིས་ཀ་སྟེར་སོང་ཡང་། ཞིབ་ཏུ་འདང་རྒྱག་ཚེ་དུས་སྐབས་འདི་ལ་གྲྭ་ས་གཞན་ལ་སློབ་གཉེར་ཕེབས་པའི་ན་གཞོན་རྣམས་ནང་ཆོས་ཀྱི་ལྟ་གྲུབ་དང་། རིག་གནས། དུས་རབས་ཀྱི་བསམ་བློ་བཅས་ཕྱོགས་གང་ཐད་ནས་རང་ཡུལ་དུ་སྔར་བྱུང་མ་མྱོང་བའི་ཚད་མཐོན་པོར་སླེབས་ཡོད་པས་སྤོབས་པ་ཅིས་མི་ཤར། ལྷག་པར་དུ་འབྱུང་འགྱུར་གྱི་མི་རབས་རྣམས་ཕྱོགས་ཀུན་གྱི་སྤུས་ཚད་ཇེ་མཐོར་གཏོང་བའི་ཐབས་སུ་སྒྲིག་གཞི་ལེགས་བཅོས་བྱས་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་པས། དེས་ན། མཐོང་རྒྱ་ཆུང་བའི་ཕྲན་ལའང་འཛད་མཐའ་མེད་པའི་སྙིང་སྟོབས་དང་། ཞུམ་པ་མེད་པའི་ང་རྒྱལ་ཞིག་བསྩལ་ཡོད། ང་ཚོ་དགོན་སྡེའི་ཁྲོད་དུ་སྡེ་སྣོད་གསུམ་གྱི་འཆད་ཉན། བསླབ་པ་གསུམ་གྱི་ཉམས་ལེན་གོང་འཕེལ་གཏོང་རྒྱུའི་རླབས་ཆེན་གྱི་བྱ་བ་འདིའི་ཐད། སྐུ་ངལ་གང་ལའང་མི་འཛེམས་པར་ཕྱག་ལེན་གནང་མཁན་རང་དགོན་གྱི་གནད་ཡོད་མི་སྣ་ཡོངས་ལ་བཀའ་དྲིན་ཆེ་ཞུ། དེ་རིང་གི་དགའ་སྤྲོ་ནི། ངེད་སྟོང་སྐོར་དགོན་པ་ཙམ་གྱི་དགའ་སྤྲོ་མ་ཡིན་པར། ངེད་བོད་པ་ཚང་ཐུན་མོང་གི་རྒྱལ་ཁ་ཞིག་ཀྱང་རེད། བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་འདི་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱེད་པ་ནི་ང་ཚོ་ཚང་མའི་འགན་ཁུར་ཕྲག་ལ་བབ་པ་ཞིག་ཡིན་སྟབས། དེ་རིང་ནས་བཟུང་ངེད་ཅག་སྟོང་སྐོར་ཡུལ་མི་སྤུན་ཟླ་ཀུན་གྱིས་བློ་སེམས་གཅིག་སྒྲིལ། དཔུང་བ་མཉམ་གཤིབ། འབད་བརྩོན་ལྷོད་མེད་ཀྱིས་བོད་རང་གི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་བསམས་ཏེ། སྤུན་ཟླ་ནང་ཕན་ཚུན་མཐུན་སྒྲིལ་གྱི་འདུ་ཤེས་མཐོ་རུ་གཏོང་རྒྱུ་ཡིན། ཞེས་མི་མང་ཚོགས་པའི་དབུས་སུ་དམ་བཅའ་ཡོད། འོན་ཀྱང་། ང་ཚོའི་མཐུན་སྒྲིལ་ནི་སོ་སོའི་མི་ཚེའི་ནང་གི་རླབས་ཆེན་གྱི་བྱ་བ་རྣམས་ལེགས་འགྲུབ་བྱུང་བའི་ཐབས་ཡིན་པ་ལས། མི་ཚེ་འདིའི་ཚེ་སྲོག་གི་རིན་ཐང་བརླགས་ཏེ་མཐར་བྲན་གཡོག་ཏུ་འགྲོ་བའི་རྒྱུ་མ་ཡིན། ང་ཚོའི་མཐུན་སྒྲིལ་ནི་རང་དང་བསམ་ཚུལ་མི་མཐུན་པ་དག་ལ་སྡང་སེམས་མི་འཛིན་པར་བརྩི་འཇོག་བྱེད་པའི་ཐབས་ཡིན་པ་ལས། བཤད་ཚད་ཆོས་སུ་འཛིན་པའི་རྒྱུ་ཡང་མ་ཡིན། ང་ཚོའི་མཐུན་སྒྲིལ་ནི་དགག་སྒྲུབ་དང་དོགས་སློང་གི་ཁོར་ཡུག་གཙང་མ་ཞིག་བསྐྲུན་ཐུབ་རྒྱུའི་ཐབས་ཡིན་པ་ལས། མི་ཆེན་འགའ་ཞིག་གི་མདུན་དུ་བསྟོད་ཚིག་སྐམ་པོ་རེའི་ཀུན་སློང་སྐུལ་མ་གཏོང་བྱེད་དེ་ལས་ཀྱང་མ་ཡིན། འོ་ན། མཐུན་སྒྲིལ་ཅི་འདྲ་དགོས་ཞེ་ན། ཆོལ་གསུམ་ཕན་ཚུན། དགོན་པ་ཕན་ཚུན། ཆོས་ལུགས་ཕན་ཚུན། དགོན་པ་དང་སྡེ་བ། བླ་མ་དང་སློབ་མ། དགེ་རྒན་དང་དགེ་ཕྲུག གྲོང་ཆོག་བ་དང་མཚན་ཉིད་བ། རྒས་དར་ཆུང་གསུམ་གྱི་བར་བཅས་སྐྱིད་སྡུག་མཉམ་ཁུར་བྱེད་པ། བསམ་བློ་བརྗེ་རེས་བྱེད་པ། བརྩི་བཀུར་རྣལ་མ་བྱེད་པ་བཅས་ཀྱི་བྱ་བ་ལ་ཞུགས་ན་མཐུན་སྒྲིལ་དངོས་ཡིན་ལ། དེར་བརྟེན་གཞན་ལ་མཐོང་ཆུང་དང་། མི་གཞི་དམའ་འབེབས་བྱེད་པ་སོགས་ནི་མི་མཐུན་པའི་རྒྱུ་ཡིན་པར་མ་ཟད་ཐོབ་ཐང་ཡང་མེད་དེ། སྟོན་པ་ཐུགས་རྗེ་ཅན་གྱིས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །ཞེས་དང་། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་གསུངས། སྐབས་དོན་བབ་ནས་བཤད་ན། བླ་མ་དགེ་བའི་བཤེས་གཉེན་རྣམས་སློབ་མ་ལ་འདི་ལྟ་བུའི་ཉམས་ལེན་གནད་དང་མཐུན་པའི་བརྩེ་བ་ཡོད་ན། སློབ་མའི་ངོས་ནས་ཀྱང་དད་པ་དག་སྣང་འབྱུང་སྲིད་ལ། སློབ་མ་ནང་ཕན་ཚུན་ཡང་རྡོ་རྗེའི་སྤུན་སྲིང་གི་འདུ་ཤེས་ངང་གིས་སྐྱེ་བར་ཐེ་མི་ཚོམ། མདོར་ན། དམ་པ་ཁོང་རྣམས་ཀྱིས་ཕྱག་གི་ཁུ་ཚུར་མཉམ་དུ་བཅངས་བ་དེ་ལ། ངེད་ཅག་སློབ་མ་ཡོངས་ཀྱིས་རྒྱབ་རྟེན་གྱི་ཚུལ་གྱིས་མཐུན་པའི་ལག་གདངས་མཉམ་དུ་སྤྲེལ་ནས། མ་འོངས་བོད་ཀྱི་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་སྟེ། མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཕན་ཐོགས་ཆེ་བའི་ཤེས་ལྡན་མི་སྣ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་རྒྱུ་ཡིན། སྤྱི་ལོ ༢༠༡༤ ༩ ༢༥ ཉིན་བློ་སྦྱིན་གྱིས་ལབ་དགོན་དུ་བྲིས་པའོ།།
 སྤེལ་མཁན: རིག་སྨྲ། སྤེལ་དུས:2014/9/26
སྔར་མདོ་ཁམས་འཇང་དགུན་ཆོས་ཚོགས་ཆེན་མོའི་སྐབས་སུ་ཁམས་སྟོང་སྐོར་དགོན་ནས་རེད་ཟེར་བའི་སློབ་གཉེར་བ་བཅུ་ཕྲག་ཁ་ཤས་ཞིག་མཐོང་སོང་ཁོ་ཚོ་ནི་དངོས་གནས་ཁྱད་ཆོས་གསུམ་ལྡན་གྱི་མཚན་ཉིད་བ་ཚད་དང་ལྡན་པ་ཞིག་རེད་དྲན་ནས་རང་སེམས་ཧ་ཅང་དགའ་སོང་ཡིན་ནའང་ལོ་ངོ་ཁ་ཤས་ཞིག་གི་རྗེས་སུ་ཁམས་སྟོང་སྐོར་དགོན་ནང་ན་མཚན་ཉིད་བཤད་གྲྭ་མེད་པར་བཟོ་ཚར་འདུག་ཟེར་བའི་ཉན་མི་འདོད་པའི་སྐད་ཞིག་གོ་སོང་དུས་དེ་ནས་བཟུང་ལོ་བདུན་བརྒྱད་ཞིག་གི་རིང་ལ་ཇི་ཡང་གོ་ཐོས་མ་བྱུང་ད་ནི་བཀྲ་ཤིས་པའི་ལྷ་བྱ་ཞིག་གི་གསུང་སྐད་ཐོས་བྱུང་དེས་ནི་རང་སེམས་ལ་གཞལ་དུ་མེད་པའི་སྤྲོ་སེམས་ཆེན་པོ་ཞིག་སྟེར་སོང་བཀའ་དྲིན་ཆེ་ཐུགས་རྗེ་ལྡན་ད་ནས་བཟུང་སྟེ་སྤྱི་སངས་རྒྱས་ཀྱི་བསྟན་པ་དང་དགོས་འཇམ་མགོན་བླ་མའི་བསྟན་པ་ཁྱད་པ་དུ་ཁམས་སྟོང་སྐོར་དགོན་ནས་སྔ་བཞིན་བློ་རིགས་ཐོག་ལྟར་མྱུར་བའི་སློབ་མ་དང་ལུང་རིག་དབྱར་རྔ་བསྒྲོག་པའི་སྐྱེས་ཆེན་དམ་པ་དུ་མ་ཞིག་འབྱུང་བར་སྨོན། མདོ་སྟོད་རྫ་ཆུ་ཁ་བྲིས་པ་དགེ་འོ་བཀྲ་ཤིས་པ་གྱུར་ཅིག
 སྤེལ་མཁན: ཉི་ཐང་པས། སྤེལ་དུས:2014/9/26
དེ་རིང་དྲ་ལམ་ནས་འདི་འདྲ་ཞིག་མཐོང་བས་ཤིན་ཏུ་དགའ། གནའ་དགོན་གང་མང་ཞིག་ཏུ་སྲོལ་རྒྱུན་ལམ་ལུགས་དགོས་ཡོད་མེད་དུ་མ་ཞིག་གིས་སློབ་སྦྱོང་ལ་བར་ཆད་དང་། ལམ་ལུགས་རྙིང་པར་ཞེན་ཆགས་དང་གནས་ལུགས་རྒྱུ་མཚན་ལ་ལྟོས་མེད་དུ་ཨུ་ཚུགས་མཁྲེགས་འཛིན་གྱི་བསམ་འཁྱེར་གྱི་དབང་གིས་ཕན་ཚུན་བསམ་ཤེས་དང་ཀུ་ཡངས་ཀྱི་བར་སྟོང་ཧ་ཅང་དོག དེ་བས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱིན་པ་དང་ལྷག་པར་གཞོན་སྐྱེས་སློབ་གཉེར་པ་རྣམ་པའི་དད་འདུན་ནམ་ཕུགས་བསམ་ལ་ཆག་གྲུམ་འཆོར་གི་ཡོད། ཧོར་སྟོང་སྐོར་དགོན་ལ་མཚོན་ན་འདུལ་དགོན་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་པ་ཞིག་ཡིན་ཡང་འདས་པའི་ལོ་རྒྱུས་སུ་སློབ་སྦྱོང་པ་ལ་འཕྲད་པའི་ངལ་བ་ཅུང་ཆེ་བར་སྣང་། ཐེངས་འདིར་སློབ་གཉེར་པའི་དམིགས་འབེན་དང་མཐུན་པའི་མ་འོངས་པའི་ཁ་ཕྱོགས་གསར་པ་གཏན་ཁེལ་བྱུང་སྟེ། གཞི་བྱེས་གཉིས་ཀྱི་ཡུལ་དགོན་ཚང་མས་འཕྱར་བ་མཉམ་འདེགས་ཀྱིས་དགོན་པ་ཤེས་ཡོན་གྱི་ལམ་ནས་འཛིན་སྐྱོང་གནང་རྒྱུ་ཐག་གཅོད་སྤུས་དག་བྱུང་བའི་གསར་འགྱུར་མཐོང་བས་སྙིང་ནས་དགའ་ཡོད། ཁོ་བོས་ཧོར་སྟོང་སྐོར་ཡུལ་དགོན་སྤྱི་དང་ཁྱད་པར་དགེན་ཉི་མས་གཙོས་བདག་གི་ངོ་ཤེས་སློབ་གཉེར་པ་རྣམས་ལ་རང་སེམས་དྲི་མེད་ཀྱི་ཁ་བཏགས་འདོམ་ལ་འཇལ་ཏེ་དགའ་བསུ་གྲངས་མེད་ཞུ། ཞེས་སུ་ཉི་ཐང་པ་རྣམ་གསལ་གྱིས་ཁམས་དཀར་མཛེས་ཀྱི་ཇ་ཁང་འུར་ཟིང་ཆེ་ས་ཞིག་ཏུ་གཏགས་པས་ཚིག་དོན་ཅི་རིགས་ཀྱི་ཐད་ལ་ནོར་འཛོལ་གང་མང་ཡོད་པར་ངེས་སྟབས་མཐོལ་བཤགས་སྙིང་ནས་བགྱིའོ།།
  པར་ངོས 1/2 པར་ཡོད།  འོག་མ།  པར་ངོས་ཐ་མ།
ལྟ་ཀློག་གྲངས་ཀ
41617478
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1