བོད་ཀྱི་གསོ་རིག་ཆེད་མཁས་པ་ཨ་ཁུ་བསྟན་ཁོ་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 25 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» སློབ་གསོ་སྨྲ་བའི་སྡེ། » བོད་ཀྱི་གསོ་རིག་ཆེད་མཁས་པ་ཨ་ཁུ་བསྟན་ཁོ་ངོ་སྤྲོད་མདོར་བསྡུས།
བོད་ཀྱི་གསོ་རིག་ཆེད་མཁས་པ་ཨ་ཁུ་བསྟན་ཁོ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/9/26ལྟ་ཀློག (17908)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       རྒན་བསྟན་ཁོ་མཆོག་ནི ༡༩༣༣ ལོར་སི་ཁྲོན་མཛོད་དགེ་རུ་སྐུ་འཁྲུངས་ཤིང་། དགུང་ལོ ༧ སྟེང་མཛོད་དགེ་ཁང་གསར་དགོན་པ་རུ་ནང་ཆོས་དང་བོད་ཀྱི་གསོ་རིག་ལ་བསླབས། ༡༩༤༩ ལོར་བསང་ཆུ་རྫོང་གི་ཁ་གྱ་རུ་བོད་སྨན་སྐད་གྲགས་ཅན་ཨ་ཁུ་བསྟན་པའི་མདུན་དུ་གསོ་རིག་ལ་སློབ་གཉེར་གནང་། ༡༩༥༦ ནས ༡༩༥༩ བར་བླ་བྲང་བཀྲིས་འཁྱིལ་དུ་ཚད་མ་སོགས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་་གནང་ཞིང་རྩོད་རིགས་སོགས་དགེ་བཤེས་མཁས་པའི་གོ་འཕང་བླངས། ༡༩༦༠ ལོ་ནས་མཛོད་དགེ་རྩྭ་ཐང་དུ་ལོག་སྟེ་བོད་ཀྱི་གསོ་བ་རིག་པའི་ལས་དོན་གཉེར་བ་རེད།
      རྒན་བསྟན་ཁོ་ལགས་ནི་བོད་ཀྱི་གསོ་རིག་རིག་གཞུང་ལ་མངའ་བརྙེས་ཤིང་ལག་ལེན་ཟུང་འབྲེལ་གྱིས་རང་ཉིད་ནས་བོད་ཀྱི་གསོ་རིག་སློབ་ཁྲིད་དཔྱད་གཞི་དཔེ་དེབ ༡༣ བྲིས་ཤིང་། ཡིག་འབྲུ་ཁྲི ༧༨ ཙམ་ཡོད་ལ།  དེ་བཞིན་འཆད་ཁྲིད་སོགས་དགེ་རྒན་གྱི་འགན་བཞེས་པ་རེད། ༡༩༧༤ནས་བོད་སྨན་འཛིན་གྲྭ་ཞིག་བཙུགས་ཏེ་རྔ་བ་ཁུལ་དུ་ཚད་ལྡན་སྨན་པ ༢༦༠ ཙམ་བསྐྱེད་བསྲིངས་བྱས། ཁོང་ནི་རྟག་པར་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ་སོགས་ནས་གདན་འདྲེན་ཞུ་བཞིན་ལ། མདོར་ན་ཨ་མདོ་ས་ཁུལ་ནས་ལོ་ཙཱ་དང་བོད་སྨན་ཁྲིད་གཞིའི་བསླབ་དེབ་ལ།  ༡༩༨༣ལོའི་ཟླ་༥བར་ཟི་ལིང་ནས་རྒྱལ་ཡོངས་ཀྱི་བོད་སྨན་སློབ་དེབ་རྩོམ་སྒྲིག་ཚོགས་འདུ་རུ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཚང་མའི་གསོ་རིག་མཁས་དབང་མང་པོས་ཁོང་ལ་གདེང་འཇོག་ཐོབ། ཁོང་གིས་རྩོམ་སྒྲིག་གནང་བའི་སྨན་སྦྱོར་ཉམས་མྱོང་ཕྱོགས་བསྒྲིགས་དང་རྒྱུད་བཞི་ཞིབ་བསྡུར་མ་སོགས་པར་སྐྲུན་གནང་།

      ཁོང་ནི་བོད་ཀྱི་གསོ་རིག་དང་སྨན་རྫས་གང་ལའང་ཁྱད་ཆོས་མངོན་པར་གསལ་ཞིང་། ཚན་རྩལ་ཞིབ་འཇུག་ལའང་བོད་སྨན་གྲགས་ཆེན་མུ་ཏིག་བདུན་ཅུ་ཚོང་རར་བཀྲམ་པ་དང་ཚོང་རའི་དགོས་མཁོ་ལྟར་མངོན་གསལ་དོད་པའི་གྲུབ་འབྲས་དང་དཔལ་འབྱོར་ཁེ་ཕན་གང་ལེགས་བྱུང་།  ༡༩༨༩ལོར་མུ་ཏིག་༧༠ལ་སི་ཁྲོན་ཀྲུང་ལུགས་ཚན་རྩལ་ཡར་རྒྱས་ཀྱི་དཔང་རྟགས་ཨང་གསུམ་པ་ཐོབ།  ཁོང་གི་ཆེད་དུ་སྦྱར་བའི་ཤཱ་སའི་བདེ་བྱེད་ལ ༢༠༠༢ ལོར་དུས་རབས ༢༡ པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་འདུ་བའི་རྒྱལ་སྤྱིའི་གསོ་རིག་འགྲེམ་སྟོན་སྟེང་གི་གསེར་གྱི་གླང་ཆེན་སྟེ་གཟེངས་རྟགས་དང་པོ་ཐོབ།
      རྒན་བསྟན་ཁོ་ལགས་ནས་བརྩོན་པ་ཆེན་པོས་ཚན་རྩལ་ཞིབ་འཇུག་དང་ནད་ཐོག་ཉམས་ལེན་ཧ་ཅང་ཕུན་སུམ་ཚོགས་པ་དང་། ལྷག་པར་དུ་ནད་རིགས་འདྲ་མིན་ངོས་འཛིན་རྟགས་བཅོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ལྡན་པ་རེད། ཁོང་གིས་བཟོ་སྦྱོར་བྱས་པའི་ཤཱ་སའི་མཆིན་བདེ་རིལ་བུ་ཡིས་མཆིན་ནད་གདུག་པ་ཅན་དག་དང་ཕན་བསྐྱེད་གང་ལེགས་བྱུང་ཞིང་དེ་བཞིན་གློ་གཅོང་སོགས་ཀྱི་གསོ་བཅོས་ལའང་ཕན་འབྲས་བླ་མེད་ཀྱིས་རྒྱལ་ནང་དུ་ཕྱི་བཅོས་དང་ཁོང་ནད་སྨན་པ་གང་མང་གིས་གདེང་འཇོག་ཚད་མཐོན་པོ་གནང་། གཞན་བོད་ཀྱི་གསོ་རིག་ཞིང་ཁམས་སུ་ཁོང་ལ་གདེང་འཇོག་དཔེ་མེད་ཀྱི་གུས་བརྩི་ཐོབ་ཡོད།
  ལོ་ངོ་དྲུག་བཅུའི་ལོ་ཟླ་རིམ་གྱིས་འདས་ཤིང་ཁོང་ནི་བོད་ཀྱི་གསོ་རིག་མཁས་དབང་ཆེན་པོ་ཞིག་ཏུ་གྱུར་ཡོད།
       རྒན་བསྟན་ཁོ་ལགས་ནས་སྔ་གཞུག་དུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན། ཁུལ་སོགས་ནས་གཟེངས་རྟགས་གང་མང་རེག་པ་དང་། རྒྱལ་ཡོངས་འཕྲོད་བསྟེན་སྔོན་ཐོན་དཔེ་ལེགས་མི་སྣ་དང་། རྒྱལ་ཡོངས་ཀྱི་དཔལ་ཡོན་སྨན་པ། སི་ཁྲོན་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་སྔོན་ཐོན་མི་སྣ། རྒྱལ་ཡོངས་སྐབས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཀྲུང་ལུགས་གསོ་རིག་ཆེད་མཁས་རིག་གཞུང་ཉམས་མྱོང་གི་དགེ་རྒན་ཆེན་མོ། ཞིང་ཆེན་རིམ་པའི་དགེ་རྒན། འཕྲོད་བསྟེན་པུའུ་བོད་སྨན་ཆེད་མཁས་པ་བཅས་ཀྱི་མིང་ཐོབ་དང་། སྐབས་བདུན་པ་དང་བརྒྱད་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཀྲུང་གོའི་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་ཆེད་ལས་ལག་རྩལ་མཐོ་རིམ་གོ་ཐོབ་ཞིབ་བཤེར་མི་རིགས་ཚོགས་པའི་ཚོགས་གཙོ། སི་ཁྲོན་ཞིང་ཆེན་གྱི་སྨན་པ་གྲགས་ཅན་དང་། སི་ཁྲོན་ཞིང་ཆེན་སྨན་པ་ཆེན་པོ་བཅུའི་ནང་གི་སྨན་པ། དམིགས་བསལ་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕོགས་ཐོབ་དང་། རྒྱལ་ཡོངས་ཀྲུང་ལུགས་ཆེད་མཁས་རིག་གཞུང་ཉམས་ལེན་རྒྱུན་འཛིན་ལས་ཀའི་ཕུལ་བྱུང་སྣེ་ཁྲིད་དགེ་རྒན། རྒྱལ་སྤྱིའི་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་པའི་ལག་བསྟར་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་། མཚོ་སྔོན་བོད་སྨན་ཁང་གི་མཚན་འཛིན་སློབ་དཔོན་ཆེན་མོ། ཀན་སུའུ་ཀྲུང་ལུགས་སློབ་གླིང་གི་མཚན་འཛིན་སློབ་དཔོན། ཁྲི་འདུ་ཀྲུང་ལུགས་སློབ་ཆེན་གྱི་མཚན་འཛིན་སློབ་དཔོན་ཆེན་མོ། རྔ་བ་ཁུལ་བོད་སྨན་ཁང་གི་ཡོན་ཀྲང་། བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད། མཛོད་དགེ་བོད་སྨན་ཁང་དང་བོད་སྨན་ཞིབ་འཇུག་ཁང་གི་དབུ་ཁྲིད་བཅས་ཡིན། ༡༩༩༣ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མེན་ནས་མཇལ་འཕྲད་བཀའ་མོལ་གནང་བ་རེད།

      ཁེ་འདོད་དང་གྲགས་འདོད་ཙམ་ཡོངས་སུ་དོར་སྟེ་ཁོང་གིས་སྔར་ལས་ལྷག་པར་ནན་ཏན་གྱིས་ཉམ་ཐག་ནད་པའི་ལས་ལ་གཞོལ་ཞིང་། སློབ་ཁྲིད་གནང་བ་དང་མི་སྣ་བསྐྱེད་སྲིང་བྱས། དགུང་ལོ་བགྲེས་ནའང་ད་ལྟ་ད་རུང་བླ་བྲང་དང་། ཀན་སུའུ་བོད་སྨན་གསོ་རིག་ཞིབ་འཇུག་གླིང་། ཁ་རྒྱ་དགོན། སྐུ་འབུམ། རྭ་རྒྱ་དགོན། རྔ་བ་བོད་སྨན་ཁང་སོགས་སུ་ཕེབས་ཏེ་དངོས་སུ་སློབ་ཁྲིད་དང་དབང་ལུང་ཁྲིད་གསུམ་གང་མང་གནང་། སྔ་གཞུག་ཏུ་སློབ་མ ༢༡༠༠ ལྷག་ཙམ་བསྐྱངས། སློབ་བུ་ལ་ཤས་ནི་བོད་ཀྱི་གསོ་རིག་ཆེད་ལས་མཁས་དབང་གི་གོ་ཐོབ་དང་རྒྱལ་ཡོངས་ཀྱི་གསོ་རིག་གླེང་སྟེགས་སུ་སྐད་གྲགས་འབར་བ་ཡོད།
      རྒན་བསྟན་ཁོ་ལགས་ནས་ཐེངས་གང་མང་དུ་ཀན་སུའུ་བོད་སྨན་ཉམས་ཞིབ་ཚོགས་པ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཕེབས་པ་དང་། སྐབས་དེར་རྒན་བསྟན་ཁོ་ལགས་དང་མཚོ་སྔོན་བོད་སྨན་ཁང་གི་ཡོན་ཀྲང་དང་ཏང་ཨུ་ཧྲུའུ་ཅི། དགེ་རྒན་ཆེན་མོ་ཁ་ལོ་ཡོན་ཀྲང་དང་བརྩེ་སེམས་ལྷད་མེད་ཆགས་ཤིང་། ཁོང་གཉིས་ལོ་ངོ ༢༠ ཙམ་ལ་འབྲེལ་་འདྲིས་གང་ལེགས་ཀྱིས་ཞིབ་འཇུག་དང་མཉམ་མྱོང་སྤེལ་རེས། བོད་ཀྱི་གསོ་རིག་འཕེལ་རྒྱས་ལ་མཛད་རྗེས་མི་དམན་པ་བཞག བོད་ཀྱི་གསོ་རིག་རྒྱ་མཚོ་ལྟ་བུ་ལས་རང་ཉིད་ཀྱི་ཤེས་བྱ་མཐོར་འདེགས་དང་ཕན་ཚུན་དགེ་གྲོགས་ཀྱི་ཚུལ་དུ་བོད་ཀྱི་སྲོལ་རྒྱུན་གསོ་རིག་གི་གོ་གནས་དང་། བོད་སྨན་གྱིས་སྔར་ལས་ལྷག་པའི་རིགས་སོ་སོའི་མི་དམངས་དང་་མིའི་རིགས་ཀྱི་བདེ་ཐང་ལ་ཞབས་ཞུ་བྱེད་ཐུབ་པ་གནང་།
      བོད་ཀྱི་གསོ་རིག་ཞིང་དུ་དུས་རབས་ཞིག་ལ་ཁོང་རྣམ་པ་གཉིས་ནས་དཀའ་སྡུག་གང་མང་མྱངས་ཞིང་། མཉམ་ཞིབ་ཚོགས་པས་འཚམས་འདྲི་དང་། རྒན་བསྟན་ཁོ་ལགས་ནས་ཀྱང་རྒན་ཁ་ལོ་ལ་བོད་སྨན་རྩ་ཆེན་ཀྱི་དེབ་བཅས་སྐུ་གཟུགས་བདེ་ཐང་གི་སྨོན་ལམ་འབྲེལ་རྟེན་འབྲེལ་ཞུས།
     ཐེངས་འདིར་རྒན་བསྟན་ཁོ་ལགས་ནས་མགོ་ལོག་བོད་སྨན་མཉམ་ཞིབ་ཚོགས་པའི་ལས་འགུལ་ཁྲོད། རྒན་བསྟན་ཁོ་ལགས་ནས་ཀྱང་ཁོང་ཅག་ཚང་མར་རེ་བ་ནན་མོ་དང་། ཚང་མས་བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་མི་དམན་པ་འཇོག་རྒྱུ་དང་། ལྟ་བ་ཡག་པོ། དཀའ་སྤྱད་འབད་བརྩོན་གྱིས་བོད་ཀྱི་གསོ་རིག་བྱ་བཞག་སྔར་ལས་འཕེལ་རྒྱས་གཏོང་བར་ཡར་བསྐུལ་གནང་། གཞན་མགོ་ལོག་ཁུལ་ཨུ་དང་སྲིད་གཞུང་ནས་བོད་ཀྱི་གསོ་བ་རིག་པའི་བྱ་བཞག་ལ་འདི་ལྟར་རམ་འདེགས་གནང་བར་ཐུགས་རྗེ་ཞུས། ཁོང་དང་མཇལ་བཅར་གྱི་མཉམ་ཞིབ་ཚོགས་པའི་མི་སྣ་རེ་རེའི་ལ་གསོ་རིག་གླེགས་བམ་རེ་གནང་ཞིང་། ཐམས་ཅད་ལ་སྔར་མེད་གདམས་པའང་མི་་ཉུང་བ་གནང་། ཁོང་ཉིད་སྤྲོ་སེམས་དཔེ་མེད་ཀྱིས་མཉམ་ཞིབ་ཚོགས་མི་རེ་རེ་ལའང་བོད་ཀྱི་སྔ་རབས་སྨན་པ་དག་ནས་བརྒྱུད་པའི་གསོ་རིག་རྒྱུན་འཛིན་དང་། དར་སྤེལ། འཕེལ་རྒྱས་གཏོང་བའི་རེ་སྨོན་གནང་།
                                                        མཚོ་སྔོན་མགོ་ལོག་ཁུལ་བོད་སྨན་རིག་གཞུང་ཉམས་ཞིབ་ཚོགས་པས་བཅར་འདྲི་བྱས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མདའ་མེ་ལྕེ། སྤེལ་དུས:2015/7/5
འདི་ལ་ངན་སྐར་སྟེར་མཁན་དག་ནི་ཕྲག་དོག་གི་གོང་བུའོ།།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41311437
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1