༼ ཁ། ༽
ཁ་རྒྱལ་རྩོད་ན་ཁོག་པ་ཡངས་དགོས།
རྒོད་པོ་ཁྲིད་ན་ཁྲིད་ཐག་རིང་དགོས།
ཁ་གཅིག་རུང་ཁོག་པ་མི་གཅིག
སྔས་གཅིག་རུང་རྨི་ལམ་མི་གཅིག
ཁ་ཆེ་རུང་སྣ་བའི་འོག་ན་ཡོད།
ཆུ་ཆེ་རུང་ཟམ་པའི་འོག་ལ་ཡོད།
ཁ་མཆུ་ཏོ་ཟུར་གསུམ་གྱིས་རྫུན་མ་ལབ།
ལག་མཛུབ་མོ་བཅུ་ཡིས་རྐུ་མ་རྒྱག
ཁ་ཉམས་ལྕེས་དཔྱད།
ཁ་གཏམ་གཡུ་འབྲུག་སྐད་ལས་ཆེ།
ལག་ལེན་ནམ་མཁའི་འཇའ་ལྟར་ཡལ།
ཁ་དང་ཁ་སྤུ་དབྱེ་འབྱེད།
ཁ་ནང་གི་རྨ་ཁའི་ནང་ནས་གསོས།
ཁ་ནས་སྙིང་རྗེ་མ་ཎི་བགྲངས་པ་ལས།
ཤམ་ཐབས་འོག་ནས་བཤན་གྲི་འཕྱར་གྱི་འདུག
ཁ་བུ་རམ་ལས་མངར་བ།
གཏིང་སོལ་བ་ལས་ནག་པ།
ཁ་དབང་ཡོད་ནའང་རང་དབང་མེད།
མཛོད་ཁང་ཡོད་ནའང་ལྡེ་མིག་མེད།
ཁ་ཞི་དུལ།
ཁོག་འབུ་བཏབ།
ཁ་མང་གྲོང་བའི་དཀྲུག་ཤིང་།
ཁ་ཟས་སྤང་ནས་བཟས།
རིལ་མ་ནགས་སུ་བཏང་།
ཁ་བཟང་བཤད་པས་མི་མི་སྐྱོང་།
ཚྭ་ཆུ་འཐུང་ནས་སྐོམ་མི་སོད།
ཁ་བཟའ་འདོད་ན།
ལག་པས་ལས་བྱེད།
ཁ་འོ་མ་ལས་དཀར།
ཁོག་ཚེར་མ་ལས་རྩུབ།
ཁ་ཡག་གི་ཁ་མ་ཉན།
ངོ་ཡག་གི་ངོར་མ་བལྟ།
ཁ་ཡ་རབས།
སྤྱོད་པ་མ་རབས།
ཁ་ཡིས་ཆོས་བཤད།
ལག་གིས་རྟ་བསད།
ཁ་ཡིས་སྟག་བསད།
ལག་ནང་ཤིག་མི་ཤི།
ཁ་ཡོད་རུང་བཤད་དབང་མེད།
མིག་ཡོད་རུང་བལྟ་དབང་མེད།
ཁ་ར་ཁོག་པ་དྲང་མོ་བྱེད།
གློ་ར་རྒྱུ་མ་གཙང་མ་བྱེད།
ཁ་ལ་གཅིག་པ།
དོན་ལ་གཉིས་ཀ།
ཁ་ལ་པད་མའི་ལྷ་ཁང་བཞེངས།
སེམས་ལ་སྤུ་གྲི་རིང་བོ་ཉར།
ཁ་ལ་སོ་མེད་ན་ལྕེ་གུ་ཡངས།
ཁ་བཤད་ཆུ་ཡི་ཝུ་བུ།
ལག་ལེན་གསེར་གྱི་ཐིགས་པ།
ཁ་བཤད་དོན་ན་གནས་དགོས།
ཁབ་ཤུལ་སྐུད་པས་བཀང་དགོས།
ཁ་སྲང་ན་གོ་བདེ།
ནམ་གསལ་ན་འགྲོ་བདེ།
ཁའི་དེ་བཞིན་གཤེགས་པས།
ལུས་ཀྱི་སྒྲིབ་པ་མི་དག
ཁྭ་ཏ་སྐད་མེད་རུང་གྲགས་རྒྱུ་རེད།
རི་བོང་ཤེད་མེད་རུང་རྒྱུག་རྒྱུ་རེད།
ཁྭ་ཏ་ཐམས་ཅད་ནག་ནག་ཡིན།
ངན་པ་ཐམས་ཅད་སེམས་ནག་ཡིན།
ཁག་པོའི་ལས་མ་བྱས་ན།
མངར་བའི་ཟས་མི་མྱོང་།
ཁང་བ་གྲུ་བཞི་ཤོ་འདྲ་ནང་།
བསམ་བློ་སྒོར་མོ་རྔ་འདྲ་ཐོངས།
ཁབ་ཀྱི་རྗེས་སུ་སྐུད་པ་འགྲོ་ཆོག
ཁབ་བོར་དོགས་གྲུ་གུར་གཟེར།
གྲུ་གུ་བོར་དོགས་གདང་ལ་གཟེར།
ཁབ་ཤུལ་སྐུད་པས་མ་ཁེངས་ཀྱང་།
ཁབ་མིག་སྟོང་པར་མ་ལུས་པ།
ཁམ་བུ་ཟ་འདོད་མ་རེད།
ཡལ་ག་གཅོད་འདོད་རེད།
ཁལ་བོང་བུས་འཁྱེར་བར།
རྒྱ་ལམ་སྐེད་པ་ན་དོན་མེད།
ཁོག་ན་ནད་མེད་ན།
གདོང་ལ་དྲེག་པ་འཁོར་དོན་མེད།
ཁོག་པ་གཤགས་རུང་དུང་དཀར་ཡིན།
ཁྲག་རྩ་བཅད་ཀྱང་འོ་མ་ཡིན།
ཁོག་ནང་མེ་འབར་ཡང་།
ཁ་ནས་དུ་བ་མ་ཐོན།
ཁོག་མའི་ནང་དུ་མ་ལུས་པ་དང་།
གཟར་བུའི་ལྡེབས་ལ་མ་འགོས་པ།
ཁོང་ཁྲོ་གཡག་ལ་ཟ།
རྡོག་རྒྱག་བྲེས་ལ་གཞུས།
ཁྱི་རྒན་སྒེར་འགྲོ་རྡོ་དང་ཐུག
འཕར་སྤྱང་དཔུང་འགྲོ་ཤ་དང་འཕྲད།
མི་ཕོ་ཁེར་འགྲོ་དགྲ་དང་ཐུག
མང་བོ་དཔུང་བརྫངས་བག་རེ་དྲོ།
ཁྱི་ངན་པས་ལུང་བ་ཀུ་ཅོས་འགེངས།
མི་ངན་པས་སྡེ་བ་ཕུང་བ་སྦྱར།
ཁྱི་ངན་ཉེ་ན་རྨ་དང་ཉེ།
ཁྱི་དང་སེང་གེ་འཛིང་ན།
སེང་གི་རྒྱལ་ཀྱང་ཕམ།
ཁྱི་བདག་པོས་གཅུན།
ལྕགས་སྐམ་པས་གཅུན།
ཁྱི་ནག་གི་དོན་ལ།
རྟ་དཀར་གྱི་མིག་ཕུད།
ཁྱི་མང་ཁ་སྒྲིལ་ན།
འབྲོང་ཁྱིས་བསད།
ཁྱི་མོ་ཚང་རའི་སྒོ་ནས།
སེང་དཀར་མོ་ཡིན་ཡང་དོགས་ཟོན་དགོས།
ཁྱོད་ར་ཡིས་གཅིག་དྲན་ན།
ང་ལུག་རྫི་བསྟན་འཛིན་དགུ་དྲན།
ཁྱི་ལུད་དར་གྱིས་གཏུམས་ན་ཡང་།
སྟུག་པའི་དྲི་ངན་ཕྱི་ལ་བྲོ།
ཁྱིམ་གཅིག་པུར་རྐུ་མ་སྡང་།
ལུག་གཅིག་པུར་སྤྱང་ཀི་སྡང་།
ཁྱིམ་དབང་ཅན་གྱི་བཟའ་ཚང་སྡུག
ཕ་བུན་མང་ཅན་གྱི་བུ་ཚ་སྡུག
ཁྱིམ་ཚང་གཅིག་གི་མི་འདྲ་འདྲ།
ཕ་མ་གཅིག་གི་བུ་སྤུན་འདྲ་འདྲ།
ཁྱུང་མཁའ་ལྡིང་སྙི་ལ་བཟུང་ཐབས་མེད།
སྟག་དམར་ཡག་ཐག་པས་བཏགས་ཐབས་མེད།
ཁྱོད་རྒྱ་མཚོ་སྐམ་ནུས་ན།
ང་ཉ་མོ་ཤི་མི་ནུས་པ་མེད།
ཁྱོད་རྩངས་པ་ཁ་རལ་ཀླུང་ལ་བབས་ནས་ཆུ་མི་བཏུང་།
ང་ཆུ་ནང་ཉ་སྐམ་ལ་ཐོན་ནས་རྩྭ་མི་བཟའ།
ཁྱོད་ཡར་མི་མངག་ལྟག་པའི་གཉའ་ཤིང་།
ཁྱོད་མར་མི་མངག་སྒྱིད་པའི་ཐག་ནག
ཁྲ་དང་ཝ་མོ་ལེ་ལེ་གསུམ།
ཤིང་དང་དུམ་བུ་གཅིག་དེ་ཉལ་ཤིང་བཞག
སེམས་བསམ་པ་མི་གཅིག་ཁ་ཁ་རེད།
ཁྱོད་ཤྭ་བོ་དུང་རྭ་ཅན་ལ་འགྲོ་ལུགས་བཅོ་བརྒྱད་ཡོད་ན།
ང་རྔོན་པ་དུག་མདའ་ཅན་ལ་དགུག་ལུགས་ཉི་ཤུ་ཡོད།
ཁྲི་གདུགས་ཉི་མ་ཀུན་ལ་མཛེས་ཀྱང་།
བྱ་འུག་པའི་མིག་ལ་དེ་མི་མཛེས།
ཁྲོམ་ཚོགས་པའི་ཉི་མར་གཏམ་དགོས།
དགྲར་འཐབ་པའི་ཉི་མར་དཔའ་དགོས།
མཁས་པ་ཡིན་ན་ཕྱི་ལྟས་བྱེད།
དཔའ་བོ་ཡིན་ན་སྔ་ལྟ་བྱེད།
མཁོས་ཀས་ཤིག་མི་ཟིན་རུང་།
བྱང་ཀའི་འབྲོང་གཤོར་བའི་གྲོས་བྱེད།
མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་།
རླུང་ནད་ཅན་གྱིས་གངས་རི་སྔོན་པོར་མཐོང་།
འཁྱག་པ་སྦར་མཐིལ་ཙམ་ལ།
ཉི་མ་སྤུན་བདུན་ཤར།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྡུག་སྒྲིག་མཁན། སྐལ་བཟང་དོན་འགྲུབ།
|