གྲྭ་ས་དང་གྲྭ་རྒྱུན།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »གྲྭ་ས་དང་གྲྭ་རྒྱུན།
གྲྭ་ས་དང་གྲྭ་རྒྱུན།
རྩོམ་སྒྲིག་པ།  གསང་བདག སྤེལ་དུས། 2014/10/24ལྟ་ཀློག (2192)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


 དབུ་མ་བ། 

     ཁ་བྱང་འདི་གསན་ཙམ་ཉིད་ནས་ཡང་ཅི་ཞིག་གླེང་རྩིས་ཡིན་ནམ་སྙམ་པའི་ཐུགས་དོགས་ཤིག་སུར་ཡང་འབྱུང་སྲིད་མོད། འདིར་ངས་གླེང་འདོད་པ་ནི་དགག་སྒྲུབ་དང་ལད་ཟློས་གཙོ་བོར་མ་བཟུང་བར་རང་ཉིད་གྲྭ་སའི་གྲྭ་རྐྱང་ཞིག་གི་གནས་བབས་དངོས་བརྒྱུད་གཞིར་བཟུང་། ཡུལ་དུས་གནས་བབས་ཀྱི་དབང་གིས་བརྗོད་འདོད་པའི་སྐད་ཆ་ཁ་ཤས་ངང་གིས་ཐལ་བ་འདི་ལྟ་སྟེ། 

     ༡༽གྲྭ་ས། དེ་ཡང་གྲྭ་ས་ཞེས་པ་ནི། ཆོས་ཀྱི་དགོན་སྡེ་གང་ཞིག་ལ། དགེ་འདུན་གྱི་བསྟི་གནས་དེ་རུ་བཤད་སྒྲུབ་ལས་གསུམ་སྤྱི་དང་། ལྷག་པར་དུ་ཆོས་བརྒྱུད་དང་གྲུབ་མཐའ་གང་དེའི་བཀའ་བབས་ཀྱི་གཞུང་གང་དེར་འཆད་རྩོད་ཀྱི་སྲོལ་རང་རྐྱ་ཕེར་བ་ཞིག་གི་ཐོག ཕྱོགས་དང་ཕྱོགས་འདུས་ཀྱི་སློབ་སྦྱོང་དོན་གཉེར་བ་དག་འཛུལ་ཞུགས་བྱ་ཆོག་སའི་ཁོར་ཡུག་དེ་འདྲ་ཞིག་ལ་ལྟོས་བཅས་ཀྱི་བམ་བཤད་བྱས་ན་གྲྭ་ས་ཞེས་བྱ་རུང་ལ། དེ་ལྟ་བུའི་དགོན་སྡེ་དེ་ལ་ནི། གསར་ཞུགས་གཉིས་ཀའི་གང་བྱུང་ཕྱིན་གྲྭ་ཚང་རིན་པོ་ཆེ་གང་དེའི་བཅའ་ཡིག་ལས་དམིགས་ཀྱིས་བསལ་བའི་དགེ་འདུན་གྱི་གྲལ་དུ་བསྡུ་བར་དགག་བྱའི་ཉེན་ཆེ་བ་དག་ཕུད། དེ་མིན་ཆོས་བརྒྱུད་དང་གྲུབ་མཐའ། ཡུལ་རིས་དང་བདག་དབང་སོགས་གང་གིས་ཀྱང་དབྱེ་བ་མེད་པའི་སྤྱི་བ་སྤྱི་བདག་གིས་ཆ་རྐྱེན་དེ་འདྲ་ཞིག་ནི་ངེས་པར་དགོས་གལ་ཆེ་ལ། དེ་ཡང་དཔེ་མཚོན་གྱིས་ཞུས་ན། སྔོན་དང་དེང་གང་གི་དུས་སུ་དགེ་ལུགས་པའི་གྲྭ་ས་ཆེ་གྲས་སེ་འབྲས་དགེ་གསུམ་ལྟ་བུར་རྒྱལ་ཁོངས་དང་སྐད་ཡིག་མི་གཅིག་པའི་ཕྱི་རྒྱལ་བ་ཡང་ཞུགས་ཆོག་པའི་སྲོལ་ཡོད་ཅིང་། ས་ཁུལ་དང་ཡུལ་རིས་ཁག་བགོས་ཀྱི་ཁམས་ཚན་དང་མི་ཚན་ཡང་ས་གནས་དེ་གའི་མིང་ཐོག་ནས་གྲྭ་སར་རྒྱུན་གཏན་དུ་ཕྱག་བཏབ་ཡོད་པ། དཔེར་ན་ཏྲེ་ཧོར་དང་འདན་མ་སོགས་ཁམས་ཚན་ཁག་དང་། སོག་པོ་མི་ཚན་ལ་སོགས་པའི་མི་ཚན་ཁག་བརྟན་ཆགས་སུ་དར་བ་དེས་གསལ་བཤད་ཅི་ཞིག་བྱས་སམ་སྙམ་ན། གྲྭ་ས་ནི་ཉེ་འཁོར་གྱི་ཡུལ་རིས་བྱེ་བྲག་པ་ཞིག་གམ། དེ་རུ་གཉུག་མར་གནས་པའི་གཞིས་སྡོད་པ་སྐོར་ཞིག་གིས་དབང་བསྒྱུར་ལམ་ལུགས་མ་ཡིན་པར། 

     དོན་དམ་པར་དེ་རུ་སློབ་གཉེར་གནང་བའི་རང་རང་གི་ཤེས་འཇོན་ནུས་གསུམ་འབའ་ཞིག་གིས་ཐག་གཅོད་པ་ནི། "ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་གསེར་ཁྲིར་བདག་པོ་མེད།" ཅེས་པ་འདིའི་ཐོག་ནས་ཀྱང་གསལ་གསལ་ཐིང་ཐིང་ཡིན་ལ། ཡིན་ན་ཡིན་པ་ནང་བཞིན་དགེ་ལུགས་པར་མཚོན་ན། ད་སྔར་དགའ་ལྡན་ཁྲི་རབས་བརྒྱ་ལྷག་ཅིག་བྱོན་ཟིན་པ་དེ་དག་ཀྱང་སྟོད་མངའ་རིས་ནས་སྨད་རྒྱལ་མོ་ཚ་བ་རོང་གི་བར་ཆོལ་ཁ་རིས་སུ་མ་ཆད་པའི་མངའ་ཁོངས་ནས་ཕེབས་པ་འདིས་འགྲེལ་བཤད་མི་དགོས་པར་གྲྭ་སའི་ཁྱད་ཆོས་ངང་གིས་བསྟན་པར་མ་ཟད། རིས་སུ་མ་ཆད་པའི་ཆོས་བརྒྱུད་གྲུབ་མཐའ་ཁག་ལ་ཡང་དེ་ལྟར་ཡིན་སྲིད་པ་གདོད་མི་ཟ་བ་ཉིད་དོ།། 

    ༢༽ གྲྭ་རྒྱུན། གྲྭ་རྒྱུན་ཞེས་པ་ནི། གོང་སྨྲོས་ཀྱི་མཚན་ཉིད་ཚང་བའི་གྲྭ་ས་དེའི་མཁས་པའི་བྱ་བས་ཡིད་འཕྲོག་ནས་དེ་རུ་ཆོས་ཞུགས་གནང་བའི་ཕྱོགས་ཕེབས་ཀྱི་སློབ་གཉེར་བ་དག་ལ་ཟེར་ཞིང་། ཁ་ཐག་རིང་ཐུང་ལ་མ་ལྟོས་པའི་གཞིས་དགོན་གང་ཞིག་ལས་ཆེད་དུ་ཕེབས་པ་ཞིག་དགོས་པས་ན་དང་པོ་ནས་གྲྭ་ས་དེ་རུ་སྐྲ་བཅད་གོས་གྱོན་གྱི་གྲྭ་རྒྱུན་ཞིག་ནི་ཡོང་མི་སྲིད་པ་ལྟ་བུའི་ཚོད་ཡིན། ཡིན་ཡང་དེ་རུ་ཆོས་ཞུགས་བྱས་གྲུབ་པ་ནས་བཟུང་དགོན་དེའི་སྒྲིག་ལམ་ཆེ་ཕྲ་ཀུན་ལ་བསྲུང་རྩི་ཞུ་ཚུལ་ནས་ལས་འགན་ཕྲ་རགས་ཡོངས་ལ་འགན་ལེན་ཞུ་དགོས་ལུགས་སོགས་ཕྱོགས་ཀུན་ནས་དད་དམ་ངོས་གཙང་གིས་དང་བླངས་ཧུར་ཐག་ཞུ་བ་ལས། གཞིས་དགོན་གྱི་མགོ་རྣ་དང་ཆེ་མཐོང་སོགས་བསྣམས་ནས་ཕྱོགས་འཐེན་དང་མ་རངས་པ་བགྱིད་སྲོལ་མེད་ལ། གྲྭ་སའི་དབང་འཛིན་པའམ་ལས་ཀྱི་སྣེ་མོ་བ་དག་གིས་ཀྱང་ཉེ་རིང་དང་གཞིས་བྱེས་སོགས་རིས་བཅད་ཀྱི་ཐུགས་ཞེན་བཟུང་ནས་ཕྱག་ལས་གནང་སྲོལ་དེ་བས་ཀྱང་ག་ལ་ཡོད་དེ་གཏན་ནས་མེད་དོ།། 

    ༣༽གྲྭ་ས་དང་གྲྭ་རྒྱུན་གྱི་འབྲེལ། དེས་ན། གྲྭ་ས་ནི་གྲྭ་རྒྱུན་གྱི་མི་ཚེའི་གནས་མལ་འཚོ་བའི་ཁྱིམ་གཞིས་ཡིན་ལ། ཤེས་རིག་རྩི་བཅུད་རྔུབ་སའི་ལྡུམ་ར་ཡིན། ད་དུང་། འོད་ཀྱི་སྣང་བ་འཚོལ་སའི་འཇུག་ངོགས་ཡིན་ལ། ལང་ཚོའི་མཆོད་པ་བཤམས་སའི་དག་ཞིང་ཡང་ཡིན། དེ་བཞིན་དུ་གྲྭ་རྒྱུན་ནི་གྲྭ་ས་གང་དེའི་བསྟན་སྲིད་ཁུར་དུ་བབས་པའི་གཞིས་སྐྱོང་ཡིན་ལ། གྲགས་སྙན་དགུང་དུ་སྤུར་བའི་བ་དན་ཡིན། མ་ཚད། ཆོས་མཐུན་མཛའ་བ་དམ་པའི་མིག་རྒྱན་ཡིན་ལ། ཕྱོགས་མེད་འཕྲིན་ལས་བཀྱེ་བའི་ཕོ་ཉའང་ཡིན། དེ་ལྟར་གྲྭ་ས་གྲྭ་རྒྱུན་ནི་བརྟེན་དང་རྟེན་པའི་དཀྱིལ་འཁོར་གཅིག་པ་ལྟར་ནམ་ཡང་དམ་ཚིག་འོ་ཆུ་གཅིག་པས་ལྷན་དུ་བསྲེས་པ་ཞིག་ཡིན་དགོས་ལ། དགོས་པ་བཞིན་བསྟན་པའི་མིག་ལྟོས་གཟེངས་སུ་མཐོ་ཞིང་། དམ་དམ་གཡོལ་མེད་གཙིགས་སུ་གཉེར་བའི་སྔ་དུས་སུ་ནི་མཐོང་ཆོས་མྱོང་བརྒྱུད་ཀྱི་ལོ་རྒྱུས་སོགས་གང་ཐད་ནས་གྲགས་ཤིང་གྲུབ་པ་དེ་ལྟ་ན། འདིར་བསྐྱར་དང་བསྐྱར་དུ་གླེང་བའི་ངལ་བ་དགོས་གལ་ཆེར་མ་མཐོང་ངོ་།།

    ༤༽དེང་གི་གྲྭ་ས་དང་གྲྭ་རྒྱུན། དུས་དང་ཡུལ། གནས་སྐབས་དང་དགོས་པ་སོགས་གང་གི་དབང་དུ་བཏང་ཡང་། གོང་སྨྲོས་གྲྭ་ས་གྲྭ་རྒྱུན་གྱི་མཐུན་འབྲེལ་སྲོལ་བཟང་དེ་ཉིད་སྐྱོང་དང་འཛིན་པའི་ལས་སུ་བབ་པ་ནི་ཆོས་ཉིད་ཀྱི་འགན་འཁྲི་བཤོལ་མེད་ཅིག་ཏུ་འཁུམ་མོད། ཕངས་ཤིང་སྐྱོ་བ་ཞིག་ལ། ཁྲ་ཁྲ་རིག་རིག་གི་དེང་དུས་འདིར། གྲྭ་སར་གྲགས་པ་མང་དག་གིས་ནི་ཕྱོགས་ཕེབས་ཀྱི་སློབ་སྦྱོང་དོན་གཉེར་བ་དག་ནང་མིར་མི་བལྟ་རིས་སུ་བཅད། ཆོས་དང་ཟང་ཟིང་འདོག་པ་དག་ཀྱང་དྲང་པོར་མི་བཀྱེ་ཟུར་དུ་བགོ སུས་ཀྱང་བཟློག་པར་དཀའ་བའི་རྒྱལ་ཁྲིམས་ཀྱི་གནོན་ཤུགས་མ་ཐེག་པ་སོགས་གྲྭ་སའི་ཆགས་འཇིག་དང་འབྲེལ་ན་ནི་ཁག་ཅི། དེ་ལས་གཞན་དུ་ཕེབས་ཡུལ་གང་དེའི་གནས་ནས་བསྐྲད་པ་སོགས་གྲྭ་སར་འཛུལ་བའི་འགལ་རྐྱེན་གང་གིས་ཀྱང་མ་གོས་བཞིན་དུ་འཚོགས་ཆོས་སློབ་གཉེར་གྱི་སྐལ་བ་མཉམ་པོར་སྤྱོད་དུ་མི་འཇུག་པ་དང་། ཐོས་བསམ་སློབ་སྦྱོང་གི་སླད་དུ་ལོ་དང་ཟླ་བ་གྲངས་ལ་བགྲང་ནས་སྒུག་ཀྱང་གནས་ཚང་ཙམ་ཡང་མ་གཡར་བར་གནས་གླ་བཏང་སྟེ་བཞུགས་རྒྱུ་ཁེལ་བ་དང་། གལ་སྲིད་འབད་བརྒྱ་རྩོལ་སྒྲུབ་ཀྱིས་དེའི་སྒྲིག་ཁོངས་སུ་ཚུད་དུ་ཆུགས་ཀྱང་། གུས་ཞུམ་ལྷུར་ལེན་གྱིས་སྲོལ་དང་སྒྲིག་ལམ་ལ་བརྩི་བཀུར་ཞུས་ཀྱང་། རང་གི་ཐོབ་སྐལ་དུ་བདོག་པའི་དད་གཤིན་གྱི་ས་མཐའི་འཚོ་བ་ཙམ་པོ་བ་དེ་ལ་ཡང་ཕན་བཏགས་ཀྱི་ངོ་སོ་དགོས་མདོག་དང་། ཤེས་འཇོན་ལྷག་བསམ་གང་ཐད་ནས་གཉུག་མར་གནས་པའི་གྲྭ་དཀྱུས་དག་ལས་ཕུལ་དུ་བྱུང་ཡང་། ཆེ་ཕྲ་ཁག་གི་དགོན་པའི་ལས་ཀྱི་སྣེ་མོ་བའི་ཐོབ་ཐང་གང་ཡང་མི་སྤྲོད་པ་དང་། ད་དུང་འགའ་ཞིག་ན་ནི་སྔ་ནས་གྲྭ་ས་ཆེ་ཕྲ་ཁག་ཏུ་སྲོལ་དང་བརྡ་རུ་འབྱམས་པའི་གྲྭ་རྒྱུན་ཞེས་པའི་མིང་འདི་ཡང་མི་སྤྱོད་པར"གནས་གཡར་བ"དང"ཁ་ལྟ་བ"སོགས་མཐོང་ཆུང་གིས་འབོད་པ་སོགས། མདོར་ན་སྔར་གྱི་གྲྭ་ས་གྲྭ་ཚང་གི་ཕྱག་སྲོལ་བཟང་བོའི་འཕྲིན་ལས་ཀྱི་རྒྱུན་ཉམས་དམས་ཀྱི་ཕྱོགས་སུ་བཞུད་ཀྱིན་པའི་ཚུལ་འདི་བསྐྱུར་བློས་མ་ཐོངས་པར་བཞེན་བསྐུལ་གྱི་ཟུར་ཙམ་གྲྭ་ས་ཁག་ལ་ཕུལ་བ་དང་ཆབས་ཅིག རང་གིས་ཀྱང་དངོས་བརྒྱུད་བྱས་མྱོང་བའི་ས་མཐའི་གྲྭ་རྒྱུན་ཁག་ལ་འབོད་སྐུལ་ལམ་རྨོངས་འཆར་ཁ་ཤས་ཤིག་ཞུ་འདོད་པ་འདི་སྟེ། ཐག་རིང་ཐུང་དང་ཆོས་བརྒྱུད་གྲུབ་མཐའ་གང་ལས་ཕེབས་ཀྱང་། ཐུན་མོང་གི་རྩ་བའི་དམིགས་པ་ཉག་གཅིག་ནི་སློབ་སྦྱོང་ལ་འབད་པ་ལྷོད་མེད་ཀྱིས་མཐར་ན་ཆེ་ཆུང་ལ་མ་ལྟོས་པར་བསྟན་དང་རིག་གཞུང་ལ་སྲི་ཞུ་རེ་ཨེ་ཐུབ་ཀྱི་ཐུགས་རེ་སྙིང་ལ་བཅངས་ནས་ཕེབས་པ་འབའ་ཞིག་ལགས་ན། 

     གང་དུ་ཤེས་རིག་གི་བདུད་རྩི་རྔུབ་སའི་གྲྭ་ས་དེ་ལ་དད་དམ་ལྷག་བསམ་ངོས་གཙང་གི་དྲིན་གཟོའི་འདུ་ཤེས་མ་བསྙེལ་བར་མཛོད། ཆེད་དུ་ཕེབས་པའི་དམིགས་འདུན་དེ་ཡང་། གླགས་འཚོལ་བ་དང་། སྐབས་ལྟ་བ། འཚང་འབྲུ་བ། བསྙོན་འཛུགས་པ། ངོ་རྒོལ་བ་སོགས་མ་ཡིན་པར་མ་མཐར་ཡང་གྲྭ་ས་གྲྭ་ཚང་དེ་ལ་རང་ཉིད་གང་ནས་ཕེབས་སའི་གཞིས་དགོན་དེ་དང་གཉིས་སུ་མེད་པའི་འདང་ཞོག བསམ་ཚད་ལག་ལེན་དུ་ཐེབས་པ་ཞིག་ནི་ཅིས་ཀྱང་དཀའ་ན་ཡང་། སྒྲུབ་པའི་རྒྱལ་མཚན་འཛུགས་པ་ལ་བརྩོན་པ་ནི་ཆོས་འཚོལ་བར་ཕེབས་པ་སུ་ཡི་ཡང་དམིགས་འདུན་ལགས་པས་བསན་བསམ་གཡེལ་བ་མེད་པར་རང་རྒྱུས་རང་གིས་ལོན་པ་ཞིག་གནང་གལ་ཆེ་ཞེས་སྙིམ་པད་དང་གར་སྦྱར་ཏེ་རིས་སུ་མ་ཆད་པའི་ཆོས་མཆེད་སྤུན་གྲོགས་ཡོངས་ལ་ཞུ་བ་དང་བཅས་སུག་བྲིས་ཀྱི་བགྱི་བ་འདི་བྱས་ལ། འདི་དག་དང་འབྲེལ་བའི་གླེང་འདོད་པ་ཆ་ཤས་རེ་མཆིས་ཀྱང་། དགོས་གལ་བྱུང་ན་སླད་ཀྱི་ལས་སུ་བསྐྱུར་ནས་གནས་སྐབས་དེ་ཙམ་གྱིས་འཐུས་པར་བྱས་སོ།། 

༢༠༡༤/༡༠/༢༣ ཉིན་གཞིས་དགོན་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqiw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: རྨེན་བུ་ནས། སྤེལ་དུས:2014/10/2
མ་གཞི་མི་བདེན་རྒྱུ་མི་འདུག་མོད། ད་དུང་གནད་དོན་གྱི་གནད་དོན་དམར་རྗེན་དུ་བཏོན་པ་ཅུང་དྲགས་པའི་ཚོར་སྣང་ཞིག་བྱུང་སོང་།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41716130
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1