མིང་མཛོད་རིག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 7 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» དཔྱད་རྩོམ། »མིང་མཛོད་རིག་པ།
མིང་མཛོད་རིག་པ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/11/2ལྟ་ཀློག (3529)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


རྩོམ་པ་པོ་བསྟན་གོ།

ས་བཅད་དང་པོ།  མིང་མཛོད་རིག་པ་དང་མིང་མཛོད།
      མིང་མཛོད་རིག་པ་ (词典学)ནི་སྐད་བརྡ་བཀོལ་སྤྱོད་རིག་པའི་(应用语言学)ཡན་ལག་རིག་གཞུང་ཞིག་ཡིན་ལ། དེས་མིང་མཛོད་སྒྲིག་ཚུལ་གྱི་གཞུང་ལུགས་དང་ལག་ལེན། མིང་མཛོད་ཀྱི་རིགས་དབྱེ་ཐབས་སོགས་ལ་ཞིབ་འཇུག་བྱེད་པ་ཡིན། མིང་མཛོད་ནི་ཡི་གེའམ་མིང་ངམ་ཕྲད་དམ་མིང་ཚོམ་སོགས་ཀྱི་རྣམ་པ་ཅན་གྱི་བརྡ་འབྲུ་(词目)སྐོར་སྒྲིག་བྱས་པ་ལ་། བརྡ་འབྲུ་གང་དེ་དག་གོ་བྱེད་ཀྱི་དོན་འབྲུ་(词条)སོགས་ཚུལ་དང་རིིམ་པ་ཡོད་པའི་སྒོ་ནས་བསྒྲིགས་ཡོད་པའི་ཤེས་བྱ་རྒྱུས་ལོན་བྱེད་ཡས་ཀྱི་སྤྱོད་དེབ་ཅིག་ཡིན། དེས་ན་མིང་མཛོད་དང་མིང་མཛོོད་རིག་པ་གཉིས་ཀྱི་འབྲེལ་བ་དེ་ཇི་ལྟ་བུ་ཞིག་ཡིན་ནམ་ཞེ་ན། མིང་མཛོད་ནི་ལག་ཆ་ཞིག་ཡིན་ལ། མིང་མཛོད་རིག་པ་ནི་མིང་མཛོད་དེ་ཇི་ལྟར་བཟོ་བ་དང་ཇི་ལྟར་བཀོལ་བའི་ཐབས་ཤེས་ཤིག་ཡིན། སྤྱི་ཚོགས་ཐོག་ཏུ་རིགས་དང་བྱེད་ནུས་མི་འདྲ་བའི་མིང་མཛོད་སྣ་ཚོགས་པ་ཞིག་ཡོད་ ལ། དེ་དག་གིས་ཕན་ཚུན་བར་ཁ་གསབ་དང་རོགས་རེས་ཀྱིས་ནུས་པ་མཉམ་འདོན་བྱས་ཏེ། སྐད་བརྡ་དང་རིག་གནས་ཀྱི་ཆ་འཕྲིན་ཇི་སྙེད་པ་ཞིག་མཁོ་སྤྲོད་བྱེད་ཐུབ་ཀྱི་ཡོད། མིང་མཛོད་ཀྱི་རིགས་དག་གིས་ནང་ཕན་ཚུན་དུ་འབྲལ་དུ་མེད་པའི་མ་ལག་ཅིག་གྲུབ་ཡོད་ལ། མ་ལག་དེ་ཡང་དུས་དང་བར་སྣང་གི་ཁྱོན་གཉིས་ནས་གྲུབ་ཕྱིར་མིང་མཛོད་མ་ལག་གི་ཁོངས་ནི་ཤིན་ཏུ་ཡངས་པ་ཡིན་ནོ།།


       བོད་ཀྱི་མིང་མཛོད་ལ་སྔ་བ་ནི་བྱེ་བྲག་རྟོགས་བྱེད་(སྤྱི་ལོའི་དུས་རབས་བརྒྱད་པ་ཙམ་ན་)ལྟ་བུ་ཡིན། དེ་ཡང་བོད་ཡིག་གི་མིང་མཛོད་འཕེལ་རིམ་ཁྲོད་མིང་མཛོད་རིགས་ཀྱི་མིང་ལ་དག་ཡིག་ གམ་ཚིག་གཏེར་རམ་ཚིག་མཛོད་ཅེས་པ་སོགས་ཀྱི་བརྡ་ཆད་མང་པོ་བཀོལ་མྱོང་།  དཔེར་ན་ས་པཎ་གྱི་མངོན་བརྗོད་ཀྱི་མིང་ཤས་ཆེ་བའི་མིང་མཛོད་དེར་ཚིག་གཏེར་ཞེས་པའི་མཚན་བྱང་སྦྱར་བས་མིང་དང་ཚིག་ཅེས་པ་དོན་གཅིག་པ་ལྟར་དུ་བྱས་པ་དང་། དག་ཡིག་གསར་བསྒྲིགས་ཞེས་པའི་མིང་མཛོད་དེ་ཡིན་རྒྱུ་ནི་དག་ཡིག་དང་མིང་མཛོད་འདྲེ་མའམ་མིང་མཛོད་ཀྱི་ངོ་བོ་ཤས་ཆེ་བ་ཡིན་ཡང་དག་ཡིག་ཅེས་པའི་མཚན་བྱང་ཅན་དུ་བྱས་པ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ཞེས་པ་ཡིན་རྒྱུ་མིང་གི་སྡེ་ཚན་གཙོ་བསྡུ་བྱས་པའི་མིང་མཛོད་ཡིན་ཀྱང་དེར་ཚིག་མཛོད་ཅེས་པའི་མིང་བརྡ་བཞག་པ་ལྟ་བུ་སོགས་ཡིན།   དེ་ལྟ་ན་ཡང་འདིར་དེང་རབས་མིང་མཛོད་རིག་པའི་གཞུང་ལུགས་དང་བོད་ཡིག་གི་ལམ་ནས་བརྡ་ཆད་ལ་འཁྲུལ་གཞི་མི་འབྱུང་ཞིང་མིང་དོན་འབྱོར་པོ་ཡོང་རྒྱུར་དམིགས་ཏེ་མིང་གི་རང་བཞིན་དུ་ཤས་ཆེ་བའི་ཐ་སྙད་མཛོད་ཀྱི་མིང་ལ་དག་ཡིག་གམ་ཚིག་སྟེར་རམ་ཚིག་མཛོད་ཅེས་སོགས་ཀྱི་བརྡ་ཆད་མ་བཞག་པར་མིང་མཛོད་ཅེས་པ་འཐད་པར་འཇོག་པ་ཡིན།  དེང་རབས་མིང་མཛོད་རིག་པ་དང་སྐད་རིགས་གཞན་པ་དག་གིས་ཀྱང་མཛོད་ཅེས་པའི་གདགས་གཞི་མིང་གི་ཐོག་ཏུ་བཞག་པ་ལས་ཡི་གེའམ་ཚིག་ལྟ་བུའི་ཐོག་ཏུ་མ་བཞག་པས་དང་། གཞན་ཡང་ཐ་སྙད་མཛོད་ནང་གི་ཐ་སྙད་མང་ཆེ་བའི་ཐད་ཀའི་འགྲུབ་རྒྱུ་གཙོ་བོ་མིང་གི་ཚན་པར་ཆགས་བསྡད་ཡོད་པས་ཐ་སྙད་ཀྱི་མཛོད་ཀྱི་རིགས་སྤྱིའི་མིང་ལའང་མིང་མཛོད་ཅེས་བཞག་ན་མི་འགྲིག་པ་ཆེར་མེད་དོ།།  དེ་ལྟ་བུའི་མིང་མཛོད་ཀྱི་ནང་དོན་དངོས་གཞི་འགྲུབ་བྱེད་ཀྱི་བརྡ་འབྲུ་ལ་ཡི་གེ་ དང་མིང་དང་། ཕྲད་དང་། མིང་ཚོམ། ཚིག་དུམ། ཚིག་འབྲུ། ཚིག་ཚོགས། བརྗོད་པ་སོགས་སྡེ་ཚན་སྣ་ཚོགས་ཡོད་ཀྱང་། ནམ་རྒྱུན་དུ་བེད་སྤྱོད་ཐོང་ཤོས་དང་བཀོལ་སྤྱོད་གྲངས་མང་ཤོས་ཀྱི་མིང་མཛོད་ནི་མིང་དང་མིང་ཚོམ་གྱི་བརྡ་འབྲུ་ཅན་གྱི་མིང་མཛོད་རིགས་ཡིན་དུས། མིང་མཛོད་ལ་ཡང་སྒྲ་དོག་འཇུག་གི་མིང་མཛོད་དང་སྒྲ་ཡངས་འཇུག་གི་མིང་མཛོད་ལྟ་བུའི་དབྱེ་བ་འགོད་རུང་བ་ཡིན།  དེ་ཡང་བརྡ་འབྲུའི་ཐད་ནས་མིང་ངམ་མིང་ཚོམ་སོགས་ཐ་སྙད་ཐིང་གྲས་ཀྱི་རིགས་ཅན་ཡིན་པ་གང་ཞིག་ལ། ནང་དོན་གྱི་ཐད་ནས་བརྡ་དག་དང་ཆེད་ཚན་རིག་གནས་ཡིན་པ་དག་ནི་སྒྲ་དོག་འཇུག་གི་མིང་མཛོད་ཀྱི་མཚན་གཞི་ཡིན་པ་ལྟ་བུ་ཡིན། བརྡ་འབྲུའི་རྣམ་པ་ཚིག་དང་། ཚིག་ཚོགས་དང་། བརྗོད་པ་དང་། ས་བཅད་དང་། ལེའུ་སོགས་ཀྱི་ལས་ཅན་དུ་སོང་ཡང་། ནང་དོན་གྱི་ཐད་ནས། མིང་གི་གདགས་གཞིའམ་དོན་གྱི་ངོ་བོ་ཙམ་གྱི་ཚད་དུ་མ་ཡིན་པར།  དོན་གྱི་རྣམ་པའི་གནས་སྐབས་དང་གནས་ལུགས་སྣ་ཚོགས་ཀྱི་བསྟན་བྱ་ཅན་དང་། བརྩམས་ཆོས་ལྟ་བུ་དང་། ཐ་ན་གཞུང་ལུགས་ཤིག་གི་རྣམ་གཞག་ཡིན་པ་སོགས་ཀྱི་བརྗོད་དོན་ཕོན་ཆེ་བའི་རིགས་ ཅན་དུ་ངེས་པའི་ཐ་སྙད་ཀྱི་མཛོད་དེ་རིགས་ནི་སྒྲ་ཡང་འཇུག་གི་མིང་མཛོད་ཀྱི་མཚན་ གཞི་ཡིན་ནོ།།
མཐའ་དཔྱད།
      དབྱིན་སྐད་དུ་Dictionaryཞེས་དང་། རྒྱ་སྐད་དུ་词典བོད་སྐད་ཀྱི་བརྡ་ཆད་དུ་དོན་གྱི་འབྱོར་ལུགས་བྱས་ན་ཐ་སྙད་མཛོད་ཅེས་སུ་འཇོག་འོས་པ་ལྟར་དུ་ཡོད་ཀྱང་། ཐ་སྙད་མཛོད་ཅེས་སམ་ཐ་སྙད་ཀྱི་མཛོད་ཅེས་པ་ནི་རྗོད་བྱེད་འབྲུ་མའི་དོ་གྲངས་ཀྱི་ཐད་ནས་དེ་ཙམ་གྱིས་བརྗོད་བདེ་པོ་མེད་ཁར།  བོད་ཀྱི་བརྡ་སྤྲོད་སྨྲ་བ་ལ་ལ་ཞིག་གིས་མིང་མཛོད་ཅེས་སུ་བརྡ་ཆད་བཞག་པས་ལམ་ཁ་གདམ་ང་ཅན་ཞིག་ལ་ཐུག་ཡོད་དུས།  གལ་ཏེ་ཚིག་མཛོད་ཅེས་པའི་བརྡ་ཆད་དེ་འཐད་པར་བཞག་ན་ཐ་སྙད་མཛོད་མང་ཆེ་བའམ་ཐ་སྙད་མཛོད་རིགས་སྤྱི་ཡི་རྐང་འཛིན་པའི་གྲུབ་རྒྱུ་ནི་མིང་བརྡའི་ནང་དོན་ཅན་ཡིན་པ་དེ་དང་བརྟུན་པ་མེད་ལ། དེ་བཞིན་ཚིག་མཛོད་ཅེས་པའི་མཛོད་ཀྱི་གདགས་གཞི་ཚིག་གི་ཐོག་ཏུ་བཞག་པ་ཡིས་སྤྱིར་གྱི་མིང་དང་ཚིག་གི་ངོ་བོ་ཁྱད་པར་འཇོག་པ་སོགས་ལའང་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་པ་སོགས་རྒྱུ་མཚན་འགའ་ཤས་ལ་བརྟེན་ནས་Dictionaryཞེས་སམ་ 词典ཞེས་པ་བོད་སྐད་དུ་འདིར་མིང་མཛོད་ཅེས་པ་བརྡ་ཆད་འཐད་ལྡན་དུ་བཞག་པ་ཡིན་ཡང་།  ཐ་སྙད་རིགས་གང་རུང་ཀུན་གྱི་མཛོད་ལ་ཚིག་མཛོད་ཅེས་སུ་འབོད་པའི་གོམས་གཤིས་ཤིག་ཆགས་བཞིན་ཡོད་པ་དེ་གལ་ཏེ་ཕྱིིིས་སུའང་དེ་བཞིན་དུ་ཁྱབ་ཆེར་སོང་ན་དེ་ཡང་དེ་བཞིན་དུ་འཁོལ་བ་ལས་དམངས་སྤྱིའི་མ་དག་རྒྱུན་འབྱམས་ལ་བཅོས་རྒྱུ་དཀའ་བ་ཡིན་ནོ།།   མིང་མཛོད་ཀྱི་ལག་ཆ་དར་རྒྱས་སུ་འགྲོ་ཐུབ་མིན་ནི་བོད་སྐད་ཡིག་ལག་ལེན་བྱེད་པའི་བསམ་བློ་དང་ཆུ་ཚད་ལ་རག་ལས་ཡོད།  བོད་སྐད་ཡིག་དར་རྒྱས་ཡག་པོ་འགྲོ་དགོས་ན།  མིང་དང་ཐ་སྙད་ཕུན་སུམ་ཚོགས་སུ་གཏོང་ལོས་དགོས་ལ།  མིང་དང་ཐ་སྙད་དར་འཕེལ་འགྲོ་བའི་འཚོ་བཅུད་ནི་མིང་མཛོད་སྣ་ཚོགས་པའི་གཤིན་ས་ལ་ཟུག་ཡོད་པ་ཞིག་རེད།  མིང་མཛོད་ཀྱི་ཕན་ནུས་དེ་དོན་དངོས་ཀྱི་ཕན་ནུས་སུ་འགྱུར་དགོས་ན་མིང་མཛོད་ཀྱི་སྒྲིག་སྟངས་དང་ནང་དོན་གྱི་སྤུས་ཚད་ལ་རག་ལས་ཡོད་པ་ཡིན་ན།  མིང་མཛོད་རིག་པ་སྦྱོང་བ་ནན་ཟབ་བྱེད་རྒྱུ་ནི་མིང་མཛོད་བསྐྲུན་པའི་སྔ་ལོགས་སུ་གཡོལ་ཐབས་མེད་པའི་བརྒྱུད་རིམ་ཞིག་ཡིན།  དེས་ན། དེང་རབས་བོད་སྐད་ཡིག་གི་སྤྱིའི་རྒྱབ་ལྗོངས་དང་བོད་ཡིག་མིང་མཛོད་ཀྱི་གནས་བབ་ལ་བལྟས་ན། བོད་སྐད་ཡིག་གི་ལས་དོན་པ་རྣམས་ཀྱིས་མིང་མཛོད་རིགས་པའི་སྦྱོང་བརྡར་དེ་གལ་ཆེན་པོར་མཐོང་དགོས་ཀྱི་ཡོད་པ་མ་ཟད། མིང་མཛོད་སྒྲིག་བཟོའི་ལས་ཀའི་བེད་ནུས་འདོན་ཐབས་སོགས་མིང་མཛོད་ལ་འབྲེལ་བའི་ལས་འགན་དུ་མ་ཞིག་གཞི་ནས་དང་ལེན་བྱེད་དགོས་ཀྱི་ཡོད་དོ།།
ས་བཅད་གཉིས་པ། མིང་མཛོད་ཀྱི་ཁོག་འབུབ།
      མིང་མཛོད་ཀྱི་ཁོག་འབུབ་ཅེས་པ་ནི་མིང་མཛོད་ཀྱི་ཁོ་ལག་སྒྲིག་ཚུལ་དེ་ཡིན་ལ། དེ་ངོས་གཟུང་བ་ལ་མིང་མཛོད་ཀྱི་ཁོག་གཞིའི་གྲུབ་ཆ་ངོས་འཛིན་རྒྱུ་རང་ཡིན་ན་ དེར་ཡང་གྲུབ་ཆ་ཡན་ལག་གཤམ་གསལ་ཁག་ཡོད།
གཅིག ཁ་བྱང་།
     དེ་ནི་མིང་མཛོད་ཀྱི་མིང་སྟེ།  མིང་མཛོད་གང་དེའི་ནང་དོན་ནམ་ངོ་བོ་ཐད་ཀར་མཚོན་བྱེད་སྒོ་བྱང་ལྟ་བུ་ཡིན་པས། ཁ་བྱང་དེ་ནི་མིང་མཛོད་ཀྱི་ངོ་བོ་ལ་གནད་འཁེལ་རྒྱུ་གལ་ཆེའོ། མིང་མཛོད་འགའ་དག་ལ་མིང་མཛོད་ཀྱི་མིང་དང་་ངོ་བོ་གཉིས་ཕན་ཚུན་ངོ་མི་འཕྲོད་པའི་གནད་དོན་ཐོན་གྱི་ཡོད་པ་དེས་མིང་མཛོད་བེད་སྤྱོད་མཁན་ལ་ཐོག་མ་ཉིད་ནས་བག་ཆགས་ཡག་པོ་མ་ཞོག་པས་མིང་དོན་ལ་མི་འབྱོར་བ་ཡིས་མིང་མཛོད་ཀྱི་དགེ་མཚན་ལ་གནོད་པ་ཡིན། དེས་ན་ར་མགོ་ལུག་སྦྱར་བྱེད་སྟངས་ཀྱི་བློ་རྩིང་པོ་དང་། ར་གན་གསེར་བརྫུས་བྱེད་པའི་ཀུན་སློང་མ་དག་པ་སོགས་ཀྱིས་མིང་འདོགས་པའི་སྐྱོན་སྤོང་དགོས་སོ།།
གཉིས། རྩོམ་སྒྲིག་པ།
     དེ་ནི་མིང་མཛོད་ཀྱི་མིང་བྱང་གི་འོག་ཏུ་བཀོད་ཡོད་པའི་མིང་མཛོད་དེ་རྩོམ་སྒྲིག་བྱེད་མཁན་གྱི་མི་དང་ཚོགས་ཆུང་གི་མིང་ཡིན། རྩོམ་སྒྲིག་པའི་མིང་ལ་བལྟས་ན་མིང་མཛོད་དེའི་སྤུས་ཀ་ཧ་ལམ་ཤེས་ཐུབ་པ་ལྟ་བུ་ཡིན། རྩོམ་སྒྲིག་པ་ཚོགས་ཆུང་གིས་གྲུབ་པ་ཅན་གྱི་མིང་མཛོད་དེ་སྤྱིར་བཏང་སྤུས་ཚད་མཐོ་ངེས་ཡིན། ཆེད་བཙུགས་ཚོགས་ཆུང་ལ་ཆེད་ལས་མི་སྣ་གང་མང་འདུས་ཡོད་ལ།  ཆེད་བཙུགས་ཚོགས་ཆུང་གིས་ཁུར་དུ་བླངས་པའི་མིང་མཛོད་ནི་མིང་མཛོད་ཆེ་འབྲིང་གི་ རིགས་ཡིན་པས་དུས་ཚོད་ཀྱང་ཡུན་རིང་བེད་སྤྱོད་བཏང་ཡོད་ངེས་ཡིན་པས་སྤུས་ཚད་ཡག་པོ་འབྱུང་ངེས་པ་ལྟ་བུའོ།།
གསུམ། པར་གཞི།
     དེ་ནི་མིང་མཛོད་པར་ལ་བཏབ་པའི་རབས་ཐེངས་ཀྱི་པར་གྱི་གཞི་འཛིན་སའི་མིང་སྟེ། དེ་ཡང་མིང་མཛོད་ཀྱི་ཁ་བྱང་གི་འོག་གམ་དཔེ་བསྐྲུན་ཁང་གི་མིང་བཀོད་ཀྱི་འོག་ཞོལ་སོགས་སུ་འགོད་པ་ཡིན་ནོ།། པར་གཞི་གསར་འགོད་བྱེད་རྒྱུ་གལ་ཆེ་སྟེ། པར་གཞི་ཕྱི་མ་ཞིག་ཡིན་ཕྱིན་ཕལ་ཆེར་པར་གཞི་སྔ་མའི་ཐོག་ལ་ཞུ་དག་ཁ་གསབ་གང་འཐུས་ཐེབས་ཡོད་ངེས་པས་པར་གཞི་གང་གསར་གསར་གྱིས་བཟང་ངོ་།།
བཞི། གླེང་གཞི་དང་མཇུག་བྱང་།
      གླེང་གཞི་ནི་མིང་མཛོད་སྒྲིག་སྟངས་ངོ་སྤྲོད་ཀྱི་སྔ་སོར་བཀོད་པའི་མིང་མཛོད་རྩོམ་སྒྲིག་བྱས་པའི་དམིགས་ཡུལ་ལམ་པར་གཞི་ངོ་སྤྲོད་སོགས་ལ་འབྲེལ་བའི་གསལ་བཤད་ཅིག་ཡིན། དེ་འབྲི་བ་པོ་ནི་མིང་མཛོད་སྒྲིག་པ་པོ་ཡིན་སྲིད་ལ་མི་གཞན་ཡིན་ཀྱང་སྲིད། གླེང་གཞི་འབྲི་མཁན་མི་གཞན་ཡིན་ཚེ་གླེང་གཞིའི་ནང་དོན་ལ་མིང་མཛོད་དེར་གདེང་འཇོག་བྱས་པའི་གཏམ་ཡང་ཡོད་ངེས་སོ།། མཇུག་བྱང་ནི་མིང་མཛོད་ཀྱི་མཇུག་ཏུ་བཀོད་པའི་དོན་ཚན་ཞིག་སྟེ། དེ་ཡང་མིང་མཛོད་དེ་ལེགས་འགྲུབ་བྱུང་རབས་ཀྱི་སྐོར་ཡིན་པས་དེར་རྩོམ་སྒྲིག་བྱེད་མཁན་དང་རམ་འདེགས་དང་དུས་ཚོད་ཕྱིན་ཚུལ། འབྲེལ་ཡོད་གཞུང་སྒེར་ལ་བཀའ་དྲིན་ཞུ་བ་སོགས་ཀྱི་དོན་འདུའོ།།
ལྔ། སྒྲིག་སྟངས།
    དེ་ནི་མིང་མཛོད་ཀྱི་ནང་དོན་དངོས་གཞི་དེ་ཇི་ལྟར་རྩོམ་སྒྲིག་བྱས་ཡོད་ཚུལ་གྱི་གསལ་བཤད་ཅིག་སྟེ། མིང་མཛོད་ནང་དུ་གླེང་གཞིའི་ཕྱི་སོའམ་ནང་དོན་དངོས་གཞིའི་སྔ་སོར་བཀོད་པའི་ཚན་པ་ཞིག་ཡིན། དེར་མིང་མཛོད་ནང་གི་ཐ་སྙད་འཚོལ་བསྡུ་བྱས་ཚུལ་དང་དེའི་གོ་རིམ་དང་།  ཐ་སྙད་ཀྱི་དགྲོལ་བའི་རྣམ་གྲངས། ཐ་སྙད་དམ་བརྡ་འབྲི་ལ་འགྲེལ་བ་བསྐྱོན་ཚུལ། འབྲེལ་ཡོད་བརྡ་རྟགས་ཀྱི་མཚོན་དོན། མིང་མཛོད་ལ་བལྟ་འཚོལ་བྱེད་སྟངས་སོགས་ཀྱི་གསལ་བཤད་ཅིག་གོ།
དྲུག།ནང་དོན་དངོས་གཞི།
   དེ་ནི་མིང་མཛོད་ཀྱི་གྲུབ་ཆ་གཙོ་བོ་སྟེ། མིང་མཛོད་ནང་དུ་བསྡུ་སྒྲིག་བྱས་པའི་ཐ་སྙད་ཀྱི་སྐོར་མཛོད་ཁོག་སྟེ། མིང་མཛོད་ཀྱི་ངོ་བོ་མ་འདྲ་བ་ལ་བརྟེན་ནས་ཐ་སྙད་མཛོད་ཁོག་གི་གྲུབ་ཚུལ་ཡང་མི་འདྲ་སྟེ། དཔེར་ན་བརྡ་ཆད་མིང་མཛོད་དང་སྐད་ཤན་སྦྱར་གྱི་མིང་མཛོད་འགའ་དག་ལ་ཐ་སྙད་སྐོར་སྒྲིག་བྱས་པ་གཅིག་གོ་མ་གཏོགས་མེད་ལ།  རྒྱས་འགྲེལ་ཅན་གྱི་མིང་མཛོད་ལ་ཐ་སྙད་དང་དེའི་འགྲེལ་བ་སྟེ་བརྡ་འབྲི་དོན་ འབྲུ་གཉིས་ཀ་ཡོད་པའོ།།
བདུན། ཆད་གསབ།
     ཆད་གསབ་ནི་ནང་དོན་དངོས་གཞིའི་པར་གཞི་པར་བཏབ་ཚར་ཕྱིན་ནང་དོན་དངོས་གཞིའི་སྐོར་ལ་བཅོས་སྣོན་གྱི་ཆ་གང་འཚམས་བྱུང་པ་ཟུར་དུ་བསྒྲིགས་ནས་ནང་དོན་དངོས་གཞིའི་ཕྱི་སོར་བཀོད་པའི་དོན་ཚན་ཞིག་གོ།
བརྒྱད། ཡི་གེའི་བྱ་ར།
     ཡི་གེའི་བྱ་ར་ནི་ནང་དོན་དངོས་གཞིའི་སྔ་སོར་ཡོད་པའི་ནང་དོན་དངོས་གཞིའི་ནང་གི་དགྲོལ་བྱའམ་བརྡ་འབྲུའི་ཐ་སྙད་གང་དག་ཤོག་ ངོས་གང་དུ་ཡོད་པ་འཚོལ་བྱེད་ཀྱི་ལྡེ་མིག་ལྟ་བུ་སྟེ། དེ་ཡང་ཡིག་རིགས་མ་འདྲ་བ་ལ་བརྟེན་ནས་བྱ་རའི་གྲུབ་སྟངས་མི་འདྲ་སྟེ། སྒྲ་སྦྱོར་ཡི་གེ་ལྟ་བུ་ཡིན་ན་སྒྲ་ཚིགས་ཀྱི་བྱ་ར་ལྟ་བུ་ཡིན་ལ། དོན་མཚོན་ཡི་གེ་ལྟ་བུ་ཡིན་ན་སྒྲ་ཚིགས་ཀྱི་བྱ་ར་མ་ཟད་ཡིག་གཟུགས་ཀྱི་སྨྱུག་འཐེན་(笔画)གྱིས་བྱེ་བའི་བྱ་ར་ཡང་ཡོད། དེ་ཡང་སྒྲ་ཚིགས་སམ་སྨྱུག་འཐེན་གཡོན་ཕྱོགས་སུ་བསྟར་ལ། དེར་འབྲེལ་བའི་ཐ་སྙད་ཡོད་སའི་ཤོག་ངོས་ཀྱི་ཨང་གྲངས་གཡས་ཕྱོགས་སུ་བསྟར་བ་ལྟ་བུའོ།།  སྲོལ་རྒྱུན་གྱི་དག་ཡིག་དང་མིང་མཛོད་སོགས་ལ་ཡི་གེའི་བྱ་ར་མེད་ཀྱང་དེང་རབས་ཀྱི་མིང་མཛོད་ཚད་ལོངས་མ་ལོངས་ཞིག་ཡིན་ཕྱིན་ཡི་གེའི་བྱ་ར་ངེས་པར་དུ་ཡོད་དགོས་སོ།།
དགུ། ཟུར་བཀོད།
     མིང་མཛོད་ཀྱི་ནང་དོན་དངོས་གཞི་ལ་འབྲེལ་བ་ཡོད་པའི་དཔེ་རིས་དང་རེའུ་མིག་སོགས་མིང་མཛོད་ཀྱི་ནང་དོན་དངོས་གཞིའི་ཕྱི་སོར་ བཀོད་པའི་དོན་ཚན་ཞིག་གོ།
མཐའ་དཔྱད།
      ས་བཅད་འདིའི་ནང་དུ་སོང་བའི་མིང་མཛོད་ཀྱི་ཁོག་འབུབ་ལ་ཡན་ལག་དགུ་བོ་ཚང་དགོས་ཚུལ་ནི་དེང་རབས་སྒྲ་དོག་འཇུག་གི་མིང་མཛོད་དེ་གཙོ་བོ་བརྡ་དག་མིང་མཛོད་དང་།  རིག་གནས་མིང་མཛོད་ལྟ་བུ་དག་ལ་ཡན་ལག་དེ་དག་ཚང་དགོས་པའི་ངེས་སྲོལ་ཡིན་ཡང་། ལག་ལེན་དངོས་ཀྱི་ནང་དུ་ཡན་ལག་དེ་དག་ཇི་བཞིན་དུ་ཡོང་བའི་ངེས་པ་མེད་དེ། དཔེར་ན་<< དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་ཚིག་མཛོད་གསལ་བ་བཞུགས་ སོ>> ཞེས་པའི་མིང་མཛོད་དང་། བསམ་གཏན་གྱིས་གཙོ་སྒྲིག་བྱས་པའི་<< དག་ཡིག་གསར་བསྒྲིགས་>> དང་རྔ་བ་ཁུལ་བོད་ཡིག་རྩོམ་བསྒྱུར་ཅུས་ཀྱིས་བསྒྲིགས་པའི་<<སམ་བོད་སྐད་ གཉིས་ཤན་སྦྱར་>>ལྟ་བུ་ལ་ཆད་གསབ་ཀྱི་ཡན་ལག་མེད་ཀྱང་། དེ་དག་ཏུ་ཡང་ན་རྩོམ་པ་པོའི་ལོ་རྒྱུས་དང་།  ཡང་ན་རྩོམ་པ་པོའི་ངལ་བསོས་པའི་ཚིགས་བཅད། ཡང་ན་མཆོད་བརྗོད་ལྟ་བུ་སོགས་ཀྱི་ཡན་ལག་ལྷག་མའང་ཡོད་དོ།། དེང་སང་མིང་མཛོད་ཚད་ལྡན་མའི་རིགས་དག་ལ་ཡན་ལག་དགུ་བོ་ལས་ལྷག་པའི་ཡན་ལག་ཡོད་པ་དཔེར་ན། སྤྱིའི་དཀར་ཆག་ཅེས་པའི་ཡན་ལག་ལྟ་བུ་སོགས་ཡོད་ལ།  གཞན་ཡང་ཡིག་རིགས་དང་མིང་མཛོད་ཀྱི་ནང་དོན་མ་འདྲ་བ་ལ་བརྟེན་ནས་ཡི་གེའི་བྱ་ར་དང་ཟུར་བཀོད་ཀྱི་ཡན་ལག་ལ་ཡང་ཆ་ཤས་བསགས་པ་མང་ཉུང་ཅི་རིགས་པ་ཡོང་རྒྱུ་ཡོད་པ་ སོགས་ནི་མིང་མཛོད་སོ་སོའི་དགོས་པ་ལ་བརྟུན་རྒྱུ་ཡོད་པ་ཡིན་ནོ།།         ཁོག་འབུབ་ཡན་ལག་དགུ་བོ་ལས་ཁ་བྱང་མིང་མཛོད་གང་གི་རིགས་ཡིན་ཀྱང་མེད་ཐབས་མེད་ལ། སྒྲ་དོག་འཇུག་གི་མིང་མཛོད་ཀྱི་རིགས་ཡིན་ན་ཁ་བྱང་གི་ནང་དུ་མིང་མཛོད་ཅེས་པའི་སྨོས་མིང་འདྲེས་ཡོད་ལ། སྒྲ་ཡང་འཇུག་གི་མིང་མཛོད་ཀྱི་རིགས་ཡིིན་ན་ཁ་བྱང་ནང་དུ་མིང་མཛོད་ཅེས་པའི་སྨོས་མིང་འདྲེ་ཡོད་པའི་ངེས་པ་མེད་དེ།  དེར་མིང་སྣ་ཚོགས་ཡོང་བ་ཡོད་པ་ལ་དཔེར་ན་རྒྱ་ནག་ཡི་གེའི་མིང་མཛོད་ལས་དཔེ་ མཚོན་འགའ་བཀོད་ན་<><><><><<><><><><>ཞེས་སོགས་ཀྱི་མིང་བྱང་ཅན་བྱུང་བ་ནང་བཞིན་བོད་ཡིག་གི་སྒྲ་ཡང་འཇུག་གི་མིང་མཛོད་ཀྱི་རིགས་དག་ལ་ཡང་ཁ་བྱང་སྣ་ཚོགས་པ་ཡོང་བ་ཡོད་དོ།།  པར་གཞི་ནི་མིང་མཛོད་གསར་བ་ལ་མཚོན་ན་དཔེ་བསྐྲུན་བྱས་པའི་དུས་ཚོད་སོགས་དང་མཉམ་སྡེབ་ཏུ་འགོད་པ་ཡིན་ལ། མིང་མཛོད་བསྐྱར་པར་བྱས་པ་དང་དག་བཅོས་བྱས་པའི་མིང་མཛོད་ཡིན་ན་མིང་མཛོད་ཀྱི་ཁ་བྱང་གི་འོག་ཏུ་པར་གཞི་འགོད་པ་སོགས་ཡོད། ཆད་གསབ་ཕལ་ཆེར་བཅོས་བརྒྱབ་པ་བསྐྱར་དཔར་མའི་ནང་དུ་ཡོང་བ་སོགས་ཞིབ་ཆའི་ཁྱད་པར་རྟོགས་དགོས་པ་མང་ངོ་།།
ས་བཅད་གསུམ་པ།   མིང་མཛོད་ཀྱི་རིགས་དབྱེ།
      མིང་མཛོད་ནང་དོན་གྱི་རིག་ཚན་དགར་ཕྱོགས་ནས་དབྱེ་ན་བརྡ་དག་ཚིག་མཛོད་ (语言词典)དང་རིག་གནས་མིང་མཛོད་(知识词典)གཉིས་ཡོད་ལ།དེ་དག་ཕན་ཚུན་འགལ་བ་ཡིན་ལ་ གཅིག་ལ་གཅིག་བརྟེན་ཡང་ཡིན།  རིག་གནས་མིང་མཛོད་ལ་ཆེད་ཚན་མིང་མཛོད་ཅེས་ཀྱང་འཐུས་ཏེ། ཆེད་ཚན་ཤེས་བྱའི་མིང་མཛོད་དུ་མིང་བརྡ་གང་དེའི་མཚོན་བྱ་དངོས་པོའི་དོན་ལ་ འགྲེལ་བ་སྐྱོན་པ་ཡིན་ལ།  བརྡ་དག་མིང་མཛོད་དུ་མིང་བརྡ་གང་དེ་རང་ཉིད་མཚོན་བྱ་དངོས་པོ་གང་ལ་འཇུག་ཚུལ་ དང་མིང་བརྡ་དེའི་མིང་ཚིག་ཡི་གེའི་ཕྱོགས་ཀྱི་སྦྱོར་འཇུག་ལ་འགྲེལ་བཤད་བྱེད་པ་ ཡིན་པས།  མིང་མཛོད་དེ་གཉིས་ཀྱི་བྱེད་ནུས་སམ་ངོ་བོ་ལ་ཁྱད་པར་ཆེན་པོ་ཡོད་པ་རྟོགས་སླ། དཔེར་ན་རྣ་ཞེས་པའི་མིང་བརྡ་ལ་བརྡ་དག་མིང་མཛོད་ <<དག་ཡིག་གསར་བསྒྲིགས་>> སུ་འགྲེལ་སྟངས་ནི། ༡.ཉན་བྱེད་ཀྱི་དབང་བོའི་མིང་། ༢.རི་དྭགས་གནའ་ཡི་འབྲི་ཚུལ་གཞན་ཞེས་དང་། རིག་གནས་མིང་མཛོད་དམ་ཆེད་གཉེར་མིང་མཛོད་<<གསོ་རིག་སྙིང་བསྡུས་སྐྱ་ རེངས་གསར་པ>>་རུ་འདི་ལྟར་བཀྲལ་ཡོད་དེ། རྣ་བ་ནི་ཕྱི་རྣ་དང་། བར་རྣ། ནང་རྣ་བཅས་ཁག་གསུམ་ལས་གྲུབ་པ་རེད།  ཕྱི་རྣ་གཤོག་དང་རྣ་བའི་བུ་ག་ཡོད་ལ། བར་རྣ་ལ་ཡང་རྔ་པགས་དང་།  རྔ་ཁང་། རྣ་གྲེའི་སྦུ་གུ་སོགས་ཡོད་པ་དང་། ནང་རྣའི་ཆ་ཤས་རྣམས་ནི་སྒྲ་ལེན་དང་ཚོར་ཤེས་སྙོམས་སྒྲིག་བྱེད་རྒྱུར་འབྲེལ་བ་ ཡོད་ཅེས་འགྲེལ་ཡོད་པ་་ལྟར། མིང་མཛོད་རིགས་གཉིས་པོའི་བྱེད་ལས་དང་ཐག་གཅོད་བྱ་མི་འདྲ་ཤེས་པར་བྱའོ།།
གཅིག རིག་གནས་མིང་མཛོད།
       རིག་གནས་མིང་མཛོད་ལ་རིག་གནས་སྣ་འཛོམས་ཀྱི་གཞུང་བརྒྱའི་མིང་མཛོད་(百科词典)ཆེ་གྲས་རིག་གནས་གཞུང་ཚན་གཅིག་རྐྱང་བསྡུས་པའི་ཆེད་ཚན་མིང་མཛོད་(专科词典) དང་། བརྡ་ཆད་མིང་མཛོད་(术语词典) ཆེད་མིང་མིང་མཛོད་(专名词典)སོགས་ཀྱི་རིགས་དང་རྣམ་པ་ཧ་ཅང་མང་ལ། དེ་དག་མདོར་བསྡུས་ན་གཞུང་བརྒྱའི་མིང་མཛོད་དང་ཆེད་ཚན་མིང་མཛོད་གཉིས་ལའང་བསྡུ་ཆོག་སྟེ།  བརྡ་ཆད་ནི་རིག་ཚན་གྱི་རང་བཞིན་ཅན་ཡིན་པས་ཆེད་ཚན་གྱི་མིང་བརྡའི་ཕྱོགས་སུ་གཏོགས་པ་དང་། ས་མིང་དང་མིའི་མིང་དང་རྒྱལ་ཁབ་ཀྱི་མིང་ལྟ་བུའི་ཆེད་མིང་ཡང་གཏོགས་ཕྱོགས་ཡོད་པ་ཅན་ཡིན་པས་བརྡ་ཆད་ཀྱི་ཁོངས་སུ་འགྲོ་བ་ལྟ་བུ་སོགས་སོ།།
(གཅིག) གཞུང་བརྒྱའི་མིང་མཛོད།
      དེ་ཡང་གཞུང་བརྒྱའི་མིང་མཛོད་ཅེས་པའི་གཞུང་བརྒྱའི་བརྒྱ་ནི་མང་བའི་དོན་ཡིན་ཕྱིར་རིག་གཞུང་སྣ་ཚོགས་འདུས་པའི་མིང་མཛོད་ཡིན་པ་གོ་སླ་ལ། དེ་ནི་མིའི་རིགས་ཡོངས་ཀྱི་ཤེས་རིག་གི་གྲུབ་ཆར་སོང་བའི་དོན་དག་གཙོ་གྲས་ཡིན་ནོ་ཅོག་ངོ་སྤྲོད་བྱས་པའི་བརྩམས་ཆོས་སོ།།  དེ་ཡང་མིང་མཛོད་དེ་སྤྱིར་བཏང་གི་མིང་མཛོད་དང་བསྡུར་ན་རིག་ཚན་བསྡུ་ཚུལ་གྱི་ཁྱད་པར་ཡོད་པའི་མི་ཚད། མིང་བརྡ་གང་དེའི་དོན་ལ་འགྲེལ་བཤད་རྒྱག་སྟངས་སམ་མིང་དོན་ངོ་སྤྲོད་བྱེད་སྟངས་ལ་ཡང་ཁྱད་པར་ཧ་ཅང་ཆེ།  གཞུང་བརྒྱའི་མིང་མཛོད་ནང་གི་མིང་བརྡ་དག་གི་དོན་འགྲེལ་ནི་ཕལ་ཆེར་བརྡ་འབྲུ་གང་དེའི་ཤེས་བའི་སྤྱི་བཤད་ལྟ་བུའི་ཚད་ལོངས་མ་རེ་རེ་ཡིན། དེང་རབས་རང་བཞིན་ཡོད་པའི་གཞུང་བརྒྱའི་མིང་མཛོད་ཆེན་མོ་ཞིག་ཡིན་ཚེ། དེའི་ནང་དོན་ལ་འདས་པའི་ལོ་རྒྱུས་ཁྲོད་ཀྱི་རིག་གནས་ཀུན་ཕྱོགས་བསྡུས་བྱས་ཡོད་པ་མ་ཟད། དེང་རབས་ཀྱི་རིག་གནས་གྲུབ་འབྲས་ཚང་མ་ཡང་ཕྱོགས་སྡོམ་བྱས་ཡོད། དེའི་ཕྱིར་གཞུང་བརྒྱའི་མིང་མཛོད་དམ་གཞུང་བརྒྱའི་མིང་མཛོད་ཆེན་མོ་ཞིག་འགྲུབ་རྒྱུ་ནི་ཧ་ཅང་དཀའ་བའི་བཟོ་སྐྲུན་ཞིག་ཡིན།
(གཉིས)   ཆེད་ཚན་མིང་མཛོད།
      ཆེད་ཚན་མིང་མཛོད་ནི་རིག་ཚན་རིགས་སུ་དགར་བའི་ཆེད་གཉེར་ཤེས་བྱ་ངོ་སྤྲོད་བྱེད་པའི་མིང་མཛོད་ཡིན་ལ།  དེར་ཡང་རྒྱས་བསྡུས་ཅི་རིགས་ཡོང་སྲིད་པ་ལས་རྒྱས་མ་ལྟ་བུ་ཡིན་ན། དེའི་མིང་ལ་ཡང་རིག་ཚན་གྱི་མིང་གི་མཇུག་ཏུ་གཞུང་བརྒྱའི་མིང་(百科全书 )ཅེས་པ་བསྣན་ཡོད། དཔེར་ན་མཚན་ཉིད་རིག་པའི་གཞུང་བརྒྱའི་མིང་མཛོད་ཅེས་པ་ལྟ་བུའོ།།  ཆེད་ཚན་མིང་མཛོད་རྒྱས་མའི་ནང་གི་མིང་བརྡའི་འགྲེལ་བཤད་ནི་སྤྱིར་བཏང་གི་གཞུང་བརྒྱའི་མིང་མཛོད་ནང་གི་འགྲེལ་བཤད་ལས་ཀྱང་ཞིབ་པ་ཡོད། དཔེར་ན་མཚན་ཉིད་རིག་པའི་གཞུང་བརྒྱའི་ནང་གི་འགྲེལ་བཤད་དག་གཞུང་བརྒྱའི་མིང་མཛོད་ནང་གི་འགྲེལ་བཤད་ལས་ཞིབ་རྒྱས་ཡིན་པ་ལྟ་བུའོ།།
       གཞུང་བརྒྱའི་མིང་མཛོད་ལ་རྒྱས་མ་དང་བསྡུས་མ་ལྟ་བུ་ཡོད་ལ། དཔེར་ན་དབྱིན་ཇི་དང་རྒྱ་ཡིག་སོགས་ཀྱིས་བསྒྲིགས་པའི་གཞུང་བརྒྱའི་མིང་མཛོད་(中 国百科全书)གླེགས་བམ་མང་པོ་ཅན་ལྟ་བུ་ནི་གཞུང་བརྒྱའི་མིང་མཛོད་རྒྱས་མ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་དག་དེང་སང་བོད་རིག་པ་ཞེས་པའི་ངོས་རིམ་དུ་བཞག་ན་དུང་དཀར་ཚིག་མཛོད་ལྟ་བུ་ནི་གཞུང་བརྒྱའི་མིང་མཛོད་ཧ་ཅང་བསྡུས་མའི་ཕྱོགས་ གཏོགས་ཙམ་ཡིན། དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་སོགས་སུ་གནའ་དེང་གི་རིག་ཚན་སྣ་ཚོགས་ཀྱི་བརྡ་ཆད་ལ་རིག་ཚན་སོ་སོའི་ཆེད་གཉེར་གྱི་གོ་དོན་འགྲེེལ་བ་ཐེབས་པ་ལྟ་བུ་མིན་ཡང་།  བོད་ཀྱི་སྲོལ་རྒྱུན་རིག་གནས་བཅུ་དང་། ལོ་རྒྱུས། དམངས་སྲོལ། སྤྱི་ཚོགས་འཚོ་བ་སོགས་པའི་རིག་ཚན་དུ་མ་ལ་གཏོགས་པའི་བརྡ་ཆད་གང་མང་ཞིག་བསྡུས་པ་ལ་བསྡུ་བྱའི་དོན་གྱི་ཕྱོགས་ནས་གཞུང་བརྒྱའི་ཕྱོགས་འགྲོ་ཙམ་ཡིན་ཡང་། འགྲེལ་ཚུལ་དང་རིག་ཚན་འཇོག་སྟངས་གཞན་གྱི་ལུགས་སུ་བྱས་ན་མིང་མཛོད་དེ་དག་གཞུང་བརྒྱའི་མིང་མཛོད་ཀྱི་མཚན་གཞི་འཐད་ལྡན་མིན་ལ། ཆེད་ཚན་མིང་མོད་རྣལ་མ་ཡང་མིན་ནོ།།   ཆེད་ཚན་མིང་མཛོད་ལ་དཔེར་ན་གསོ་རིག་མིང་མཛོད།  སྐར་རྩིས་མིང་མཛོད། རྩིས་རིག་མིང་མཛོད། རྫས་འགྱུར་མིང་མཛོད། བཟོ་རིག་མིང་མཛོད་ལྟ་བུ་རང་བྱུང་ཚན་རིག་ཕྱོགས་ཀྱི་མིང་མཛོད།  མཚན་ཉིད་རིག་པའི་མིང་མཛོད། བཅའ་ཁྲིམས་རིག་པའི་མིང་མཛོད། སངས་རྒྱས་ཆོས་ལུགས་ཀྱི་མིང་མཛོད།  དཔལ་འབྱོར་རིག་པའི་མིང་མཛོད། སྐད་བརྡ་རིག་པའི་མིང་མཛོད་སོགས་སྤྱི་ཚོགས་ཚན་རིག་ཕྱོགས་ཀྱི་མིང་མཛོད་ཀྱི་བྱེ་བྲག་ཤིན་ཏུ་མང་བ་ཡོད་དོ།།   རིག་གནས་མིང་མཛོད་ལ་ད་དུང་བརྩམས་ཆོས་མིང་མཛོད།  ས་མིང་མིང་མཛོད། མིའི་མིང་གི་མིང་མཛོད་སོགས་ཀྱང་ཡོད་དེ། བརྩམས་ཆོས་མིང་མཛོད་ནི་རྩོམ་རིག་བརྩམས་ཆོས་ཀྱི་ཁ་བྱང་ཕྱོགས་བསྡུས་བྱས་ཏེ། ཁ་བྱང་རེ་རེའི་འབྲེལ་ཡོད་ཤེས་བྱ་ངོ་སྤྲོད་བྱས་ཡོད། དཔེར་ན་བརྩམས་ཆོས་དེའི་རྩོམ་པ་པོའི་སྐོར་དང་། བརྩམས་ཆོས་དེ་བརྩམས་པའི་དུས་དང་རྒྱབ་ལྗོངས། རྩོམ་དེའི་རྩོམ་ལུས། སྙིང་དོན། ནང་དོན་གནད་བསྡུས་སོགས་ངོ་སྤྲོད་བྱེད་པ་ཡིན་ནོ།།
གཉིས། བརྡ་དག་མིང་མཛོད།
     བརྡ་དག་མིང་མཛོད་ཅེས་པ་ནི་ཐ་སྙད་དག་གི་བརྡའི་ཕྱོགས་ཀྱི་དག་ཆ་འམ་སྐད་བརྡའི་ཕྱོོགས་ཀྱི་ཤེས་བྱར་འགྲེལ་བཤད་བྱེད་པ་དང་། ཐ་སྙད་གང་ཞིག་དོན་གང་ལ་འཇུག་ཚུལ་ལམ་ཐ་སྙད་གང་ཞིག་ལ་དོན་ཅི་ཞིག་ཡོད་པ་ངོ་སྤྲོད་པའི་མིང་མཛོད་ཡིན་ནོ།།  དཔེར་ན་<< དག་ཡིག་གསར་བསྒྲིགས་>>དང་<<དགེ་བཤེས་ཆོས་གྲགས་>>ལྟ་བུ་ ནི་འཚོ་བའི་ཁྲོད་རྒྱུན་སྤྱོད་ཀྱི་མིང་བརྡ་ཤས་ཆེ་བས་ཐ་སྙད་ཀྱི་ཕྱོགས་ནས་ཆེད་ཚན་འབུར་ཐོན་མིན་ལ།  འགྲེལ་སྟངས་ཀྱི་ཆ་ནས་གཙོ་བོ་བརྡའི་དག་ཆ་དང་ཐ་སྙད་གང་དེ་དོན་གང་ལ་འཇུག་ཚུལ་བཤད་པ་ལྟ་བུ་ཡིན་པས་མིང་མཛོད་དེ་དག་ནི་བརྡ་དག་མིང་མཛོད་ཀྱི་ཁོངས་གཏོགས་ལྟ་བུ་ཡིན། བརྡ་དག་མིང་མཛོད་ནི་བོད་ལ་དུས་སྔ་མོ་(སྤྱི་ལོ་༨༡༥)ནས་དར་ཡོད་དེ། དཔེར་ན་<<བྱེ་བྲག་རྟོགས་བྱེད>>དང་ཕྱིས་སུ་རིམ་པར་བྱུང་བའི་དག་ཡིག་དང་ཆོས་ཀྱི་རྣམ་གྲངས་ཀྱི་རིགས་དེ་དག་ཡིན་ཏེ། བྱེ་བྲག་རྟོགས་བྱེད་ནང་དུ་ཐ་སྙད་གང་དེ་དོན་གང་ན་འཇུག་པའམ་ཐ་སྙད་དེའི་དོན་ཅི་ཞིག་ཡིན་ཚུལ་གྱི་འགྲེལ་བ་ཅན་ཡིན་ལ། དེ་བཞིན་ཆོས་ཀྱི་རྣམ་གྲངས་ཀྱང་དེ་བཞིན་དང་། དག་ཡིག་དག་གཙོ་བོ་ཐ་སྙད་གང་དག་གི་དག་ཆ་བཤད་པ་ཡིན་པས་དེ་དག་ཀྱང་བརྡ་དག་མིང་མཛོད་ཀྱི་བྱེ་བྲག་ཡིན་ཏེ།  དཔེར་ན་<<བརྡ་གསར་རྙིང་གི་རྣམ་གཞག་ལི་ཤིའི་གུར་ཁང་>>(སྤྱི་ལོ་ ༡༤༧༦)དང<<དག་ཡིག་མཁས་པ་དགའ་སྐྱེད>>དང་<<དག་ཡིག་ཤེས་བྱ་ རབ་གསལ་>>སོགས་ལྟ་བུ། མདོར་ན་བརྡ་དག་མིང་མཛོད་ལ་ཡང་དབྱེ་ལུགས་མང་དུ་ཡོད།
(གཅིག)  བརྡ་དག་མིང་མཛོད་ལ་ཐ་སྙད་རིགས་བསྡུ་བྱེད་སྟངས་མི་འདྲ་བའི་དབྱེ་བ།
      བརྡ་དག་མིང་མཛོད་ལ་ཐ་སྙད་རིགས་བསྡུ་མ་འདྲ་བའི་ཕྱོགས་ཀྱི་དབྱེ་བ་ཡོད་དེ། ཡུལ་སྐད་མིང་མཛོད། གཡར་མིང་མིང་མཛོད། བརྡ་རྙིང་མིང་མཛོད། བརྡ་གསར་མིང་མཛོད། དོན་མཚུངས་མིང་མཛོད། དཔེ་ཆོས་མིང་མཛོད། རྒྱུན་ཚིག་མིང་མཛོད། རྩོམ་པ་པོས་བརྩམས་མིང་གི་མིང་མཛོད། རྩོམ་ཡིག་མིང་མཛོད་ལྟ་བུ་སོགས་སོ།།
(གཉིས) བརྡ་དག་མིང་མཛོད་ལ་ཐག་གཅོད་བྱེད་ཚུལ་ཕྱོགས་ཀྱི་དབྱེ་བ།
       བརྡ་དག་མིང་མཛོད་ལ་རང་གིས་གཙོ་གནད་ཐག་གཅོད་བྱེད་སྟངས་མ་འདྲ་བའི་ཕྱོགས་ནས་དབྱེ་བ་ཡོད་དེ། སྐད་གདངས་མིང་མཛོད། བརྡ་སྤྲོད་མིང་མཛོད། བརྡ་དོན་མིང་མཛོད། ཐ་སྙད་ཁུངས་དཔྱད་མིང་མཛོད། སྐོང་ཡིག་ཡིིག་མཛོད། བརྡ་དག་ཚད་ལྡན་མིང་མཛོད། བཀོལ་སྟངས་མིང་མཛོད། དཀའ་གནད་མིང་མཛོད་སོགས་ལྟ་བུའོ།།
(གསུམ) བརྡ་དག་མིང་མཛོད་ལ་སྐད་རིགས་འདུས་ཚད་ཕྱོགས་ཀྱི་དབྱེ་བ།
      མིང་མཛོད་ལ་སྐད་རིགས་འདུས་ཚད་ཀྱི་སྒོ་ནས་དབྱེ་ན། སྐད་གཅིག་མིང་མཛོད། སྐད་གཉིས་མིང་མཛོད། སྐད་མང་མིང་མཛོད་ལྟ་བུ་སྟེ། སྐད་རིགས་གསུམ་ཡན་ཆོད་ཡོད་པ་ལ་འདིར་སྐད་མང་མིང་མཛོད་ཅེས་བརྡ་སྦྱར་བ་ཡིན་ཏེ་དཔེར་ན་<<སམ་བོད་དབྱེིན་གསུམ་ཤན་སྦྱར་གྱི་མིང་མཛོད>>།<< སྐད་ལྔ་ཤན་སྦྱར་མཉྫུའི་སྐད་གསལ་བའི་མེ་ལོང་>>ལྟ་བུ་སྟེ། སྐབས་འདིའི་ཁྱད་ཆོས་ནི་སྐད་རིགས་འདུས་ཚད་ཡིན་པས་འདིར་འགྲེལ་ཚུལ་སོགས་ལ་ལྟོས་པ་མེད་དོ།།
(བཞི) བརྡ་དག་མིང་མཛོད་ལ་འགྲེལ་སྟངས་ཀྱི་ཕྱོགས་ནས་དབྱེ་ན།
      ཐ་སྙད་འགྲེལ་བཤད་རྒྱག་སྟངས་ཕྱོགས་ནས་དབྱེ་ན། རྒྱས་འགྲེལ། དཔེ་འགྲེལ། རི་མོས་གསལ་འགྲོས། བསྒྱུར་འགྲེལ་སོགས་སོ།། དཔེར་ན་རྒྱས་བཤད་དང་གསལ་བཤད་ལྟ་བུའི་སྒོ་ནས་དགྲོལ་བྱ་གང་དེ་གསལ་བ་བྱས་པ་ལ་<<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར>>།<<དུང་དཀར་ཚིག་མཛོད>>སོགས་ལྟ་བུ། རི་མོའི་གསལ་འགྲོས་དཔེར་ན་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བའི་<<རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་རེས་འགྲེལ་མིང་ མཛོད>>་ལྟ་བུ་དང་། མིང་མཛོད་འགའ་རེར་རེས་འགྲེལ་ཚིག་འགྲེལ་གཉིས་ཀ་ཡོད་པའང་ཡོད་དེ། དཔེར་ན་གསོ་རིག་སྐོར་གྱི་མིང་མཛོད་དང་རྩིས་འཁོར་སྐོར་གྱི་མིང་མཛོད་དང་འཕྲུལ་ཆས་སྐོར་གྱི་མིང་མཛོད་སོགས་ལ་འགྲེལ་ཚུལ་འདྲེས་མ་དེ་སྤྱོད་ཆེ་བ་ཡིན་ནོ།། དཔེ་འགྲེལ་ནི་སྐད་བརྡའི་སྐོར་གྱི་མིང་མཛོད་མང་ཆེ་བར་རྒྱས་འགྲེལ་དང་བསྲེས་རེ་སྤྱོད་ཀྱི་ཡོད་ལ། གཞན་དཔེ་འགྲེལ་ཁོ་ན་ཡིན་པའི་མིང་མཛོད་ཡོད་པ་དཔེར་ན་འཇའ་ཕན་གྱིས་༡༩༧༣ལོར་དཔེ་བསྐྲུན་བྱས་པའི་<<དེང་རབས་རི་གྲོང་མིང་མཛོད>>་ལྟ་བུའོ།།  བསྒྱུར་འགྲེལ་ནི་སྐད་ཡིག་ཅིག་གི་དགྲོལ་བྱའི་མིང་ལ་སྐད་ཡིག་གཞན་པ་ཞིག་གིས་འགྲེལ་རྒྱག་པ་ཞིག་ཡིན་ཀྱང་། དེར་སྒྱུར་བྱེད་ཀྱི་སྒོ་ནས་མིང་སྒྱུར་བྱས་པའི་སྐད་གཉིས་ཤན་སྦྱར་དང་སྐད་མང་ཤན་སྦྱར་ལྟ་བུ་དང་། འགྲེལ་སྟངས་ཀྱི་སྒོ་ནས་བརྡ་འབྲུ་ཐད་ཀར་བསྒྱུར་བའི་འགྲེལ་ཚུལ་དང་། བརྡ་འབྲུ་དོན་འབྲུ་གཉིས་ཀ་བསྒྱུར་བ་ཡོད་པའི་འགྲེལ་ཚུལ་ཅན་གྱི་མིང་མཛོད་སོགས་ཡོད་དེ། དཔེར་ན་བཀྲ་ཤིས་ཚེ་རིང་གིས་གཙོ་སྒྲིག་བྱས་པའི་<<བོད་རྒྱ་དབྱིན་གསུམ་གྱི་ཆ་འཕྲིན་ལག་རྩལ་ཚིག་མཛོད>>ལྟ་བུ་བརྡ་འབྲུ་ཐད་ཀར་བསྒྱུར་བའི་ཚིག་མཛོད་ཡིན་ལ། ཝང་དབྱི་ནོན་གྱིས་གཙོ་སྒྲིག་གནང་བའི་<<སངས་རྒྱས་ཆོས་གཞུང་གི་ཚིག་ མཛོད་>>དང་ཚུལ་ཁྲིམས་བློ་གྲོས་ཀྱིས་གཙོ་སྒྲིག་གནང་བའི་<<རྒྱ་ བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་>>ལྟ་བུ་ནི་བརྡ་འབྲུ་ དང་དོན་འབྲུ་གཉིས་ཀ་བསྒྱུར་བ་ཡོད་པའི་འགྲེལ་ཚུལ་ཅན་གྱི་མིང་མཛོད་ཡིན་ལ། དབྱེ་སྒོ་དེ་དག་ལའང་ད་དུང་ཞིབ་ལ་འབེབ་རྒྱུ་ཡོད་དོ།།
(ལྔ) བརྡ་དག་མིང་མཛོད་ལ་ཐ་སྙད་བསྡུས་ཚད་ཕྱོགས་བསྡུས་ཀྱི་དབྱེ་བ།
     དེ་ལ་མིང་མཛོད་ཟེགས་མ། དོན་གསལ་མིང་མཛོད། མིང་མཛོད་ཚད་འབྲིང་མ། མིང་མཛོད་ཆེ་ལོངས་མ། མིང་མཛོད་(ཐ་སྙད་མཛོད་དེ་ས་པཎ་གྱི་ཚིག་གཏེར་)ལྟ་བུ།  ཐ་སྙད་རེའུ་མིག་སོགས་ཡོད།།
(དྲུག) བརྡ་དག་མིང་མཛོད་ལ་ཐ་སྙད་བསྡུས་ཚད་ཕྱོགས་ཀྱི་དབྱེ་བ།
     མདོར་ན། དབྱེ་སྒོ་དེ་དག་ལས་སྔ་མ་གཉིས་ཕུད་པའི་གཞན་བཞི་ག་ནི་ངོ་བོའི་དབྱེ་སྒོ་མ་ཡིན་ཏེ། ངོ་བོའི་དབྱེ་སྒོ་ནི་ཐ་སྙད་ཀྱི་ངོ་བོ་སྟེ་ཐ་སྙད་ཀྱི་རིགས་ཀྱིས་དབྱེ་བ་ལྟ་བུ་ཡིན་གྱི། མིང་མཛོད་ཀྱི་སྒྲིག་ཐབས་སོགས་ཀྱི་ཁྱད་ཆོས་ལྟ་བུ་ནི་ཐ་སྙད་ཀྱི་ངོ་བོ་ལ་མི་གཏོགས་པས་སོ།། དབྱེ་སྒོ་དེ་དག་རྒྱུན་མཐོང་གི་དབྱེ་བ་འགའ་ཡིན་གྱི་དབྱེ་ལུགས་ཡོད་ཚད་མ་ཡིན་ཏེ། སྤྱོད་སྒོ་དང་བསྒྲིགས་ཚུལ་མ་འདྲ་བ་ལ་བརྟེན་ནས་དབྱེ་ཚུལ་མང་དུ་འབྱུང་ངེས་སོ།།  གཞན་དབྱེ་བ་དེ་དག་ཀྱང་ནང་ཕན་ཚུན་དུ་གཞི་འགལ་འབྲེལ་མེད་དེ་འདྲ་མ་ཡིན་ཏེ། མིང་མཛོད་གང་རུང་གཅིག་དབྱེ་རྣམ་དུ་མ་ལ་གཏོགས་ངེས་པ་ཡིན་ནོ།། དེས་ན་དབྱེ་ཚུལ་དེ་དག་མིང་མཛོད་དག་གི་ཁྱད་པར་ངོས་ཟིན་པའི་ཆེད་དུ་ཡིན་གྱི་ཕན་ཚུན་འགོག་སྤོང་གི་ཆེད་དུ་མ་ཡིན་ནོ།།   དགྲོལ་བྱ་ཐ་སྙད་ཀྱི་གོ་རིམ་སྒྲིག་སྟངས་ལ་མ་འདྲ་བའི་ཕྱོགས་ནས་མིང་མཛོད་ལ་དབྱེ་ན། སྒྲ་རིམ་མིང་མཛོད། གཟུགས་རིམ་མིང་མཛོད། དོན་རིམ་མིང་མཛོད།  རིམ་རྙོག་མིང་མཛོད། ཁོངས་སྐོར་མིང་མཛོད། ལྡོག་བསྟར་མིང་མཛོད་སོགས་ཡོད།
གསུམ། བརྡ་དག་རིག་གནས་འདྲེས་མའི་མིང་མཛོད།
     མིང་མཛོད་ལ་ཐ་སྙད་བསྡུས་རིགས་དང་འགྲེལ་བཤད་རྒྱག་སྟངས་ཕྱོགས་གཉིས་ཀ་ནས་བརྡ་དག་མིང་མཛོད་དང་ཆེད་ཚན་རིག་གནས་མིང་མཛོད་འདྲེས་མར་གྲུབ་པ་ཡོད།  དེ་ཡང་བརྡ་དག་མིང་མཛོད་ཆེ་གྲས་ལ་དེའི་ཁྱད་ཆོས་ཐོན་སླ་བ་ཡིན་ཏེ། བརྡ་དག་མིང་མཛོད་ཆེ་གྲས་ལ་ཐ་སྙད་བསྡུ་ཁོངས་རྒྱ་ཆེ་བས་དེར་ཆེད་ཚན་ཐ་སྙད་མི་ཉུང་བ་ཞིག་འདུ་ཡོང་བ་ཡིན་ན་དེར་འགྲེལ་བཤད་རྒྱག་སྐབས་ཆེད་ཚན་ཤེས་བྱའི་འགྲེལ་བཤད་ཞོར་ལ་ཐོན་ཡོང་བ་ཡིན་པས་མཐར་བརྡ་དག་རིག་གནས་འདྲེས་མ་ཞིག་ཆགས་ཀྱི་ཡོད། དཔེར་ན་<<བོད་རྒྱ་ཚིག་མཛོད་ཆེན་མོ>>ལྟ་བུ་ཡིན་ནོ།།
བཞི། མིང་མཛོད་དམིགས་བསལ་མ།
      དཔེར་ན་བརྡ་དག་མིང་མཛོད་ (符号词典)  དང་འཕྲུལ་སྒྱུར་མིང་མཛོད(机器翻译词典)ཐོན་གྲངས་མིང་མཛོད་ (频率词典) ལྟ་བུ་སྟེ། བརྡ་རྟགས་མིང་མཛོད་ནི་ཡི་གེ་དང་སྐད་དང་ཐ་སྙད་མ་ཡིན་པའི་བརྡ་རྟགས་སྣ་ཚོགས་པའི་གསལ་བཤད་སྐོར་སྒྲིག་དེབ་ལྟ་བུ་དང་། འཕྲུལ་བསྒྱུར་མིང་མཛོད་ནི་གློག་ཀླད་ཀྱིས་སྐད་ཆ་ལོ་ཙཱ་བྱེད་པ་ལ་གྲ་སྒྲིག་བྱས་པའི་ཐ་སྙད་སྐོར་སྒྲིག་བྱས་པའི་མིང་མཛོད་ཅིག་ཡིན། ཐོན་གྲངས་མིང་མཛོད་ནི་ཐ་སྙད་གང་དག་སྐད་ཆའི་ནང་བེད་སྤྱོད་པའི་ཐེངས་མ་ཐོན་གྲངས་སྡོམ་རྩིས་བྱས་ཏེ། ཐ་སྙད་དེའི་ཐོན་གྲངས་རྒྱུས་ལོན་བྱེད་སྤྱད་ཅིག་གོ། མིང་མཛོད་འདི་རིགས་བོད་ཡིག་གི་སྤེལ་བྱའི་གནས་སུ་ལུས་ཡོད།།
     ཞོར་ལ་ངེས་པ་དགོས་པ་ཞིག་ནི་མིང་མཛོད་ལ་ཡང་དུས་དང་བར་སྣང་གི་ཁྱད་ཆོས་ཡོད་པ་སྟེ། དུས་ཀྱི་ཕྱོགས་ནས་དཔེར་ན་རིག་གནས་དར་ཚུལ་གྱི་ཆུ་ཚད་དང་། བར་སྣང་ཕྱོགས་ནས་མི་རིགས་དང་སྐད་རིགས་ཀྱི་རང་གཤིས་མི་འདྲ་བའི་ཁྱད་པར་ཡོད་ཕྱིར་མིང་མཛོད་ཀྱི་ནང་དོན་སྒྲིག་སྟངས་དང་འགྲེལ་སྟངས་ཁ་བྱང་བཅས་པར་ཁྱད་ཆོས་རང་གཤིས་པ་ཞིག་ཡོང་གི་ཡོད་དེ་དཔེར་ན། <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་>>ནི་བསྟན་འཛིན་སྐྱེས་བུ་དམ་པའི་མིང་མཛོད་ཀྱི་རིགས་དང་། ད་དུང་དེ་ལས་ཀྱང་ཁྱད་པར་དུ་འཕགས་པ་དཔེར་ན་<<འཕགས་པ་བསྐལ་བ་བཟང་བོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ>>ཡང་བསྐལ་བཟང་སངས་རྒྱས་སྟོང་གི་མཚན་གྱི་མིང་མཛོད་རྒྱས་འགྲེལ་སྐྱོན་སྟངས་དམིགས་བསལ་བ་ཞིག་དང་། <<མདོ་སྔགས་གསུང་རབ་རྒྱ་མཚོའི་སྙིང་པོ་མཚན་གཟུངས་མང་བསྡུས་པ་བཞུགས་ སོ>>ཞེས་བྱ་བ་དེ་ཡང་བརྡ་ཆད་དམ་བརྩམས་ཆོས་མིང་མཛོད་ཀྱི་རིགས་སུ་གཏོགས་ཏེ། བོད་ཀྱི་་སྲོལ་རྒྱུན་དུ་བརྩམས་ཆོོས་དེ་དག་ལ་མིང་མཛོད་ཀྱི་བརྡ་ཆད་བཀོད་པ་མ་བྱུང་ཡང་དོན་དུ་དེ་དག་ཀུན་ཀྱང་ཐ་སྙད་ཀྱི་རིགས་ཁོངས་དང་། དོན་ཐག་གཅོད་བྱེད་སྟངས་གཙོ་བོའི་ཕྱོགས་ནས་མིང་མཛོད་ཀྱི་རིགས་སུ་འགྲོ་བ་ཡིན་ ནོ།།     དེ་བཞིན་དུ་མིང་མཛོད་ཀྱི་མིང་ཡང་རང་ལུགས་ཀྱི་གོམས་གཤིས་ཀྱིས་འགོད་པ་ཡོད་དེ།  དེ་སྔ་བོད་ཡིག་གི་གསུང་འབུམ་དཀར་ཆག་སྐོར་ཅིག་བསྒྲིགས་ཡོད་པའི་མིང་དུ་དཀར་ཆག་ཅེས་བཞག་ཀྱང་དེའི་ནང་དོན་དང་སྒྲིག་ཚུལ་ནི་མིང་མཛོད་རིག་པའི་སྐབས་ཀྱི་རྩོམ་པ་པོའི་མིང་མཛོད་ཀྱི་རིགས་ཡིན་ནོ།།  ཡང་བོད་ཀྱི་བསྟན་འགྱུར་ནི་བོད་སྔ་རབས་ཀྱི་གཞུང་བརྒྱའི་མིང་མཛོད་དམ་ཤེས་བྱ་ཀུན་འདུས་ཀྱི་མིང་མཛོད་ལྟ་བུ་ཡིན། དེའི་ནང་དུ་ཤེས་བའི་རྣམ་གྲངས་མང་པོའི་བརྡ་ཆད་ལ་བརྡ་དག་ཤེས་བྱའི་ཕྱོགས་ཀྱི་ཚིག་འགྲེལ་སྐྱོན་པ་ཙམ་མ་ཡིན་པར་ཆེད་གཉེར་སོ་སོའི་ཕྱོགས་ནས་འགྲེལ་བཤད་ངོ་སྤྲོད་ཞིབ་རྒྱས་ཞུས་པ་ལྟ་བུ་ཡིན་པས་སོ།།  མདོར་ན། གོང་དུ་སོང་བའི་མིང་མཛོད་དབྱེ་སྲོལ་དང་དབྱེ་བའི་རྣམ་གྲངས་སོགས་ནི་ངོ་སྤྲོད་སྟབས་བདེའི་ཚུལ་དུ་ཡིན་གྱི། གཞན་དུ་དབྱེེ་སྒོ་དབྱེ་གྲངས་སོགས་ནི་ཚད་ཀྱི་འཇོག་དཀའ་བ་ཞིག་ཡིན། ཅི་སྟེ་ན། རིག་པའི་གཞུང་ལུགས་ཀྱི་རྣམ་གྲངས་ནི་ཉི་ཟླ་བཞིན་དུ་འཕེལ་གྱི་ཡོད་ལ། དེ་བཞིན་དུ་ཆེད་གཉེར་དང་ལས་རིགས་ཀྱི་རྣམ་གྲངས་ཀྱང་བརྒྱ་ཕྲག་སྟོང་ཕྲག་གི་ཚད་དུ་འཕེལ་གྱི་ཡོད་ན།  དེ་ལ་བསྟུན་པའི་མིང་མཛོད་ཀྱི་རིགས་ཀྱི་གྲངས་ཀ་ཡང་བརྒྱ་ཕྲག་སྟོང་ཕྲག་བྱས་ནས་འཕེལ་འོངས་པ་ཡིན་ནོ།།
མཐའ་དཔྱད།
      ས་བཅད་འདིའི་ནང་དུ་གཙོ་བོ་སྒྲ་དོག་འཇུག་གི་མིང་མཛོད་ཀྱི་དབྱེ་བ་བཀོད་པ་ཡིན་ལ། གཞན་དུ་མིང་མཛོད་ལ་ཡང་སྒྲ་ཡངས་འཇུག་གི་མིང་མཛོད་ཀྱི་དབྱེ་བ་ལྟ་བུ་ཡང་དགོད་ ཆོག།།  སྒྲ་དོག་འཇུག་གི་མིང་མཛོད་ནི་གཙོ་བོ་མིང་དང་མིང་ཚོམ་གྱི་ཐ་སྙད་དུ་ཤས་ཆེ་བའི་སྡེ་ཡིས་གྲུབ་པའི་མཛོད་ཡིན་པ་སྟེ། དཔེར་ན་བརྡ་དག་མིང་མཛོད་ཀྱི་རིགས་དང་རིག་གནས་མིང་མཛོད་ཀྱི་རིགས་དག་ནི་སྒྲ་དོག་འཇུག་གི་མིང་མཛོད་ཀྱི་མཚན་གཞི་ལྟ་བུ་ཡིན། ས་བཅད་འདིའི་ནང་ཞོར་དུ་བྱུང་བའི་མིང་མཛོད་ཀྱི་དཔེ་གཞི་སྟེ། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལྟ་བུ་དང་། བཀའ་འགྱུར་བསྟན་འགྱུར། གཟུངས་འདུས་ལྟ་བུ་སོགས་ནི་སྒྲ་ཡངས་འཇུག་གི་མིང་མཛོད་ཀྱི་རིགས་གཏོགས་ཡིན་པ་སྟེ། སྒྲ་ཡངས་འཇུག་གི་མིང་མཛོད་ནི་མིང་ངམ་མིང་ཚོམ་དུ་ཤས་ཆེ་བའི་ཐ་སྙད་ཀྱི་སྡེ་ཡིས་གྲུབ་པ་ཙམ་མ་ཡིན་པར། རྗོད་བྱེད་རིང་ཐུང་ཅི་རིགས་དང་། ལྷག་པར་དུ་རྗོད་བྱེད་རིང་བའི་ཐ་སྙད་དེ། དེ་ལ་ཚིག་དང་། ཚིག་ཚོགས་དང་། བརྗོད་པ་དང་། ས་བཅད་དང་། ལེའུ་སོགས་ཀྱི་ལུས་ཅན་དུ་གྲུབ་ཅིང་། བརྗོད་བྱ་དོན་གྱི་ཐད་ནས། མིང་གི་གདགས་གཞིའམ་དོན་གྱི་ངོ་བོ་ཙམ་གྱི་ཚད་དུ་མ་ཡིན་པར། དོན་གྱི་རྣམ་པའི་གནས་སྐབས་དང་གནས་ལུགས་སྣ་ཚོགས་ཀྱི་བསྟན་བྱ་ཅན་དང་། ཐ་ན་གཞུང་ལུགས་ཤིག་གི་རྣམ་གཞག་ཡིན་པ་སོགས་ཀྱི་བརྗོད་དོན་ཕོན་ཆེ་བའི་རིགས་ ཅན་དུ་ངེས་ཕྱིར་མིང་མཛོད་དེ་རིགས་ལ་མིང་ཐོགས་ཚུལ་ཡང་སྣ་ཚོགས་ཡོང་བ་ཡིན། དཔེར་ན་བོད་སྐད་དུ་བསྒྱུར་ཏེ་འགྱུར་བའི་སངས་རྒྱས་ཀྱི་བཀའ་ཡི་ལེ་ཚན་མང་པོ་ཡོད་པ་ཕྱོགས་གཅིག་ཏུ་བསྡུས་པའི་མཛོད་ལ་བཀའ་འགྱུར་ཞེས་མཚན་བཀོད་ཡོད་པ་དང་། གཟུངས་སྔགས་མང་པོ་ཕྱོགས་སྡེབ་བྱས་པའི་མཛོད་ལ་གཟུངས་བསྡུས་ཞེས་མིང་བཏགས་པ་དང་། བླ་མ་མང་པོའི་ངོ་སྤྲོད་ཕྱོགས་སྡུད་བྱས་པ་ལ་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ཞེས་མཚན་བྱང་བཀོད་ཡོད་པ་བཞིན། བོད་སྐད་ཡིག་གི་མིང་མཛོད་ལ་ནང་དོན་དང་མིང་རྣམ་པ་སྣ་ཚོགས་ཡོང་བ་ཡོད་ལ། མིང་སྣ་ཚོགས་ལས་གཏེར་དང་མཛོད་དང་ལག་དེབ་ཅེས་པ་སོགས་འདྲེ་ཡོད་པའི་མིང་ནི་མི་ཉུང་བ་ཡིན། དེ་ལྟ་བུའི་ཚུལ་ནི་གཞན་རྒྱ་ནག་གི་སྐད་ཡིག་སོགས་ཀྱི་མིང་མཛོད་ཀྱི་རྣམ་པ་སྣ་ ཚོགས་ལས་ཀྱང་གོ་རྒྱུ་ཡོད་དེ། དཔེར་ན་ <<唐诗鉴赏辞典>>   <<中外史地知识手册>><<中华行业文书手册>><<中外战 典>><<人类谋略宝>>སོགས་ལྟ་བུ་སྟེ། སྒྲ་ཡངས་འཇུག་གི་མིང་མཛོད་ལ་ནང་དོན་དང་མིང་བྱང་སོགས་གང་གི་ཆ་ནས་ཀྱང་རྣམ་པ་སྣ་ཚོགས་ཡོད་པ་ཤེས་སླའོ།།  དེ་ཡང་སྒྲ་ཡངས་འཇུག་གི་གོ་ཚུལ་ལ་གཉིས་ཡོད་དེ། གོ་ཚུལ་གཅིག་ནི་སྒྲ་དོག་འཇུག་གི་ཁྱབ་བྱར་མ་ཚུད་པའི་སྒྲ་ཡངས་འཇུག་ཁོ་ནའི་ཁྱབ་བྱར་གོ་བ་དེ་ཡིན་ལ་། གོ་ཚུལ་གཅིག་ནི་སྒྲ་དོག་འཇུག་ལ་ལྟོས་པའི་སྒྲ་ཡངས་འཇུག་གི་ཁྱབ་བྱ་དེར་གོ་རྒྱུ་ཡིན་པ་མ་ཟད། སྒྲ་དོག་འཇུག་གི་ཁྱབ་བྱ་དེ་ཡང་དེའི་ཁོངས་སུ་འདུ་བར་གོ་བ་ལེན་པ་དེ་ཡིན། གོ་བ་གང་ཞིག་ལག་ལེན་བྱེད་མིན་ནི་སྐབས་གཙོ་བོ་འཛིན་སྟངས་ལ་རག་ལས་པ་ཡིན་ནོ།།  མདོར་ན།  མིང་མཛོད་ཀྱི་རིགས་དང་རྣམ་པ་ལ་ཞིབ་ཆའི་སྡོམ་ཚིག་འགོད་པ་ནི་ཧ་ཅང་དཀའ་སྟེ། ཅི་སྟེ་ཞེ་ན། རིག་ཚན་ནི་བརྒྱ་ཕྲག་སྟོང་ཕྲག་མང་པོའི་ཚད་དུ་འཕེལ་བཞིན་ཡོད་ལ། རིག་གནས་དར་སོ་ཆེ་བའི་སྐད་ཡིག་དག་ལ་དེ་བཞིན་མིང་མཛོད་དར་མུས་དང་དར་ཆོག་ཡོད་པ་མ་ཟད། ད་དུང་ལས་རིགས་སོ་སོའི་ལའང་མིང་མཛོད་དར་གྱི་ཡོད། རིག་ཚན་དང་ལས་རིགས་མ་འདྲ་བ་རེ་རེ་ལ་མིང་མཛོད་རེ་རེ་བྱུང་ན་ཡང་མིང་མཛོད་ནི་ཧ་ཅང་མང་པོར་ཆགས་ཀྱི་ཡོད་ལ། དོན་དུ་རིགས་ཚན་རེ་རེ་ལའང་ཐག་གཅོད་བྱ་དང་རྒྱས་བསྡུས་སོགས་དགོས་པ་མ་འདྲ་བའི་དབང་གིས་མིང་མཛོད་མང་པོ་ཐོན་གྱི་ཡོད་ན་མིང་མཛོད་ཀྱི་རིགས་ཀྱི་གྲངས་ནི་རྫོགས་མཐའ་མེད་པ་ཞིག་རེད། གནས་ཚུལ་དེ་ལྟ་བུའི་ཕྱོགས་ནས་བལྟས་ན། ད་ལྟའི་བོད་སྐད་ཡིག་གི་མིང་མཛོད་ཀྱི་གནས་བབས་ཡང་སྙིང་ག་འདྲ་ཡིན་མིན་ནི་ཧ་ ཅང་གིས་ཧ་གོ་རྒྱུ་ཡོད་པ་ཞིག་རེད་དོ།།
  ས་བཅད་བཞི་བ། མིང་མཛོད་སྒྲིག་ཚུལ །
       མིང་མཛོད་སྒྲིག་ཚུལ་ནི་མིང་མཛོད་ཅིག་ཆགས་པ་ལ་དེའི་ཕྱི་རིམ་གྱི་ལས་ཀ་དང་ནང་རིམ་གྱི་ལས་ཀ་དཀྱུས་གཅིག་ཏུ་སྡེབ་པའི་བྱ་བ་སྟེ། བསྡུས་ན་ལས་བྱ་ཕྱོགས་གསུམ་ཡོད།
གཅིག ཐ་སྙད་འདེམས་སྡུད་བྱེད་པ།
      ཐ་སྙད་འདེམས་སྡུད་བྱེད་ཚུལ་ཕྱོགས་གཅིག་ནས་མིང་མཛོད་ཀྱི་ངོ་བོ་ལ་ལྟོས་པ་དང་། ཕྱོགས་གཅིག་ནས་སྒྲིག་པ་པོའི་ཆུ་ཚད་ལ་ལྟོས་པ་ཞིག་ཡིན། དེ་ཡང་ཆེད་གཉེར་མིང་མཛོད་རྩོམ་སྒྲིག་བྱེད་སྐབས་ཆེད་གཉེར་གང་དེར་འདུ་བའི་ཐ་སྙད་ལས་འབྲེལ་མེད་དོན་གཞན་གྱི་ཐ་སྙད་འདེམས་སྡུད་མི་བྱེད་ལ། དེར་འདུ་དགོས་པའི་ཐ་སྙད་ལ་ཡང་ལུས་ལྷག་མེད་པའི་ཚད་ཟིན་རྒྱུ་གལ་ཆེ། འགན་དེ་ལྕོགས་པ་ལ་རིག་གནས་མིང་མཛོད་དམ་ཆེད་གཉེར་མིང་མཛོད་རྩོམ་སྒྲིག་བྱེད་མཁན་ནི་དེའི་སྐོར་གྱི་ཆེད་གཉེར་མཁས་པ་ཤ་སྟག་ཡིན་དགོས། གཞན་འདེམས་སྡུད་ཅུང་ཁག་པའི་རིགས་ནི་ཤེས་བྱ་ཀུན་འདུས་ཀྱི་མིང་མཛོད་དམ་སྐད་ཆའི་མིང་མཛོད་(བརྡ་དག་མིང་མཛོད) འབྲིང་ཚད་དང་ཆེ་ལོངས་མ་ལྟ་བུ་ཡིན། དཔེར་ན་སྐད་ཆའི་མིང་མཛོད་ཆེ་འབྲིང་གི་རིགས་སུ་ཐ་སྙད་འདེམས་སྡུད་བྱེད་སྐབས་ངེས་དགོས་པ་གཉིས་ཏེ།
( གཅིག )  ཐ་སྙད་འདེམས་ཁོངས་ཀྱི་རྒྱ་ཁྱོན་ཚད་མ་འཆོལ་བ་དགོས།
     རྒྱ་ཁྱོན་ལ་དུས་དང་བར་སྣང་གཉིས་ཀྱི་ཕྱོགས་ཡོད།  དུས་ཀྱི་ཕྱོགས་ནས་སྤྱི་ཚོགས་རིག་གནས་ཕྱོགས་ཀྱི་ལོ་རྒྱུས་སུ་དོན་རྐྱེན་ དམིགས་བསལ་བའི་གནས་བབ་ཡོད་པའི་དོན་གྱི་ཐ་སྙད་དག་རྒྱས་བསྡུས་གང་འཚམས་ཀྱི་འདེམས་འགོད་བྱ་དགོས། དཔེར་ན་བརྡ་རྙིང་གི་ཐ་སྙད་སྐོར་དང་། དོན་བསྐལ་དོན་དུ་སོང་བའི་ཐ་སྙད། དུས་ཆོས་མཚོན་ཤུགས་ཆེ་བའི་བརྡ་གསར་ལྟ་བུ་སོགས། བར་སྣང་ངམ་འཕྲེད་ངོས་ཀྱི་འབྲེལ་བའི་ཕྱོགས་ནས་དཔེར་ན་སྤྱིར་ཆེད་གཉེར་ལ་གཏོགས་ཀྱང་དུས་ཕྱིས་སུ་སྤྱི་དམངས་ཀྱི་རིག་གནས་རང་བཞིན་ཅན་གྱི་ཐ་སྙད་རིགས་ དང་། ཡུལ་སྐད་ནང་གི་ཐ་སྙད་བེད་ནུས་ཡོད་པའི་རིགས་དང་། རྣམ་པའི་ཆ་ནས་འཛམ་གླིང་རང་བཞིན་ཅན་གྱི་ཐ་སྙད་དུ་ཆགས་བསྡད་ཡོད་པའི་གཡར་མིང་སོགས་སོ།།
(གཉིས)  ཐ་སྙད་གྲུབ་ཚན་གྱི་རིགས་སྡེ་ངོས་ཟིན་དགོས།
      དེ་ཡང་མིང་མཛོད་བརྡ་འབྲུའི (词目)རྣམ་གྲངས་སུ་སོང་བའི་ཐ་སྙད་དེ་དཔེར་ན། ཡི་གེ་དང་། མིང་རྒྱུ། མིང་། ཕྲད། མིང་ཚོམ། ཚིག་དུམ། རྒྱུན་ཚིག བརྡ་རྟགས་སོགས་མང་དུ་ཡོད་པ་རེ་རེའི་མཚན་མཚོན་གྱི་ཞིབ་ཆ་ངེས་ནས། རྗོད་བྱེད་ཀྱི་སྒྲ་གང་དེ་ཐ་སྙད་དུ་འགྲུབ་བམ་མི་འགྲུབ། གྲུབ་ན་གྲུབ་སྡེ་གང་དུ་གཏོགས་མིན། གྲུབ་སྡེ་དེ་དག་ཀྱང་མིང་མཛོད་ཀྱི་ངོ་བོར་བསྟུན་པའི་སྒོ་ནས་འདེམས་འགོད་རྒྱས་བསྡུས་བྱེད་ལུགས་སོོགས་ཀྱི་བྱང་ཆ་ཡོད་དགོས་པའོ།།
གཉིས། འགྲེལ་བཤད་སྐྱོན་པ།
      དེ་ནི་དགྲོལ་བྱའི་བརྡ་འབྲུ་ལ་འགྲེལ་བྱེད་དོན་འབྲུ་(词条)ཇི་ལྟར་འགོད་པའི་ཚུལ་ཏེ། འབྲེལ་ཡོད་གནད་དོན་འགའ་གསལ་བཤད་བྱས་ན།
(གཅིག) འགྲེལ་ཚུལ་གྱི་རྣམ་གྲངས།
     དེ་ཡང་བརྡ་དག་མིང་མཛོད་རྒྱས་འགྲེལ་ཅན་ལ་གཏོགས་པའི་མིང་མཛོད་ནང་གི་ཐ་སྙད་དེ། དཔེར་ན་ཡི་གེའམ། མིང་ངམ། མིང་ཚོམ་མམ། ཚིག་དུམ་སོགས་དགྲོལ་བ་མང་པོ་ཡོད་པ་ལས་མིང་གི་བརྡ་འབྲུ་ལ་འགྲེལ་བ་རྒྱག་སྟངས་གཙོ་བོ་གསུམ་ཡོད་དེ། (༡)མིང་རྐང་བརྡ་དོན་གྱི་འགྲེལ་བཤད། (༢)ཚིག་གཞིའི་བརྡ་དོན་གྱི་འགྲེལ་བཤད།(༣)བཀོལ་བ་དོན་མཐུན་གྱི་ཚིག་གྲུབ་དཔེར་བརྗོད་དང་བཅས་གསུམ་མོ།།   དཔེར་ན་འབྲི་ཞེས་པའི་ཐ་སྙད་ལ་འགྲེལ་བ་བརྒྱབ་ན།  འབྲི་ཞེས་པ་ནི་སྨྱུ་གུའམ་ལག་པ་སོགས་ཡོ་ཆས་ཀྱིས་ཤོག་བུ་སོགས་གཞི་ལེབ་ངོས་ཀྱི་ཐོག་ཏུ་ཡི་གེའམ་རི་མོ་སོགས་ཀྱི་དབྱིབས་རིས་དོད་པས་བྱེད་པའི་འགུལ་སྐྱོད་ཀྱི་བྱ་བ་སྟེ། བྱེད་འབྲེལ་ལས་ཚིག་དུས་ད་ལྟ་བའི་སྒྲ་གཟུགས་ཡིན། དཔེར་ན་སློབ་མས་ཡི་གེ་འབྲི་བཞིན་ཡོད་ཞེས་པ་ལྟ་བུའོ།། ཚིག་འགྲེལ་དེ་ལས་ཚིག་རྐང་དང་པོ་མིང་རྐང་བརྡ་དོན་གྱི་འགྲེལ་བ་དང་ཚིག་རྐང་གཉིས་པ་ཚིག་བཞིའི་བརྡ་དོན་གྱི་འགྲེལ་བ་དང་། ཚིག་རྐང་གསུམ་པ་ནི་དོན་མཐུན་དཔེར་བརྗོད་ཡིན། སྐད་ཡིག་མ་འདྲ་བ་ལ་བརྟེན་ནས་འགྲེལ་ཚུལ་གྱི་རྣམ་གྲངས་ཀྱང་མི་འདྲ་བ་སྟེ། དཔེར་ན་དབྱིན་ཇི་དང་རྒྱ་ནག་སྐད་ཀྱི་མིང་མཛོད་ལྟ་བུ་ལ་མཚོན་ན་གོང་སོང་ཐབས་ཤེས་ཀྱི་ཐོག་ཏུ་ཐ་སྙད་ལ་སྒྲ་གདངས་བཀོད་འབྲི་བྱས་ཡོད་ལ་དེ་ཚིག་གཞིའི་ཕྱོགས་ཀྱི་འགྲེལ་བ་ལ་གཏོགས། གཞན་ད་དུང་ཞིབ་ཚགས་པའི་ཚུལ་དུ་བཀྲལ་ན། ཐ་སྙད་བེད་སྤྱོད་ཚུལ་ལམ་ཚིག་རྒྱན་གྱི་ཉམས་འདོན་ཚུལ་དང་ཐ་སྙད་གྱི་བྱུང་རིམ་དང་སྒྲ་དོན་འགྱུར་ལྡོག་བྱུང་ལུགས་སོགས་ཀྱི་ཞོར་འགྲེལ་ཡང་ཡོང་བ་ཡོད་དོ།། འགྲེལ་ཚུལ་གཙོ་བོ་གསུམ་ལས་མིང་རྐང་བརྡ་དོན་འགྲེལ་ཚུལ་ལ་ནང་གསེས་ཀྱི་ཐབས་གཙོ་བོ་འགའ་ཡོད་པ་ནི།
༡དངོས་པོའི་གཟུགས་རིས་སྟོན་པ།
     འདི་ནི་དངོས་པོ་གཟུགས་ཅན་པའི་འདྲ་རིས་སམ་དཔར་རིས་སོགས་ཐ་སྙད་དེའི་མཚོན་བྱ་སྟོན་བྱེད་དུ་འགོད་པ་ཡིན་པས་ཐ་སྙད་ཀྱི་མཚོན་བྱ་དེ་དངོས་པོ་རང་མཚན་པ་ཡིན་ན་ཐབས་འདི་འཚམས་པ་ཡིན།
༢མཚན་ཉིད་འགོད་པ།
     མཚན་ཉིད་འཇོག་སའི་ཐ་སྙད་དེ། མཚོན་བྱའི་དོན་དེ་དངོས་པོ་རང་མཚན་པ་དང་སྤྱི་མཚན་པར་གཉིས་ཀར་ངེས་སོ།། དཔེར་ན། རླུང་་་་་ཡང་ཞིང་གཡོ་བའི་དངོས་པོ། འགལ་བ་་་་ཐ་དད་ཅིང་གཞི་མི་མཐུན་མི་སྲིད་པའི་ཆོས་ཞེས་པ་ལྟ་བུའོ།། ཉྭ་་་་་་་ཕྱུགས་ཟོག་གི་རྐང་ལག་བཞིའི་ཚིག་དཀྱིལ་མའི་མན་དང་རྨིག་པའི་ཡན་གྱི་ ལྷུའི་མིང་། བང་བ་་་་་་དངོས་རྫས་ཉར་ཚགས་བྱེད་སའི་ཁང་བ་དང་ཉེར་སྤྱད་ཀྱི་མིང་ཞེས་པ་ལྟ་བུ་སོགས།
༣མིང་གིས་མིང་འགྲེལ་བ།
      མིང་གང་དེར་དེའི་གོ་དོན་འདྲ་མཚུངས་ཀྱི་མིང་ངམ་གོ་དོན་རྒྱབ་འགལ་གྱི་མིང་གིས་འགྲེལ་བ།
དཔེར་ན། མཁྲེགས་པ་་་་་་སྲ་བ།  མཁྲེགས་པ་་་་་སྙི་བའི་ལྡོག་ཟླ། ཞེས་པ་ལྟ་བུའོ།།
༤རྣམ་པ་བཀོད་འབྲི་བྱེད་པ།
     ཐ་སྙད་གང་དེའི་མཚོན་བྱའི་དངོས་པོའི་རྣམ་པ་གླེང་བ་སྟེ། དཔེར་ན། ལྷུང་ལྷུང་་་་་་ཆུ་ཕྲན་བཞུར་སྒྲ་དང་བཅས་ཏེ་འབབ་པའི་རྣམ་པ། འཇོ་སྒེག་་་་མཛེས་ཉམས་མངོན་པའི་སྟངས་སྟབས་ཞེས་པ་ལྟ་བུའོ།། དོན་དུ་འགྲེལ་ཚུལ་འདིའི་རིགས་ནི་མཚན་ཉིད་འགོད་པའི་རིགས་གཏོགས་སོ།།
༥སྒྲ་བཤད་འདྲེན་པ།
    ཐ་སྙད་གང་དེའི་དོན་དེ་མིང་གི་སྒྲ་བཤད་ཀྱི་ལམ་ནས་འགྲེལ་བ་སྟེ། སྒྲ་བཤད་འགྲོ་སའི་ཐ་སྙད་སྤྱིར་བཏང་དུ་རྗེས་གྲུབ་གྱི་མིང་ཡིན་དགོས་པ་ལྟ་བུའོ།། དཔེར་ན། གང་ཟག་་་་་་གང་བའམ་ཟག་པའི་བདག་ཉིད་ཅན་དེའོ་ཞེས་པ་ལྟ་བུ།
༦ སྐད་ཆའི་གནས་སྐབས་ཀྱིས་འགྲེལ་བ།
     ཐ་སྙད་གང་དེའི་སྐབས་དོན་ཅི་ཡིན་སྐད་ཆའི་གནས་སྐབས་ལ་ལྟོས་ན་མ་གཏོགས་གོ་མི་ཐུབ་པའི་བརྡ་དོན་འགྲེལ་བྱེད་ལ་སྐབས་དོན་མ་འདྲ་བའི་ཚིག་དཔེ་དྲངས་ཏེ་འགྲེལ་བཤད་རྒྱག་པ་ཞིག་ཡིན་ཏེ། དཔེར་ན་ཕག་པ་ཞེས་པ་སྐབས་རེ་བླུན་ཞིང་གཏི་མུག་པའི་དོན་ལ་གོ་རྒྱུ་ཡོད་པ་སྐད་ཆའི་གནས་སྐབས་ཀྱི་འགྲེལ་བའི་སྒོ་ནས་མཚོན་ན། མི་འདི་ནི་ཕག་པ་ལས་ཀྱང་ཕག་པའོ།། ཞེས་པའི་དཔེ་ཚིག་ནང་གི་ཕྱི་མ་ནི་བླུན་ཞིང་གཏི་མུག་པའི་དོན་ལ་གོ་བའོ་ཞེས་པ་ལྟ་བུ།།
(གཉིས) འགྲེལ་བའི་གཟབ་བྱ།
      འགྲེལ་སྐྱོན་པའི་སྐབས་མིང་མཛོད་ཀྱི་ངོ་བོ་ལ་བསྟུན་པའི་འགྲེལ་རྒྱག་པ་ལས་བསྡུས་དྲགས་པ་དང་རྒྱས་དྲགས་པ་དང་གཙོ་བོ་འཛིན་པ་གནད་ལ་མ་ཞོག་པ་སོགས་ནི་སྤང་བར་བྱ་བའི་སྐྱོན་ཡིན།། དཔེར་ན་ཚྭ་ཞེས་པའི་ཐ་སྙད་ལ་མཚོན་ན། མིང་མཛོད་བསྡུས་འབྲིང་ངམ་བརྡ་དག་མིང་མཛོད་ཀྱི་རིགས་སུ་ཟས་ཀྱི་བྲོ་རྫས་ཀྱི་ཕྱོགས་ནས་འགྲེལ་སྐྱོན་པས་འཐུས་ལ། རིག་གནས་མིང་མཛོད་དུ་ཚྭའི་བྲོ་རྫས་འགྱུར་གྱི་ངོ་བོ་སོགས་ནས་འགྲེལ་རྒྱག་ལ། ཤེས་བྱ་ཀུན་བསྡུས་མིང་མཛོད་དུ་ཚའི་བྲོ་རྫས་ཀྱི་རང་བཞིན་དང་རྫས་འགྱུར་གྱི་ངོ་བོ་སོགས་ཕྱོགས་སྣ་ཚང་བའི་འགྲེལ་རྒྱག་པ་ལྟ་བུའོ།། ཡང་དཔེར་ན། རིག་གནས་གསར་བརྗེ་ཞེས་པའི་ཐ་སྙད་ལ་མཚོན་ན། ཆབ་སྲིད་ཚིག་མཛོད་དུ་རིག་གནས་གསར་བརྗེ་ཡི་ཆབ་སྲིད་ངོ་བོ་ངོ་སྤྲོད་པ་ལས་ཕྱོགས་གཞན་གྱི་གནད་དོན་གླེང་བྱ་མིན་ལ། ལོ་རྒྱུས་མིང་མཛོད་དུ་རིག་གནས་གསར་བརྗེ་ཡི་ལོ་རྒྱུས་འཕེལ་རིམ་གྱི་གླེང་བྱ་ལས་གནད་དོན་གཞན་གླེང་དགོས་མེད་ལ།  རིག་གནས་མིང་མཛོད་དུ་རིག་གནས་གསར་བརྗེ་ཡི་རིག་གནས་རང་བཞིན་སྐོར་ངོ་སྤྲོད་པ་ལས་ཕྱོགས་གཞན་གྱི་གླེང་བྱ་འདྲེན་མི་དགོས་པ་ལྟ་བུའོ།། དེས་ན་འགྲེལ་རྒྱག་སྟངས་གནད་ལ་ཐུག་མིན་གྱིས་མིང་མཛོད་རྩོམ་པ་པོའི་ཆུ་ཚད་ཐད་ཀར་མཚོན་ཐུབ་པས་དེའི་ཕྱོགས་ཀྱི་འཇོན་ཚད་ལ་དོ་སྣང་བྱེད་དགོས་སོ།།
གསུམ། རིམ་པར་སྒྲིག་པ།
      རིམ་པར་སྒྲིག་པ་ཞེས་པ་ནི་མིང་མཛོད་ནང་གི་ནང་དོན་དངོས་གཞིའི་ཐ་སྙད་དམ་དགྲོལ་བྱའི་ཐ་སྙད་ཀྱི་རིམ་པ་སྒྲིག་སྟངས་ཏེ།  དེ་ནི་ཡི་གེའི་བྱ་ར་ལས་ཐད་ཀར་མངོན་པ་ཡིན། ཡི་གེའི་བྱ་རའི་རིམ་པ་ཐད་ཀར་སྒྲིག་ཚེ་བསྒྲིག་བྱ་མི་འདྲ་བའི་སྒོ་ནས་སྒྲིག་སྟངས་རིགས་གཙོ་བོ་སྣ་ཁ་མི་འདྲ་བ་གསུམ་སྟེ། སྒྲའི་རིམ་པར་སྒྲིག་པ་དང་། གཟུགས་ཀྱི་རིམ་པར་སྒྲིག་པ་དང་། དོན་གྱི་རིམ་པར་སྒྲིག་པ་བཅས་སོ།།
( གཅིག) སྒྲའི་རིམ་པར་སྒྲིག་པ།
      དེ་ནི་གཙོ་བོ་སྒྲ་མཚོན་ཡི་གེ་སྟེ་བོད་ཡིག་ལྟ་བུའི་སྒྲ་སྦྱོར་ཡི་གེ་ལ་སྤྱོད་བདེ་བ་ཞིག་སྟེ། སྒྲའི་སྦྱོར་ཡི་གེའི་གསལ་བྱེད་ཀྱི་གོ་རིམ་མམ། དབྱངས་གསལ་གྱི་གོ་རིམ་དང་། དེ་དག་གི་ཞིབ་ཆའང་སྒྲ་རྒྱུ་ཉུང་བ་ནས་མང་བར་སྡེབ་སྟངས་ཀྱི་གོ་རིམ་བཞིན་སྒྲིག་པ་སྟེ། དཔེར་ན་<<དག་ཡིག་གསར་བསྒྲིགས>>་ཞེས་པ་ལྟ་བུ།
(གཉིས) གཟུགས་ཀྱི་གོ་རིམ་ལ་སྒྲིག་པ།
      དེ་ནི་ཡིག་རིས་ཀྱི་ཁྱད་པར་གྱིས་ཕྱེས་བའི་སྒྲིག་ཚུལ་ཏེ། གཟུགས་ཀྱི་རིམ་སྒྲིག་ལའང་ཡི་གེའི་འདོགས་ཡིག་(偏旁部首)གི་རིམ་པར་སྒྲིག་པ་དང་ཡི་གེའི་སྨྱུག་འཐེན་(笔画)གྱི་རིམ་པར་སྒྲིག་པ་གཉིས་ཏེ། རྒྱ་ནག་ཡི་གེའི་མིང་མཛོད་རྙིང་བ་འགའ་རེ་ཚུལ་དེ་ལྟར་བསྒྲིགས་ཡོད་དེ། དཔེར་ན་རྒྱ་ནག་གི་གནའ་སྔ་མོའི་མིང་མཛོད་<<说文解字>>་ནི་འདོགས་ཡིག་ གི་རིམ་པས་བསྒྲིགས་པ་དང་། ཧྲང་ཧེ་དག་ཡིག་དཔེ་སྐྲུན་ཁང་གིས་༡༩༨༡ ལོའི་ཟླ་༩བར་པར་དུ་བསྐྲུན་པའི་<<宗教辞典>>ནི་སྨྱུག་འཐེན་གྱི་རིམ་པས་བསྒྲིགས་པ་ལྟ་བུའོ།།
(གསུམ) དོན་གྱི་རིམ་པར་སྒྲིག་པ།
     ཐ་སྙད་ཀྱི་ཕྱོགས་ནས་ཕྱོགས་གཏོགས་ཡིན་པའམ་དོན་ལ་འགྲེལ་བ་ཡོད་པ་དག་སྐོར་བྱས་ཞིང་སྐོར་ཚན་དེ་དག་ཀྱང་དོན་གྱི་འགྲེལ་བ་ཆགས་ལུགས་ཤིག་གི་སྒོ་ནས་རིམ་པར་སྒྲིག་ཚུལ་ཞིག་སྟེ། དཔེར་ན་<<སྐད་ལྔ་ཤན་སྦྱར་མཉྫུའི་སྐད་གསལ་བའི་མེ་ལོང་>> དང་<<དག་ཡིག་མཁས་པའི་འབྱུང་གནས་>>ལྟ་བུ་སོགས་ནི་དེའི་རིགས་གཏོགས་སོ།།
མཐའ་དཔྱད།
     མིང་མཛོད་ཀྱི་ནང་དོན་དངོས་གཞི་སྒྲིག་པའི་ཚེ་དེའི་གོ་རིམ་སྒྲིག་སྟངས་ལ་ཡིག་རིགས་ཀྱི་ངོ་བོ་མ་འདྲ་བའི་སྒོ་ནས་སྐད་ཡིག་སོ་སོར་བསྟུན་པའི་སྒྲིག་སྟངས་ཡོང་རྒྱུ་ཡོད་ལ། འགྲེལ་བཤད་སྐྱོན་པའི་སྐབས་སུའང་རིག་ཚན་གྱི་ངོས་ནས་དམིགས་ཡུལ་མ་འདྲ་བ་དང་རྒྱས་བསྡུས་མ་འདྲ་བའི་འགྲེལ་བཤད་སྣ་ཚོགས་ཡོང་རྒྱུ་ཡོད། ས་བཅད་འདིར་སོང་བའི་འགྲེལ་བ་སྐྱོན་སྟངས་གཙོ་བོའི་ཆ་ནས་བརྡ་དག་མིང་མཛོད་ཀྱི་ འགྲེལ་བཤད་ཀྱི་ལྟོས་གཞི་ཡིན་ལ། རིག་གནས་མིང་མཛོད་ཀྱི་འགྲེལ་བ་སྐྱོན་སྟངས་ལ་དོན་འབྲུ་གཅིག་རྐྱང་དང་། དོན་འབྲུ་གཅིག་པོ་དེར་ཡང་ཆེད་ཚན་རིག་གནས་ཀྱི་རང་བཞིན་ཐོན་པའི་སྒོ་ནས་དོན་རྫས་བསགས་སྟངས་ཀྱང་ཡང་དག་པ་གཅིག་དང་། དེ་ལ་འགྲེལ་བཤད་<<释义>>ཡང་དག་ཀྱང་གཅིག་མ་གཏོགས་མེད་པ་ནི་ངེས་པར་ངོས་ཟིན་དགོས་པ་ཞིག་གོ། དེ་བཞིན་བརྡ་དག་མིང་མཛོད་དག་ཏུ་ཐོན་པའི་འགྲེལ་བཤད་ཀྱི་སྐབས་སུ་འང་།  བརྡ་འབྲུ་ལ་འགྲེལ་བཤད་ཇི་ལྟར་ཕོག་ཐུབ་མིན་ནི་བརྡ་འབྲུ་དེར་དོན་འབྲུ་ཅི་ཙམ་ཡོད་མེད་དང་དོན་འབྲུ་རེ་ལ་དོན་རྫས་ག་ཚོད་ཡོད་མེད་ཧ་གོ་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོར་ཆགས་ཡོད། དེ་ཡང་དོན་འབྲས་ཀྱིས་དོན་འབྲུ་འགྲུབ་ཅིང་།  དོན་འབྲུ་གཅིག་གམ་དུ་མ་ཡིས་འགྲེལ་བཤད་འགྲུབ་པ་ཡིན། སྤྱིར་ཐ་སྙད་དམ་བརྡ་འབྲུ་ཞིག་ལ་ཡང་དག་པའི་འགྲེལ་བཤད་ནི་གཅིག་ལས་མེད་པ་ཞིག་ཡིན་དགོས་ཀྱང་། མིང་མཛོད་སྒྲིག་པ་པོས་དོན་འབྲུ་མང་ཉུང་དང་དོན་འབྲུ་གང་དག་གི་དོན་རྫས་ལ་ངོས་ཟིན་པའི་ཆུ་ཚད་མི་འདྲ་བས་རྐྱེན་གྱིས་བརྡ་འབྲུ་གཅིག་པ་ཞིག་ལ་མིང་མཛོད་མ་འདྲ་བ་དང་དག་གི་ནང་ནས་འགྲེལ་བཤད་མི་འདྲ་བ་ཐོན་གྱི་ཡོད་པ་དེས་འགྲེལ་བཤད་དག་གི་ཁྲོད་ནས་འགྲེལ་བཤད་ལ་ལ་ནི་གནད་ལ་མ་ཞོག་པའི་གནད་དོན་ཅན་ཡིན་པ་མངོན་པ་ཡིན།  གཞན་ཡང་མིང་མཛོད་ནང་གི་འགྲེལ་བཤད་ཀྱི་སྐབས་སུ་ཐོན་སླ་བའི་གནད་དོན་ཞིག་ནི། མིང་མཛོད་གསར་བྱུང་མི་ཉུང་བ་ཞིག་གི་ནང་དུ་མིང་མཛོད་རྙིང་པ་ལས་དྲངས་པའི་འགྲེལ་བཤད་ཀྱིས་ས་ངེས་ཅན་ཞིག་ཟིན་གྱི་ཡོད།  དེ་ལྟ་བུའི་ཕྱིས་སུ་བྱུང་བའི་མིང་མཛོད་ལ་གསར་རྩོམ་གྱི་རིན་ཐང་ཅི་ཙམ་ཡོད་མེད་དང་། གསར་རྩོམ་གྱི་ཆ་ཅི་ཙམ་ཡོད་མེད་དང་། རྙིང་བ་བསྐྱར་ཟློོས་ཀྱིས་གསར་རྩོམ་མིན་ལ། ཐ་ན་བརྐུས་བཤུས་ཡིན་པ་སོགས་ཀྱི་གནད་དོན་ཡང་མིང་མཛོད་རིག་པ་དང་འགྲེལ་ཡོད་ཐག་གཅོད་དགོས་པའི་གནད་དོན་ཞིག་ཡིན།

བོད་སྐད་མིང་བརྡ་རིག་པ་བྱ་བ་ལས་བཏུས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
tqjw བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41715501
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1