ཐུབ་གཞོན་གྱི་སྙན་ངག་བཏུས་རྩོམ་ཁག་དང་བོ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 22 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཐུབ་གཞོན་གྱི་སྙན་ངག་བཏུས་རྩོམ་ཁག་དང་བོ།
ཐུབ་གཞོན་གྱི་སྙན་ངག་བཏུས་རྩོམ་ཁག་དང་བོ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2014/12/27ལྟ་ཀློག (5024)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཇི་ལྟར་ཇི་ལྟར་དེ་ལྟར་དེ་ལྟར།

                              ཐུབ་གཞོན་ནས།

ཇི་ལྟར་ཇི་ལྟར་སེམས་པ་འཁྱག་ན་དེ་ལྟར་དེ་ལྟར་ཁེར་རྐྱང་ཡིན།།

ཇི་ལྟར་ཇི་ལྟར་སྡུག་སྨྲེ་མང་ན་དེ་ལྟར་དེ་ལྟར་སེམས་པ་འཁྲུག།

ཇི་ལྟར་ཇི་ལྟར་བཟོད་པ་སྒོམ་ན་དེ་ལྟར་དེ་ལྟར་ཁོག་རྒྱ་ཡངས།།

ཇི་ལྟར་ཇི་ལྟར་དཔྱད་འཚོལ་མང་ན་དེ་ལྟར་དེ་ལྟར་ཐོབ་བྱ་མང་།།

 

ཇི་ལྟར་ཇི་ལྟར་སྙིང་སྟོབས་བསྐྱེད་ན་དེ་ལྟར་དེ་ལྟར་མདུན་བསྐྱོད་ཐུབ།།

ཇི་ལྟར་ཇི་ལྟར་བསམ་བློ་གླེང་ན་དེ་ལྟར་དེ་ལྟར་ནེམ་ནུར་མང་།།

ཇི་ལྟར་ཇི་ལྟར་ཕན་ཚུན་མཐུན་ན་དེ་ལྟར་དེ་ལྟར་བརྩེ་དུང་ཟབ།།

ཇི་ལྟར་ཇི་ལྟར་ན་ཟུག་ཆེ་ན་དེ་ལྟར་དེ་ལྟར་དྲན་གདུང་ལྕི།།

 

ཇི་ལྟར་ཇི་ལྟར་བློ་སྦྱང་ཡོད་ན་དེ་ལྟར་དེ་ལྟར་ངེས་ཤེས་སྐྱེས།།

ཇི་ལྟར་ཇི་ལྟར་སློབ་སྦྱོང་མེད་ན་དེ་ལྟར་དེ་ལྟར་འབྲས་བུ་མེད།།

ཇི་ལྟར་ཇི་ལྟར་ཤེས་རབ་མེད་ན་དེ་ལྟར་དེ་ལྟར་ཐབས་ལམ་མེད།།

ཇི་ལྟར་ཇི་ལྟར་མགོ་བོ་རྒུར་ན་དེ་ལྟར་དེ་ལྟར་བརྙས་བཅོས་རེག།

 

ཇི་ལྟར་ཇི་ལྟར་རིག་གནས་མེད་ན་དེ་ལྟར་དེ་ལྟར་དབུལ་བོ་ཡིན།།

ཇི་ལྟར་ཇི་ལྟར་གདམས་གསེས་མེད་ན་དེ་ལྟར་དེ་ལྟར་ཁ་ཕྱོགས་མེད།

ཇི་ལྟར་ཇི་ལྟར་འཚོ་བ་རོལ་ན་དེ་ལྟར་དེ་ལྟར་བདེ་སྡུག་འོང་།།

ཇི་ལྟར་ཇི་ལྟར་སྤྱི་ཚོགས་བགྲོ་ན་དེ་ལྟར་དེ་ལྟར་སྐྱོན་ཆ་མང་།།

 

ཇི་ལྟར་ཇི་ལྟར་ང་རྒྱལ་ཡོད་ན་དེ་ལྟར་དེ་ལྟར་བདེ་བ་མེད།།

ཇི་ལྟར་ཇི་ལྟར་ཕྲག་དོགས་ཆེ་ན་དེ་ལྟར་དེ་ལྟར་ཁོག་རྒྱ་ཆུང་།།

ཇི་ལྟར་ཇི་ལྟར་ཁེར་རྐྱང་ཡིན་ན་དེ་ལྟར་དེ་ལྟར་ལྷིང་འཇགས་ཡིན།།

ཇི་ལྟར་ཇི་ལྟར་བློ་ཐག་ཉེ་ན་དེ་ལྟར་དེ་ལྟར་འཛུམ་མདངས་ཡོད།།

 

                            9/21ཉིན་གཙོད་ནས།


ཁ་བྱང་མེད་པའི་སྙན་ཚོམ་ནག་རིལ་མ

                              ࿐མྱི་རྩ་དར་རྒྱས་ནས།

སྐྱི་བསེར་རླུང་གི་ངར་ཁ་བརྒྱུད་ཀིན་བརྒྱུད་ཀིན་འོང་།།

རྒྱལ་ཕམ་གཉིས་ཀྱི་རྦ་རླབས་འཕྱོ་བཞིན་འཕྱོ་བཞིན་འོང་།།

བདེ་སྡུག་གཉིས་ཀྱི་རི་མོ་འབྲི་ཀིན་འབྲི་ཀིན་འོང་།།

ལངས་མ་གོག་གི་གོམ་པ་སྤོ་བཞིན་སྤོ་བཞིན་འོང་།།

 

འདོ་རིགས་རྟ་ཕོའི་བང་ཁ་ངོམ་གྱིན་ངོམ་གྱིན་འོང་།།

ཤེས་རིག་མཛའ་མོ་བག་ལ་བསུ་བཞིན་བསུ་བཞིན་འོང་།།

མདོ་སྔགས་ཤེས་རབ་ཉིང་ཁུ་འཐུང་གིན་འཐུང་གིན་འོང་།།

ཚུལ་འཆོས་གཟིགས་ལྤགས་རྒྱབ་ལ་གོན་གྱིན་གོན་གྱིན་འོང་།།

 

ཚོགས་གཉིས་གསེར་གྱི་ས་བོན་བཏབ་ཀྱིན་བཏབ་ཀྱིན་འོང་།།

ལོག་རྟོག་བྲག་རི་དམར་ཐེམ་གཏོར་གྱིན་གཏོར་གྱིན་འོང་།།

བཀའ་གདམས་དམ་པའི་གསུང་རབས་ཀློག་གིན་ཀློག་གིན་འོང་།།

བཙག་རླུང་རྩམ་པ་སྐྱ་བོ་བགམ་གྱིན་བགམ་གྱིན་འོང་།།

 

སྟོང་ཉིད་འོ་མའི་མར་ལོ་བཞེས་ཀྱིན་བཞེས་ཀྱིན་འོང་།།

འཇིག་རྟེན་སྒྱུ་མའི་འཕྲུལ་ལ་མཚར་གྱིན་མཚར་གྱིན་འོང་།།

རང་སེམས་གཏིང་ཟབ་རྒྱ་མཚོ་དཀྲུགས་ཀྱིན་དཀྲུགས་ཀྱིན་འོང་།།

མི་རྟག་མཛེས་མའི་གར་དང་སྡེབས་ཀིན་སྡེབས་ཀིན་འོང་།།

 

བྱམས་བརྩེ་བུ་རམ་མངར་མོ་ལྡག་གིན་ལྡག་གིན་འོང་།།

འགྱུར་མེད་བརྩེ་བའི་འོད་གསལ་འཛུམ་གྱིན་འཛུམ་གྱིན་འོང་།།

ཀུན་རྫོབ་བཏགས་དོན་ཞིབ་མོར་འཐག་གིན་འཐག་གིན་འོང་།།

རང་སེམས་རྭ་ཅོ་རང་གཤིས་བཅོས་ཀྱིན་བཅོས་ཀྱིན་འོང་།།

 

ཁ་བའི་འདབ་མ་ལུས་ལ་གྱོན་གྱིན་གྱོན་གྱིན་འོང་།།

སྡོང་ལོ་སེར་པོ་ས་ལ་འདྲུད་ཀྱིན་འདྲུད་ཀྱིན་འོང་།།

རང་ལམ་ཁེར་ལམ་སྐྱ་བོ་ཕྱག་གིན་ཕྱག་གིན་འོང་།།

དགའ་སྐྱོ་སྨྱུ་གུའི་རྩེ་ནས་སྐྱུག་གིན་སྐྱུག་གིན་འོང་།།

 

                 9/18ཉིན་ཧོར་གཙང་ཀིརྟིའི་དགོན་དགེ་ལྡན་

                  བསྟན་འཕེལ་གླིང་ཁ་བ་གོས་སུ་བཀླུབས་པའི་ཞོགས་ཀ་ཞིག་ལ།

                ༼ཚོར་བ་ཁ་ཚ་མ།༽

 

 

            _________མྱི་རྩ་དར་རྒྱས་ནས།

 

སྐྱོ་ན་ཐམས་ཅད་སྐྱོ་ཞིག་སྐྱོ་བའི་བཟི་ན་མིག་ཆུ་ཡིན།།

དགའ་ན་ཐམས་ཅད་དགའ་ཤིག་དགའ་བའི་སྨྱོ་ན་བདེན་པ་ཡིན།།

དགའ་མ་སྐྱོ་ཡི་མི་ཚེ་བཞུད་ན་མཚར་སྡུག་རང་མདངས་གང་ནས་འབུད།།

གཉིད་མ་སད་ཀྱི་མི་ཡུལ་ཆེན་པོ་བསམ་ཞིང་བསམ་ན་ཡིད་རེ་སྐྱོ།།

 

བརྩོན་ན་ཐམས་ཅད་བརྩོན་དང་བརྩོན་པའི་རྫོགས་ན་དཀའ་ཐུབ་ཡིན།།

གཡེང་ན་ཐམས་ཅད་གཡེང་དང་འདོད་པའི་ཁམས་འདི་དེ་ཡི་རྟེན།།

བརྩོན་མ་གཡེང་གི་ལོ་ཟླ་བྲེགས་ན་རྐང་གཉིས་ཙམ་གྱི་སྒྲ་ཤད་ཉིད།།

རྙིང་མ་ཞེན་གྱི་བག་ཏུ་འཁུམ་ན་ལྟོ་འགྲངས་ལས་ལ་ཞེན་ལོག་སྐྱེ།།

 

གསར་ན་ཐམས་ཅད་གསར་དང་གསར་བའི་གཡོགས་ན་འཁྲུལ་ཤེས་ཡིན།།

རྙིང་ན་ཐམས་ཅད་རྙིང་དང་རྙིང་བའི་སྤྲས་ན་འགྱོད་གདུང་ཡིན།།

གསར་མ་རྙིང་གི་གསེར་ཟམ་སྦྲེལ་ན་དབང་ཕྱུག་མགུ་བའི་རྫུ་འཕྲུལ་ཡིན།།

ལངས་མ་གོག་གི་བདེན་པ་སྲུང་ན་རི་བོང་མཚན་མ་རྟགས་སུ་གྲུབ།།

 

གོ་ན་ཐམས་ཅད་གོ་ཞིག་གོ་བའི་ཕྱུག་ན་ལོངས་སྤྱོད་ཡིན།།

བསམ་ན་ཐམས་ཅད་བསམ་དང་བསམ་པར་འཐིམ་ན་བསམ་པའི་སྤུངས་ན་རིན་ཆེན་ཡིན།།

གོ་མ་བསམ་གྱི་པོ་ཏི་རྫོགས་ན་ཀུན་མཁྱེན་ཤེས་བྱ་རྒྱང་ན་འདུག།

དབུགས་ན་ཧར་གྱི་ལ་ལུང་བརྒལ་བ་འཇིག་རྟེན་ལྟད་མོར་གཟུང་བ་འཁྲུལ།།

 

གཏམ་གྱི་ལང་ཚོ་རིམ་གྱིས་རྒས་ནས་ས་སྒང་འདི་ལ་རི་མོ་ཕབ།།

གཡམ་གྱི་སྤྲིན་ནག་མཁའ་རུ་འཁྲིགས་ནས་གཏན་ཚིགས་ཀུན་གསལ་གང་དུ་བྲོས།།

མྱི་ཁའི་རྩམ་བྲོ་རྒྱབ་ཏུ་འཁུར་ནས་དྲན་པའི་མིག་ཞགས་སེམས་ལ་ཟགས།།

བདེ་འདོད་སྡུག་འབད་མགོ་རྟིང་སློག་པའི་གནས་འདི་མ་གཟིགས་ལག་ལྡན་རྨོངས།།

 

བདེན་པའི་ང་རོ་རོ་ལངས་མ་བྱས་མུན་པའི་འཇིག་རྟེན་འཐག་པར་བྱས།།

ངང་བའི་མིག་ཆུ་མཚོ་ལ་མ་འདྲེས་མྱ་ངན་སྨྲེང་གཞས་རླུང་ལ་བསྐུར།།

བདེན་སྟོང་ཆོས་ལ་ངེས་ཤེས་མ་སྐྱེས་ཚིག་གི་གཙུག་ལག་འབུམ་ཕྲག་བཞེངས།།

ཚིག་གི་རིས་ལ་ཞེན་པའི་འདང་ཆགས་རྣམ་འབྱེད་རལ་གྲི་ལག་ནས་ལྷུང་།།

 

                             10/1/ཧོར་གཙང་ཀིརྟི་དགོན་ནས།

 


ཆེས་ཐག་ཉེ་ས་ནས་ལྷུང་བའི་སྙན་ངག་གི་མིག་ཆུ་ཆུན་པོ།

            ࿐མྱི་རྩ་དར་རྒྱས་ནས།

གངས་སྟོད་མཐོན་པོ་མ་འགྲིམ་པར།།

སེང་གེ་དཀར་མོར་གང་གིས་ཐུག།

 

ཚང་ཚིང་ནགས་ཀླུང་མ་འགྲིམ་པར།།

དམར་ཡག་སྟག་ལ་གང་གིས་ཐུག།

 

མྱི་ཁའི་གཏམ་དང་མ་འགྲོག་པར།།

སེམས་མཐུན་གྲོགས་ཞིག་གང་གི་རྙེད།།

 

ཤེས་རབ་མེ་ལྕེ་མ་སྦར་བར།།

གཏི་མུག་ནག་པོ་གང་གིས་བསྲེག།

 

བརྩོན་འགྲུས་ཆུ་བོ་མ་བཞུར་ན།།

འབྲས་བཟང་ལྗོན་པ་གང་ནས་སྐྱེས།།

 

འཛུམ་པའི་བརྡ་ཞིག་སྟོང་གྱུར་ན།།

སྙིང་གཏམ་སྒོ་གླེགས་གང་གིས་ཕྱེ།།

 

ཤེས་རབ་གྲོགས་དང་མ་འཕྲད་ན།།

སྟོང་ཉིད་ལྟ་བ་གང་གིས་རྟོགས།།

 

སྡུག་པའི་ཁུར་བོ་མ་འཁུར་ན།།

བདེ་སྐྱིད་ཟེར་བ་གང་གིས་རྙེད།།

 

བདེ་སྡུག་གཉིས་ཀ་མ་གཤིབ་ན།།

མི་ཚེ་རིན་ཐང་གང་གིས་རྙེད།།

 

ཡུལ་གྱི་དགྲ་དང་མ་འཕྲད་ན།།

བཟོད་པ་ནོར་མཆོག་གང་གིས་རྙེད།།

 

སེམས་ཀྱི་རང་ཚུགས་ཤོར་སོང་ན།།

ཆམ་དུ་ཐེར་ཟུག་སུ་ལ་འོང་།། 

 

རྙོག་འཛིང་གཡང་ལ་མ་མཆོང་ན།།

ཁེར་རྐྱང་འཚོ་བར་གང་གིས་ཆགས།།

 

མི་ལ་གདོང་ཟིག་མ་གཏད་ན།།

སེམས་ཀྱི་འགྱུར་བག་གང་གིས་རྙེད།།

 

ཚིག་གི་ཟུར་མདའ་མ་འཁུར་ན།།

མི་ཡི་གྲལ་དུ་གང་གིས་འགྱིང་།།

 

ངོམ་སོའི་བརྙས་སྨོད་མ་འཁུར་ན།།

ཁེར་ལམ་སྐྱ་བོར་གང་གིས་སྙེག།

 

ཕྲག་དོག་གྲིབ་མར་མ་འགྲོག་ན།།

རང་ཉིད་འགོང་འདྲེར་གང་གིས་རྟོགས།།

 

 

༡༤/༨/༢༠ཉིན་གྱི་ཞོགས་པར་གྲུབ།


ལོ་ཙཱ་བའི་བཀའ་དྲིན་གྱི་ང་རོ།

                              __________ཐུབ་གཞོན་ནས།

༄༅།།གསུང་དབྱངས་ཡན་ལག་དྲུག་ཅུའི་དཔལ་མངའ་བ།།

          རབ་སྙན་རྒྱུད་མང་འདོད་དགུའི་ཡིད་སྐོང་བ།།

         ཚངས་སྲས་འདོད་འཇོ་དབྱངས་ཅན་ངག་གི་ལྷར།།

         སྒོ་གསུམ་རབ་གུས་བདག་ལ་དངོས་གྲུབ་བསྩོལ།།

 

        ཕུན་ཚོགས་དགེ་ལེགས་བྱེ་བའི་རབ་གཏམས་ཤིང་།།

         མ་ལུས་ཤེས་བྱ་རང་སོར་ལྷུག་སྩོལ་བའི།།

        མཚན་ལྡན་རྗེ་བཙུན་དགེ་བའི་བཤེས་རྣམས་ཀྱི།།

        ཐུགས་དམ་རྡོ་རྗེ་གུར་ནས་བདག་བཟུང་ཤིག།

 

         དཀའ་བ་འབུམ་གྱིས་རྒྱ་གར་འཕགས་པའི་ཡུལ།།

         བགྲོད་ནས་གཞུང་ལུགས་རྒྱ་མཚོ་ལེགས་བྱང་ནས།།

       བོད་ཡུལ་མུན་པའི་སྣང་བ་རབ་གྲོལ་ཏེ།།

        བཀའ་བསྟན་རི་རབ་བསྒྱུར་བའི་ལོ་ཙཱ་བསྔགས།།

 

       དཀའ་སྡུག་རི་རབ་གཏོས་ལ་མ་གཟིགས་ནས།།

       གཉེན་དང་ཆུང་མར་ཞེན་ཆགས་རབ་སྤངས་ཏེ།།

       གདོང་དམར་བོད་པ་ཟེར་བའི་འབྱུང་འགྱུར་དོན།།

      རང་སྲོག་འབེན་ལ་བཞག་པའི་ལོ་ཙཱ་མཁྱེན།།

 

       མགོ་ནག་བོད་ཀྱི་བསྟན་འགྲོ་དོན་གྱི་སླད།།

        མཁན་ཆེན་བོ་ངྷི་ཇོ་བོ་མར་མེ་སོགས།།

       གདན་དྲངས་རྒྱལ་བ་བསྟན་པའི་ཉིན་བྱེད་ཀྱི།།

       འོད་སྣང་གླིང་བཞིར་ཁྱབ་པའི་ལོ་ཙཱ་དྲན།།

      

       གླེགས་བམ་བརྒྱ་བྱིན་གྲོང་གི་ཡི་གེ་ཅན།།

       རྣམ་དཔྱོད་ལྕགས་ཀྱུས་དྲངས་ཏེ་ཕྱག་ལྡུམ་འོང་།།

        འཕགས་ཡུལ་ཡི་གེ་ལས་འོངས་དོན་བཟང་བོ།།

        བོད་དུ་བདེ་ལེགས་བསྒྱུར་བའི་ལོ་པཎ་བསྔགས།།

 

         ཀེ་ལ་ཤ་ཡི་མུ་མཁྱུད་སྐོར་བའི་ཞིང་།།

         མི་ཤེས་རྨོངས་བའི་སྤྲིན་ནག་འཐིབ་པ་འདིར།།

        རྒྱལ་བའི་བཀའ་ཡི་དྲང་དང་ངེས་པའི་དོན།།

         སྒྲ་དོན་ལག་ལ་འཁྱེར་བའི་ལོ་ཙཱ་རྨད།།

   

         རྒྱ་གར་ཤར་ནུབ་བྱང་ཕྱོགས་ཀརྨིར་གྱི།།

         དཔལ་དང་འབྱོར་ལ་མ་ཞེན་གངས་ཅན་གྱི།།

        བྱ་བ་བྱས་ཏེ་མི་ཚེ་རྫོགས་བྱས་པའི།།

         རྒྱལ་བའི་སྲས་མཆོག་ལོ་པཎ་རྣམས་ལ་འདུད།།

 

       བློ་གྲོས་མཁྱེན་བརྩེ་ཆུ་གཏེར་དཔལ་འཕྲོག་ཅིང་།།

       ཐུགས་ཡངས་བློ་རྒྱ་ནམ་མཁའ་ཁྲོ་བྱེད་ལ།།

       རྒྱལ་དང་རྒྱལ་སྲས་དགྱེས་པའི་མཆོད་གཏོར་བའི།།

       མཁས་མང་དེད་དཔོན་གངས་ཅན་ལོ་ཙཱ་མཆོད།།

 

        གངས་ལྗོངས་རྣམ་འདྲེན་ལོ་པཎ་སྐྱེས་བུའི་ཚོགས།།

       བཀའ་དྲིན་གཞལ་མེད་རིན་དུ་བསྔགས་བརྗོད་ཀྱི།།

       མ་བཅོས་ཚིག་གི་དོ་ཤལ་ཕྲེང་བ་ཡིས།།

       བསྐལ་བཟང་རྙེད་པ་ལེགས་བྱས་གཟེངས་དུ་མཐོ།།

 

      གངས་རིའི་ལོ་པཎ་རྟོགས་བརྗོད་མཐའ་ཡས་ཀྱང་།།

      འདི་ཀོ་བཀའ་དྲིན་གཞལ་བའི་མཆོད་སྤྲིན་དུ།།

      སྡེབ་སྦྱོར་ཚིག་ལ་སྦྲུམ་པའི་རིན་ཆེན་ཕྲེང་།།

       ངལ་གསོའི་ཚིགས་བཅད་གང་དུ་ལྷུང་བའི་དགེ།།

      

            9/29ཉིན་རང་ཤག་ཐོས་པ་འཚོལ་བའི་ལྡིང་ཁང་ནས།


དངོས་མིང་____མྱི་རྩ་དར་རྒྱས།

སྨྱུག་མིང་_____ཐུབ་གཞོན།

ཕ་ཡུལ______རྔ་བ་མཛོད་དགེའི་ཀིརྟི།

གླེང་མོལ_____༡༡༤༥༤༦༥༣༩༤


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
rogu བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15138617
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号