སྟུག་རྒྱའི་བཀའ་མགོན་གྱིས་དགའ་ལྡན་ལྔ་མཆོད་ཉིན་བྲིས་པའི་གཏམ་བཤད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སྒྱུ་རྩལ།» སྤྱི་ཚོགས་གཏམ་བཤད། »སྟུག་རྒྱའི་བཀའ་མགོན་གྱིས་དགའ་ལྡན་ལྔ་མཆོད་ཉིན་བྲིས་པའི་གཏམ་བཤ
སྟུག་རྒྱའི་བཀའ་མགོན་གྱིས་དགའ་ལྡན་ལྔ་མཆོད་ཉིན་བྲིས་པའི་གཏམ་བཤད།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/4ལྟ་ཀློག (25509)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


ཐོག་མར་དེ་རིང་འདིར་ཕེབས་པའི་དགེ་སློབ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུའོ། །

      སྤྱི་རྩིས་ལྟར་ན། དེ་རིང་ནི་སྤྱི་ལོ2014ལོའི་ཟླ12པའི་ཚེས16དང་། བོད་རྩིས་ལྟར་ན། རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་རེད། ཉིན་འདི་ལ་བོད་ཀྱི་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་པའི་མཆོད་སྒྲུབ་ཀྱི་དུས་ཆེན་ལ་ཁེལ་ཡོད། དགའ་ལྡན་ལྔ་མཆོད་ཅེས་པ་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་ནི་རྗེ་ཙོང་ཁ་པ་ཆེན་པོའི་གཤེགས་མཆོད་རེད། རྒྱུ་མཚན་ནི་རྗེ་ཙོང་ཁ་པ་ཆེན་པོ་མཆོག་ནི་བོད་རབ་བྱུང་བདུན་པའི་ས་ཕག་སྟེ་སྤྱི་ལོ1419ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས་པ་དང་། དེའི་ཕྱི་ལོ་སྟེ་རབ་བྱུང་བདུན་པའི་ལྕགས་བྱི་སྟེ་སྤྱི་ལོ1420ལོའི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཉིན་དགའ་ལྡན་དུ་དགོངས་རྫོགས་ཀྱི་སྒྲུབ་མཆོད་རྒྱ་ཆེན་མཛད་པ་ནས་བཟུང་ད་ལྟའི་བར་དུ་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྒྱ་བོད་ཧོར་གཙོས་པའི་ཡུལ་གྲུ་ཁག་ཏུ་དར་ཁྱབ་བྱུང་ནས་ལོ་ལྔ་བརྒྱད་དགུ་བཅུ་ལྷག་འདས་ཟིན་པ་ཞིག་གོ །

      དེ་རིང་གི་ཚེས་བཟང་སྐར་བཟང་འདི་ལ་ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གཙོས་པའི་བོད་ཀྱི་དགེ་སློབ་རྣམས་མཉམ་དུ་འདུས་ནས་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་བྱ་བའི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་ལྔ་པ་འཚོགས་པ་ལ་གང་གི་སྒོ་ནས་རྗེས་དྲན་བྱ་དགོས་སྙམ་ན། རིག་གཞུང་བགྲོ་གླེང་གི་གླེང་གཞི་གཙོ་བོ་སྟེ་ཤེས་རབ་དང་། ཐོས་བསམ། བརྩོན་འགྲུས་གསུམ་ཡིན་པ་ལྟར། ང་ཚོ་བོད་གངས་ཅན་པའི་བློ་གསལ་ཁྱེད་རྣམས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ས་མཐའ་འགྲིམས་ནས་པེ་ཅིན་གྲོང་ཁྱེར་དུ་ཡོང་བའི་རྒྱུ་མཚན་ནམ་དགོས་པ་གཙོ་བོ་ནི། ཤེས་རབ་ཅིག་འཚོལ་དུ་ཡོང་བ་རེད། ཤེས་རབ་བསྐྱེད་པ་ནི་ཐོས་བསམ་ལ་བརྟེན་དགོས། ཐོས་བསམ་ནི་བརྩོན་འགྲུས་ལ་བརྟེན་དགོས་པ་ཡིན་ཕྱིན། བརྩོན་འགྲུས་ཆེ་ཆུང་ལ་བརྟེན་ནས་ཐོས་བསམ་ཆེ་ཆུང་བྱུང་བ་དང་། ཐོས་བསམ་ཆེ་ཆུང་ལ་བརྟེན་ནས་ཤེས་རབ་ཆེ་ཆུང་བྱུང་བ་ཡིན་པའི་རྒྱུ་མཚན་ཤེས་རྒྱུ་ཤིན་ཏུ་གལ་ཆེ་ལ། དེ་རིང་འདི་ནས་རྗེ་ཙོང་ཁ་པ་ཆེན་པོ་ལ་རྗེས་དྲན་བྱ་བའི་དགོས་པ་དང་ནང་དོན་ཡང་དེ་ལས་མ་འདས་པར་སྙམ། ང་ཚོ་བོད་གངས་ཅན་པའི་བློ་གསལ་རྣམས་པེ་ཅིན་དུ་ཡོང་ནས་སློབ་སྦྱོང་དང་ཞིབ་འཇུག་བྱས་ནས་ལོ་རེ་དང་ཡང་ན་སློབ་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་པའི་ཚེ་ན། གློག་རྡུལ་སོགས་ཀྱི་རྩེད་མོ་རྩེ་ཤེས་མི་ཤེས་ཤིག་དང་། སྐད་འཕྲིན་བཀོལ་ཤེས་མི་ཤེས་ཤིག་དང་། ཡང་ན་གྱོན་ཆས་གསར་པ་གྱོན་ཤེས་མི་ཤེས་ཤིག་དང་། ཡང་ཐ་མག་འཐེན་པ་དང་ལྦུ་ཆང་མང་པོ་བཏུང་ཐུབ་མིན་སོགས་ཀྱི་ཚད་གཞི་ཞིག་དེ་ཕ་ཡུལ་དུ་ཁྱེར་ནས་མི་འགྲོ་བར་པེ་ཅིན་དུ་ཡོང་ནས་སློབ་སྦྱོང་བྱས་པའི་འབྲས་བུ་ལ་ཤེས་རབ་དང་། ཐོས་བསམ། བརྩོན་འགྲུས་ཀྱི་ཡོན་ཏན་དང་། ཐབས་ལམ། ནུས་སྟོབས་སོགས་ཆེ་ཆུང་རྣམས་ཕ་ཡུལ་དུ་ཁྱེར་ནས་སོང་ན་ཕ་མ་གཉིས་གཙོས་པའི་ནང་མི་སྤུན་ཟླ་རྣམས་ཀྱིས་ང་ཚོའི་ཆེད་དུ་བཏང་བའི་རྒྱུ་ཚེགས་གང་གི་ཆ་ནས་དོན་མེད་དུ་མ་སོང་བར་འབྲས་བུ་ཡོད་པ་ཞིག་བྱ་དགོས་པ་དེ་རེད། དེ་ལྟར་ཡིན་ན་ད་གཟོད་ཁོང་ཚོས་ང་ཚོ་ལ་བཅངས་པའི་རེ་སྨོན་ཐབས་ཅད་གྲུབ་པ་རེད་སྙམ། དེས་ན་སློབ་མ་ཞིག་ཡིན་ཚེ་དུས་ནམ་ཡང་རང་རྒྱུད་ལ་ཤེས་རབ་བསྐྱེད་དགོས་པ་དང་། ཤེས་རབ་བསྐྱེད་པ་ནི་ཐོས་བསམ་ལ་རག་ལས་པ་དང་། ཐོས་བསམ་ནི་བརྩོན་འགྲུས་ལ་རག་ལས་པར་བསམ་ནས་སློབ་སྦྱོང་དང་ཞིབ་འཇུག་བྱ་དགོས་ནི་སློབ་སྦྱོང་བྱ་བའི་ཀུན་སློང་རྣམ་དག་ཡིན་པ་དང་། སློབ་སྦྱོང་བྱ་བའི་དམིགས་ཡུལ་རྣམ་དག་ཡིན་པ་དང་། སློབ་སྦྱོང་བྱ་བའི་ཐབས་ལམ་ཡང་དག་པའང་ཡིན། དེ་ལྟར་བྱ་བ་ནི་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱིས་རང་རང་གི་ལུས་སྲོག་ཚུན་ཆད་ཤོར་བ་ལ་མ་འཛེམས་པར་འཛམ་གླིང་གི་ཡང་རྩེར་གྱུར་པའི་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་སྣོད་བཅུད་གཉིས་ཀྱི་དཔལ་ཡོན་དུ་གྱུར་པའི་ཆོས་དང་རིག་གནས་སྤྱི་དང་བྱེ་བྲག་རྣམས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་འཆད་སྒྱུར་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཕྱག་རྗེས་རྣམས་ཇི་སྲིད་བསྐལ་བ་མ་སྟོང་པའི་བར་དུ་མི་རབས་ནས་མི་རབས་བར་དུ་རྒྱུན་མི་ཆད་པར་རྗེས་དྲན་བྱ་བ་ནི་ལོ་རྒྱུས་ལ་ལྟ་བའི་རྗེས་དྲན་གྱི་མེ་ལོང་དང་། མ་འོངས་པ་ལ་ལྟ་བའི་གསལ་བྱེད་ཀྱི་མིག་དཔེ་མཆོག་ཏུ་གྱུར་དང་འགྱུར་དགོས་པར་སེམས་སོ། །

     དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་ལྔ་པ་ཚོགས་པར་རྗེ་ཙོང་ཁ་པ་ཆེན་པོ་དང་འབྲེལ་བའི་གཏམ་སྙན་འགའ་ཞུ་རྒྱུ་ཡོད་དེ།

      གཏམ་སྙན་དང་པོ་ནི། དེ་ཡང་གངས་ཅན་ཁྱད་ནོར་ཞེས་པའི་མཚན་ཐོག་ནས་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི༼རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། །༽ཞེས་པ་ལ་ཀ་ནས་ཚ་བར་གྱི་དེབ་བཅོ་བརྒྱད་དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་སྤྱི་ལོ2012ལོའི་ཟླ་༡༢པར་པར་གཞི་དང་པོ་བསྒྲིགས་ནས་པར་ཐེངས་དང་པོ་བཏབ་པ་སྟེ་སྤྱི་ལོ2013ལོར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འགྲེལ་སྤེལ་བྱས་པ་འདི་ནི་ད་ནས་བཟུང་རྗེ་ཙོང་ཁ་པ་ཆེན་པོའི་གསུང་གི་འཕྲིན་ལས་ཀྱི་རྒྱུན་མཐའ་ཟམ་མི་འཆད་པར་ཇི་སྲིད་བསྐལ་བ་མ་སྟོང་པའི་བར་དུ་གནས་ཤིང་དར་ཐུབ་པའི་མཐུན་རྐྱེན་རླབས་པོ་ཞིག་ཡིན་པར་སེམས་པ་དང་། ཁྱད་པར་དུ་ང་ཚོ་སློབ་གཉེར་བ་རྣམས་ལ་མཚོན་ན། ད་ནི་རྗེ་ཙོང་ཁ་པ་ཆེན་པོའི་གསུང་རྩོམ་སྤྱི་དང་བྱེ་བྲག་གང་ཞིག་མཇལ་ཀློག་དགོས་ཚེ་ནམ་ཡང་མཇལ་ཀློག་ཐུབ་པའི་སྟབས་བདེ་བྱུང་བ་ནི་ཤིན་ཏུ་དགའ་བ་ཞིག་རེད་སྙམ་མོ། །

      གཏམ་སྙན་གཉིས་པ་ནི། སྤྱི་ལོ2014ལོའི་ཟླ11པའི་ཚེས25ཉིན་རྗེ་ཙོང་ཁ་པ་ཆེན་པོའི་མཚན་ཐོག་ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་མཚོ་སྔོན་ཞིང་ཆེན་གྱི་རྗེ་ཙོང་པ་ཆེན་པོའི་ཞིབ་འཇུག་གླིང་ཞེས་པའི་ཞིབ་འཇུག་སྡེ་ཁག་ཅིག་བཙུགས་ནས་ཚུགས་པའང་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད་བསམ་གྱིན་ཡོད།

      གཏམ་སྙན་གསུམ་པ་ནི། སྤྱི་ལོ2014ལོའི་ཟླ11པའི་ཚེས29ཉིན་རྒྱ་གར་འཕགས་པའི་ཡུལ་དུ་རྗེ་ཙོང་ཁ་པ་ཆེན་པོས་རྒྱུད་འགྲེལ་ཆེན་མོ་མཛད་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་མཛད་སྒོ་དང་འགྲེལ་བ་བཞི་སྦྲགས་ཀྱི་བགྲོ་གླེང་ཞིག་འཚོགས་ཡོད་པ་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་འཛིན་སྐྱོང་སྤྱི་དང་། ཁྱད་པར་དུ་བོད་གངས་ཅན་པའི་བསྟན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྱུར་དང་འགྱུར་བཞིན་ཡོད་པའི་རྒྱུ་འབྲས་གཉིས་ལས་འབྲས་བུ་རྡོ་རྗེ་ཐེག་པ་སྟེ་གསང་བ་སྔགས་ཀྱི་བཤད་སྒྲུབ་གཉིས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བའི་མཛད་པ་རླབས་པོ་ཆེ་ཞིག་ཡིན་པར་སེམས་སོ། །

     གཏམ་སྙན་བཞི་པ་ནི། སྤྱི་ལོ2014ལོའི་ཟླ12པའི་ཚེས6ཉིན་གྱི་དགོང་མོའི་ཆུ་ཚོད་བདུན་གྱི་ཐོག་ཏུ་གུས་པ་ལ་ཉི་ཧོང་ནས་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ནས་ཞལ་པར་སླེབས་སོང་། ཆུ་ཚོད་སྐར་མ་ལྔ་བཅུ་ང་གཉིས་ཀྱི་རིང་དུ་ཁོང་གིས་གུས་སློབ་ང་ལ་སྤྱིར་བོད་ཀྱི་རིག་གནས་དང་། ཁྱད་པར་དུ་དེང་གི་དུས་ཀྱི་བོད་རིག་པའི་ཆེད་སྦྱོང་ཡོད་པའི་སློབ་གྲྭ་ཆེན་མོ་དང་སློབ་གླིང་དག་ཏུ་ནང་ཆོས་ཀྱི་མཚན་ཉིད་རིག་པའི་སྐོར་སློབ་ཁྲིད་བྱ་བའི་དགོས་པ་དང་གལ་ཆེ་ཚུལ་སོགས་ཀྱི་ཆ་ནས་བཀའ་སློབ་གནད་སྨིན་མཛད་སོང་། སྐབས་དེར་བསྟུན་ནས་གུས་པས་ཁོང་ལ་མི་རིང་བའི་སྤྱི་ཚེས་ཀྱི་ཟླ་འདིའི16ཉིན་ནི་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ལ་ཁེལ་འདུག ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར༼རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན༽ཐེངས་ལྔ་པ་འཚོགས་རྩིས་བྱེད་ཀྱིན་ཡོད་ཚུལ་ཞུས་པ་ཡིན། ཁོང་གིས་གསུང་དོན། རྗེ་ཙོང་ཁ་པ་ནི་ཆོས་པ་རྐྱང་རྐྱང་ཞིག་མ་རེད། ཁོང་ནི་མཚན་ཉིད་རིག་པ་སྨྲ་བའི་རིག་གནས་པ་ཆེན་པོ་ཞིག་དང་། ཡང་ན་སློབ་གསོ་བ་ཤིན་ཏུ་རླབས་པོ་ཆེ་ཞིག་རེད། རྗེ་ཙོང་ཁ་པ་ཆེན་པོ་ནི་བོད་ཙམ་གྱི་མཁས་པ་ཆེན་པོ་ཞིག་ཁོ་ན་ཙམ་མ་རེད། ཁོང་ནི་འཛམ་བུ་གླིང་ལ་མཚོན་ནས་བཤད་ན། མཁས་པ་ཆེན་པོར་བརྩི་ཆོག་པའི་ཤིན་ཏུ་མཁས་པ་ཆེན་པོ་ཞིག་རེད། ཁོང་ལ་རྗེས་དྲན་བྱ་བ་ནི་འོས་པ་ཞིག་རེད་ལ་དགོས་པ་ཞིག་ཀྱང་རེད། ངས་ཁྱེད་རྣམས་ཀྱི་བྱ་བ་ལ་རྗེས་སུ་ཡི་རང་བ་ཡིན། ཞེས་གསུངས་པས་ཀྱང་ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་འཚོགས་པའི་བྱ་བཞག་འདི་ནི་རིག་གནས་སློབ་གསོ་དང་རིག་གཞུང་ཞིབ་འཇུག་གང་གི་ཆ་ནས་བལྟས་ན། བསྒྲུབ་འོས་པ་དང་བསྒྲུབ་དགོས་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་ཤེས་ཐུབ་ཀྱིན་འདུག་གོ །

       ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླིང་རིག་པའི་མཆོད་སྤྲིན་ཞེས་པ་ཚོགས་པ་ནས་བཟུང་རྒྱལ་ཁབ་ཕྱི་ནང་མང་པོ་དང་ཁྱད་པར་དུ་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེན་ཆེ་འབྲིང་ཆུང་གསུམ་དང་། དགོན་པ། ཐ་ན་གྲོང་སྡེ་སོགས་སུ་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ལ་རྗེས་དྲན་བྱ་བའི་ཚོགས་འདུ་མང་པོ་བྱུང་བ་ནི་དཔེར་ན་ས་སྐྱ་པཎ་ཆེན་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་། རྫ་དཔལ་སྤྲུལ་རིན་པོ་ཆེ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་དང་། དགེ་འདུན་ཆོས་འཕེལ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་དང་། ཤར་གདོང་རིན་པོ་ཆེ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་དང་། རྗེ་དམུ་དགེ་བསམ་གཏན་རྗེས་དྲན་གྱི་སྙན་ངག་གྱེར་འདོན་དང་རིག་གཞུང་བགྲོ་གླེང་བྱུང་བའི་གནས་ཚུལ་ནི་ཤིན་ཏུ་དགའ་བ་ཞིག་རེད་སྙམ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མེས་པོ་གོང་མའི་བཀའ་དྲིན་ལ་རྗེས་དྲན་བྱ་བ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བཤད་ན་བསྒྲུབ་འོས་པ་དང་བསྒྲུབ་དགོས་པའི་བྱ་བ་ཤིན་ཏུ་ལེགས་པོ་རེད་སྙམ་གྱིན་ཡོད།

དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་ལྔ་པ་འཚོགས་ཐུབ་པའི་སྐབས་དང་བསྟུན་ནས་ཞུ་དགོས་པའི་རེ་སྐུལ་འགའ་ཡོད་པ་ནི།

      རེ་སྐུལ་དང་པོ་ནི། རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཞེས་པ་ནི། བོད་མགོ་ནག་རྟེན་འབྲེལ་གྱི་རང་བཞིན་ཅན་ཞེས་གྲགས་པ་ལྟར། རྗེ་ཙོང་ཁ་པ་ཆེན་པོའི་མཚན་གཡར་ནས་རིག་གཞུང་བགྲོ་གླེང་འདི་ལ་མིང་བཏགས་པ་རེད་མ་གཏོགས་རྗེས་དྲན་གྱི་ནང་དོན་ཐམས་ཅད་ནི་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་དང་ཡང་ན་མཛད་རྗེས་ཁོ་ན་ལ་འབྲེལ་ནས་བགྲོ་གླེང་བྱ་དགོས་པའི་ངེས་པ་མེད་པར་སྙམ། རྗེས་དྲན་གྱི་ནང་དོན་ནི་རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུས་མཚོན་པའི་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱི་མཛད་རྗེས་རྣམས་ལ་རྗེས་དྲན་དང་། ཡང་ན་བོད་ཀྱི་ཆོས་དང་རིག་གནས་སྤྱི་དང་བྱེ་བྲག་གང་ལ་བགྲོ་གླེང་བྱའི་བསམ་བློ་གུ་ཡངས་འཛིན་དགོས་པའི་རེ་སྐུལ་ཞུ་བ་དང་གཅིག

      རེ་སྐུལ་གཉིས་པ་ནི། རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླིང་རིག་པའི་མཆོད་སྤྲིན་ཞེས་པ་ནི་རང་རེའི་སློབ་ཆེན་གྱི་དགེ་རྒན་དང་། ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་སོགས་གང་ཡང་ཞུགས་ཆོག་པའི་རིག་གཞུང་བགློ་གླེང་ཞིག་ཡིན་པ་ལ་ངོས་འཛིན་དགོས་པ་ལས། འདི་ནི་དགེ་རྒན་ཁོ་ན་དང་། ཡང་ན་ཞིབ་འཇུག་སློབ་མ་ཁོ་ན་དང་། ཡང་ན་དངོས་གཞིའི་སློབ་མ་ཁོ་ན་ཞུགས་ཆོག་པའི་རིག་གཞུང་བགྲོ་གླེང་ཞིག་ཏུ་ངོས་འཛིན་མི་བྱ་བའི་རེ་སྐུལ་ཞུ་བ་དང་གཉིས།

      རེ་སྐུལ་གསུམ་པ་ནི། རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་འཚོགས་པ་ལ་རྩ་འཛུགས་བྱ་བ་སྤྱིའི་ཆ་ནས་བཤད་ན། བོད་རིག་པའི་ཞིབ་འཇུག་སློབ་གླིང་ཡིན་མོད། དོན་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་འཚོགས་པའི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླིང་ཡིན་པའི་ཕྱིར་ན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་ཅིག་ཡིན་ཚེ་རིག་གཞུང་བགྲོ་གླེང་འདི་ལ་གཞུག་པ་དང་། ཞུགས་ནས་ཀྱང་རང་རང་སོ་སོའི་སློབ་སྦྱོང་དང་ཞིབ་འཇུག་གི་ལྟ་ཚུལ་དང་དཔྱད་འབྲས་སོགས་གང་གི་ཆ་ནས་བགྲོ་གླེང་བྱ་ཆོག་པའི་ཐོབ་དབང་ཡོད་པའི་རེ་སྐུལ་ཞུ་བ་དང་གསུམ།

      རེ་སྐུལ་བཞི་པ་ནི། ང་ཚོ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ལ་མཚོན་ན། ལོ་རེའི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་གྱི་དགའ་ལྡན་ལྔ་མཆོད་ཆེན་མོའི་སྐབས་སུ༼རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན།༽ཞེས་པའི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱི་མཛད་རྗེས་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་འཚོགས་པ་ནི་དོན་སྙིང་དང་དགོས་པ་ཆེན་པོ་ཡོད་པའི་བྱ་བ་ཞིག་རེད། དེས་ན་དགེ་སློབ་ཚང་མས་མུ་མཐུད་དུ་འདི་འདྲའི་བྱ་བ་བཟང་པོའི་མཇུག་ལེགས་པར་སྐྱོང་བ་ལ་རྒྱབ་སྐྱོར་དང་རོགས་རམ་བྱ་དགོས་པ་ནི་ཧ་ཅང་གལ་ཆེན་རེད། ཁྱད་པར་དུ་ང་ཚོ་བོད་པ་ཞིག་ཡིན་ཚེ། དེའི་ཉིན་པར་བོད་ཆས་གཙང་མ་གྱོན་པ་དང་། བོད་སྐད་དག་མ་ཞིག་བཤད་ཅི་ཐུབ་བྱ་བའི་རེ་སྐུལ་ཞུ་བ་དང་བཞི།

     རེ་སྐུལ་ལྔ་པ་ནི། ད་ཐེངས་བརྩིས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་ལྔ་པ་ཚོགས་པ་རེད། རིག་གཞུང་བགྲོ་གླེང་འདིའི་ནང་དོན་དང་རྒྱ་ཆེ་ཆུང་གང་གི་ཆ་ནས་སྔ་ལོ་ལས་ཕྱི་ལོ་ཇེ་བཟང་དང་ཇེ་ལེགས་དང་། ཐེངས་སྔ་མ་ལས་ཐེངས་ཕྱི་མ་ཇེ་ལེགས་དང་ཇེ་བཟང་ཡོང་བའི་ཆེད་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སྤྱི་དང་། ཁྱད་པར་དུ་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་དགེ་སློབ་ཡོངས་ནས་ང་ཚོའི་སློབ་གྲྭ་ལ་མཚོན་ན་ལོ་གཅིག་གི་བྱ་བ་གལ་ཆེན་ཞིག་ཡིན་པར་བརྩིས་ཏེ་གོང་རིམ་དབུ་འཛིན་གྱིས་རྒྱབ་སྐྱོར་སྔར་ལས་ལྷག་པ་གནང་རྒྱུ་དང་། དགེ་སློབ་རྣམས་ཀྱིས་ཀྱང་དེའི་སྐོར་ལ་གྲ་སྒྲིག་དང་དམ་འཛིན་སོགས་སྔར་ལས་ལྷག་པར་བྱ་བའི་རེ་སྐུལ་ཞུ་བ་དང་ལྔ།

      རེ་སྐུལ་དྲུག་པ་ནི། རིག་གཞུང་སྤྱི་དང་བྱེ་བྲག་གི་རྩ་ཚིག་གམ། ཡང་ན་གཞུང་དོན་གྱི་གནད་བསྡུས་ཀྱི་སྡོམ་བྱང་རྣམས་བློ་ལ་བཟུང་ནས་ཚིག་དོན་གཉིས་ཡིག་ཐོག་ཙམ་མིན་པར་བློ་ལ་བྱང་བར་བྱ་བ་ནི་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་མེས་པོ་གོང་མ་ནས་ད་ལྟའི་བར་དུ་བརྒྱུད་པའི་སློབ་གསོའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད། བློ་འཛིན་བྱ་བའི་དམིགས་ཡུལ་གཙོ་བོ་ནི་རིག་གནས་ཐམས་ཅད་རང་རང་སོ་སོའི་བློ་ཐོག་ལ་བརྟན་ཆགས་ཡོང་བའི་དགོས་པ་ཆེན་པོ་ཡོད། ད་ལྟར་ལག་རྩལ་འཕེལ་རྒྱས་ཀྱི་དབང་གིས་དཔེ་ཆ་སོགས་དྲྭ་ལམ་དང་གློག་རྡུལ་དཔེ་དེབ་སོགས་ཀྱི་གང་གི་ལམ་ནས་ལྟ་ཀློག་ཐུབ་པའི་མཐུན་རྐྱེན་ཤིན་ཏུ་འཛོམས་པ་ཡོད་ཅིང་། དེར་ཁར་བློ་ལ་འཛིན་པ་དེ་གལ་ཆེན་བྱས་ན་དེ་བས་ཀྱང་ཕན་པ་བརྒྱ་འགྱུར་འབྱུང་སྲིད་དོ། །

     དེས་ན་གཤམ་ནས་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལོ་རིམ2012ལོའི་བོད་ཀྱི་སྐད་ཡིག་རྩོམ་རིག་འཛིན་གྲྭའི་སློབ་མ་ཡོངས་ནས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི༼རྟེན་འབྲེལ་བསྟོད་པ༽ཞེས་པ་བློ་རྒྱུགས་འབུལ་རྒྱུ་རེད། ༼རྟེན་འབྲེལ་བསྟོད་པ༽ཞེས་པའི་ལེགས་རྩོམ་གྱི་བརྗོད་བྱ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་རེད། ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་གནས་ལུགས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མ་འདས། རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། ང་ཚོ་དགེ་རྒན་དང་སློབ་མ་བར་དང་། སློབ་གྲོགས་དང་སློབ་གྲོགས་བར་དང་། གྲོགས་པོ་དང་གྲོགས་པོ་བར་སོགས་ཀྱི་སློབ་སྦྱོང་དང་། འཚོ་བ་སོགས་ཀྱི་བདེ་སྡུག་དང་། དར་རྒུད། འདྲ་མཉམ། མཐུན་སྒྲིལ་སོགས་ནི་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བ་ཞིག་ལས་འབྲེལ་མེད་དང་། བརྟེན་མེད། ལྟོས་མེད་སོགས་ཀྱི་བྱ་བ་ནི་གཅིག་ཀྱང་མེད་པས་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་ལྟ་གྲུབ་ནི་ཤིན་ཏུ་གལ་ཆེན་པོ་རེད།

      དེ་ནས་རང་རེའི་སློབ་ཆེན་གྱི་གསར་འགྱུར་སློབ་གླིང་གི་ལོ་རིམ2014ལོའི་བོད་སྐད་གཙོ་གནད་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ་བམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་མཛད་པའི༼ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །༽ཞེས་པ་བློ་རྒྱུགས་འབུལ་རྒྱུ་རེད། དེ་རིང་འདིར་ཕེབས་པའི་སློབ་གྲོགས་ཚང་མས་ཤེས་གསལ་ལྟར། ང་ཚོ་སློབ་ཆུང་ནས་བཟུང་སྟེ་ད་ལྟ་སློབ་གྲྭ་ཆེན་མོར་ཐུག་བར་སུམ་རྟགས་དག་གསུམ་བསླབ་ནས་ཡོང་བ་རེད། ཚང་མས་སུམ་རྟགས་དག་གསུམ་ཤེས་བསམས་ནས་བསྡད་ཡོད། ཡིན་ནའང་ད་ལྟའི་ང་ཚོའི་སློབ་ཆེན་པ་རྣམས་ཀྱིས་རྩོམ་འབྲི་ཚེ་སུམ་རྟགས་གཉིས་ཀྱི་འཇུག་དོན་གྱི་གནད་ཆེ་ས་དང་ཕྲ་ས་ཕར་ཞོག་ཚིག་ཕྲད་ཀྱི་སྦྱོར་ཚུལ་དང་ཐོབ་ཐང་ཙམ་ལའང་མགོ་རྨོངས་ནས་ནོར་བ་ཅི་རིགས་བྱུང་དང་འབྱུང་གྱིན་འདུག སློབ་གྲོགས་ལ་ལའི་ཡོན་ཚད་ལ་བལྟས་ན་ཚིག་ཕྲད་ཀྱི་སྦྱོར་ཚུལ་མི་ཤེས་པ་མ་རེད། གནད་དོན་གཙོ་བོ་ནི་མཉམ་འཇོག་མ་བྱས་པ་དང་། ཡང་ན་ཚིག་ཕྲད་སོགས་ཀྱི་སྦྱོར་ཚུལ་དང་ཐོབ་ཐང་བཀོལ་སྤྱད་སླ་བའི་སྡོམ་ཚིག་ཅིག་བློ་ལ་མེད་པའི་ལན་པ་རེད། དེས་ན་ཨ་ཀྱཱ་ཡོངས་འཛིན་གྱི༼ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །༽ཞེས་པ་ནི་སྤྱིར་བཏང་གི་བོད་སྐད་ཀྱི་ཚིག་ཕྲད་སོགས་ཀྱི་ཡི་གེའི་ཐོབ་ཐང་ཐམས་ཅད་འདུས་ཡོད་པའི་ཁར་ཚིག་སྦྱོར་ཁ་གསལ་ཞིང་གོ་བདེ་བ་དང་། ཡིག་འབྲུ་ཉུང་ཞིང་བློ་འཛིན་བདེ་བ། མཁས་པའི་གསུང་ཚད་ལྡན་དང་ཡོངས་གྲགས་ཡིན་པ་སོགས་ཀྱི་དུ་མ་ཁྱད་ཆོས་ལྡན་པའི་ཡི་གེའི་ཐོབ་ཐང་གི་སྡོམ་བྱང་འདི་བློ་ལ་བཟུང་ན་རྩོམ་འབྲི་ཚེ་ཚིག་ཕྲད་ཀྱི་སྦྱོར་ཚུལ་དང་ཐོབ་ཐང་ལ་ཁ་བྱང་ལག་བྱང་དུ་གྱུར་དང་འགྱུར་བ་ནི༼ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །༽ཞེས་པ་བློ་ལ་འཛིན་དགོས་པའི་དགོས་པ་དང་ཡང་ན་རྒྱུ་མཚན་གཙོ་བོ་ཡིན་པར་གྲུབ། དེས་ན་ང་ཚོ་ཚང་མ་སློབ་གཉེར་བ་ཞིག་ཡིན་ཚེ། བློ་འཛིན་གལ་ཆེན་བྱ་བ་ནི་རེ་སྐུལ་ཞུ་བ་དྲུག་པ་ཡིན་ནོ། །

      མཇུག་མཐར་དེ་རིང་གི་རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཐེངས་ལྔ་པ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ནས་འཚོགས་ཐུབ་པ་ལ་རྒྱབ་སྐྱོར་གནང་མཁན་གྱི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་འགོ་ཁྲིད་རྣམ་པ་དང་། རྗེས་དྲན་གྱི་ཚོགས་འདུ་འདི་འདྲ་ཞིག་འཚོགས་པ་ལ་ཐོག་མར་གྲ་སྒྲིག་དང་། བར་སྐབས་དོན་གཉེར། མཐར་མཇུག་ལེགས་པར་སྐྱོང་བ་ལ་བརྩོན་པ་རྩེ་གཅིག་ཏུ་མཛད་པའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལོ་རིམ2013པའི་ཞིབ་འཇུག་སློབ་མ་རྣམས་གཙོས་པའི་ཞིབ་འཇུག་སློབ་མའི་ཚོགས་པའི་ཚོགས་མི་རྣམ་པ་དང་། དེ་ནས་དུས་ཚོད་ཁོམ་མིན་དང་ནུས་པ་འཐོན་མིན་སོགས་གང་ལ་ལྟོས་པར་སློབ་མ་རང་རང་སོ་སོའི་ཀུན་སློང་རྣམ་དག་དང་རྣམ་དཔྱོད་རྩེར་སོན་ལ་བརྟེན་ནས་རིག་གཞུང་བགྲོ་གླེང་དུ་ཞུགས་པའི་སློབ་མ་རྣམ་པ་དང་། བོད་རིག་པའི་ཞིབ་འཇུག་སློབ་གླིང་གི་ལོ་རིམ2012ལོའི་བོད་ཀྱི་སྐད་ཡིག་རྩོམ་རིག་འཛིན་གྲྭའི༼རྟེན་འབྲེལ་བསྟོད་པ༽ཞེས་པ་བློ་རྒྱུགས་འབུལ་མཁན་གྱི་སློབ་མ་རྣམ་པ་དང། གསར་འགྱུར་གླིང་གི་ལོ་རིམ2014ལོའི་བོད་སྐད་གཙོ་སྐད་འཛིན་གྲྭའི༼ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་ཞེས་བྱ་བ་བཞུགས་སོ། །༽ཞེས་པ་བློ་རྒྱུགས་འབུལ་མཁན་གྱི་སློབ་མ་རྣམ་པ་དང་། གཞན་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ལོ་རེའི་བོད་ཟླ་བཅུ་པའི་ཚེས་ཉི་ཤུ་ལྔ་ཉིན་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་བཟང་དང་བསྟུན་ནས་རིག་གཞུང་བགྲོ་གླེང་དུ་ཞུགས་པ་ལ་བོད་ཆས་གྱོན་པ་དང་བོད་སྐད་བཤད་པ། ཁྱད་པར་དུ་ཉིན་འདི་ནས་བཟུང་སྟེ་ཟླ་བ་གཅིག་གི་རིང་དུ་ཐ་མག་དང་ཆང་། གློག་རྡུལ་རྩེད་མོ་སོགས་ལུས་སེམས་གཉིས་ཀ་ལ་གནོད་པའི་བཟའ་བཏུང་དང་རྩེད་མོའི་རིགས་རྣམས་ལ་རང་ནུས་ཅི་ལྕོགས་ཀྱིས་འཛེམ་པར་བྱ་བའི་སློབ་མ་རྣམ་པ་ལ་ང་རང་བོད་ཀྱི་དགེ་རྒན་དཀྱུས་མ་ཞིག་ཡིན་པའི་ཆ་ནས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་བའི་རེ་བའང་དེ་འདྲ་ཡོད། དེ་ནས་སྤྱི་ལོ་གསར་ཚེས་ལ་ཉེ་བའི་སྤྱི་ལོ་ཉིས་སྟོང་བཅོ་ལྔའི་ནང་དུ་དེ་རིང་འདིར་དུས་ཀྱི་དགེ་སློབ་ལྷན་རྒྱས་རྣམས་ཚེ་རིང་ནད་མེད་གཟུགས་བཟང་བ་དང་། བར་ཆད་ཀུན་ཞི་བསམ་དོན་འགྲུབ་པ་ཡི་དགེ་བའི་ལེགས་ཚོགས་ཐམས་ཅད་རྗེ་ཙོང་ཁ་པ་ཆེན་པོ་ལྟ་བུས་མཚོན་པའི་དུས་རབས་རིམ་བྱུང་གི་བོད་ཀྱི་མཁས་གྲུབ་དང་ལོ་པཎ་རྣམས་ཀྱི་ཐུགས་རྗེ་སྨོན་ལམ་ལ་བཅོལ་ནས་ཞུ་བ་ཡིན་ནོ། །

    མཇུག་མཐར་གུས་པས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་མཇུག་བྱང་གི་ཤིག་བརྗོད་ཀྱི་ཚིགས་བཅད་ཅིག་འདྲེན་པར་བྱ་བ་ལ།

བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། །

ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། །

སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། །

ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག །ཅེས་ཡང་ནས་ཡང་དུ་ཞུ་ཞུའོ། །

དགེ་སློབ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུའོ། །

      ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་སྟེ་སྤྱི་ལོ2014ལོའི་ཟླ12པའི་ཚེས16ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཆགས་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར༼རྗེ་ཙོང་ཁ་པ་ཆེན་པོ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན༽ཞེས་པ་ཐེངས་ལྔ་པ་འཚོགས་པའི་གཏམ་བཤད་ཀྱི་ཟིན་ཐོར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་གམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་འབོད་པས་བོད་རབ་བྱུང་བཅུ་བདུན་པའི་ཤིང་རྟ་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་སྟེ་སྤྱི་ལོ2014ལོའི་ཟླ12པའི་ཚེས16ཉིན་གྱི་ཉིན་གུང་གི་ཆ་ལ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པ་རྩེན་པའི་རྟེན་འབྱུང་ཉི་མའི་འོད་ཁང་ནས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་སྐུ་རིས་བྱིན་ཅན་གྱི་མདུན་ནས་གཏམ་བཤད་ཀྱི་ཟིན་ཐོར་བཀོད་པ་ཀུན་ནས་དགེ་ཞིང་རྒྱལ་བར་གྱུར་ཅིག་གོ །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
a70d བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41139759
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1