ཤི་མིག་ཕྱིར་ལ་བལྟས་པ། (སྒྲུང་ཐུང་།)
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ཤི་མིག་ཕྱིར་ལ་བལྟས་པ། (སྒྲུང་ཐུང་།)
ཤི་མིག་ཕྱིར་ལ་བལྟས་པ། (སྒྲུང་ཐུང་།)
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/8ལྟ་ཀློག (1663)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

ཁང་གསར་ཚེ་དབང་རིག་འཛིན། 

   “ ཀིའི་ཧིས་ཧིས།” “ཀིའི་ཧིས་ཧིས།” “ལྷ་རྒྱལ་ལོ།  བོད་མིའི་རླུང་རྟ་དར་བར་ཤོག ལྷ་རྒྱལ་ལོ།” མི་མང་གི་ཀི་སྒྲ་དང་སྨོན་ཚིག་བསྟུད་མར་གྲགས་འོང་བ་དང་། སྣ་ལམ་དུ་ལྷ་ཤིང་ཤུག་པ་དང་འོམ་བུ།   ཉ་སྦྲིད་སོགས་ཀྱི་དྲི་ཞིམ་མིན་པའི་གཞོབ་དྲི་ཡ་ང་བ་ཞིག་འཐུལ་འོང་།   སྨུག་ནག་གི་དུ་བ་ཞིག་ལྷོག་ལྷོག་ཏུ་འཕྱུར་ཏེ་ནམ་མཁའི་སྤྲིན་པར་འདྲེས།   སྤྱིར་ས་འདིའི་བསངས་ཕུད་པ་ནི་སྐྱེས་པ་ཁོ་ནའི་ལས་ཀ་ཞིག་ལས་བུད་མེད་དག་ལ་འབྲེལ་བ་མེད་པ་ལྟར་ཕྱོགས་དེར་བཏུད་པའི་སྲོལ་ཡང་མེད།    ཡིན་ནའང་དེ་རིང་ནི་སྐྱེས་ཕོ་མོ་གཉིས་ལ་མང་ཉུང་མེད་པ་ཞིག་གིས་མཐའ་སྐོར་ཏེ།  ལ་ལ་སེམས་པ་སྤྲོ་བ་དང་རེ་བས་ཁེངས་པའི་རྣམ་པ་མངོན་བཞིན།  ཁ་ནས་མིག་མིག་གིས་ཅི་ཞིག་ཟློ་བཞིན་ཡོད་ལ།   ལ་ལས་ཁ་གདང་བ་དང་ཕངས་སེམས་ཀྱི་རྣམ་པ་མངོན་བཞིན།  ཚག་ཚག་གི་སྲེག་སྒྲ་དང་དམར་ནག་གི་མེ་ལྕེ་ལ་ཧད་ནས་ཡོད།     ཡང་ལ་ལ་ནི་ལུང་མ་བསྟན་གྱི་བསམ་བློས་སྔར་བྱུང་མ་མྱོང་བའི་ངོ་མཚར་བའི་ལྟད་མོ་དེར་གཡེང་ནས་འདུག་པ་སོགས་རིགས་གསུམ་དུ་འདུ་ཚོད་རེད།   གནས་སྐྱབས་ནི་བར་མའི་རིགས་སུ་འདུ།    ན་ནིང་ཞིག་ནས་“འཛམ་གླིང་ཞི་བདེ་དང་འཆམ་མཐུན་ཅན་དུ་སྙེག་པའི་དུས་རབས་གསར་བའི་དཔལ་ཡོན་དེ།  གོ་ལ་ཧྲིལ་བོར་ཉི་མའི་འོད་བཞིན་ཁྱབ་པའི་དུས་སུ། ཡ་གླིང་འཛིན་མའི་མཐོ་སྒང་དུ་གནས་འཆའ་བའི་བོད་མི་རིགས་ཞེས་བྱམས་སྙིང་རྗེས་རྒྱུད་ཕྱུག་ཅིང་།   ལས་རྒྱུ་འབྲས་ལ་བརྩི་སྲུང་བྱེད་པའི་ཡ་རབས་ཚུལ་ལྡན་གྱི་མི་རིགས་ཤིག་ཡིན་ཟེར་བའི་མིང་ཆེན་ཁུར་བ་དག་གིས།   ད་དུང་གདོན་མའི་སྤྱོད་པ་འཆལ་བོ་སྟེ།   བདག་པོས་མ་བཟུང་བའི་ཉེས་མེད་ཀྱི་སྲོག་ཆགས་གཟིག་དང་།   སྲམ་ལྟ་བུའི་འཛམ་གླིང་ན་དཀོན་པའི་སྲོགས་ཆགས་མང་བོ་ཞིག་གི་པགས་པས་བཛེས་སྤྲས་བྱེད་ཀྱིན་འདུག” ཅེས་དང་།  ཡང་“འདི་ནི་བྱམས་སྙིང་རྗེ་ཁ་ནས་གྱེར་ཞིང་།   སྲོག་གཅོད་གདུག་རྩུབ་ལག་ལེན་དུ་འདེབས་མཁན་ཞིག་རེད་པས།    མི་རིགས་འདིར་འཛམ་གླིང་གི་རིགས་སོ་སོས་ལྟ་ཚུལ་ངན་པ་འཛིན་མགོ་བརྩམས་པ་དང་།   ཐ་ན་མི་དང་སྲོག་ཆགས་འཆམ་མཐུན་ལས་གྱེས་པའི་ནག་ཉེས་ཅན་གྱི་མི་རིགས་ཤིག་ཆགས་སྲིད་པས། ད་ནི་བྱ་སྤྱོད་བཙོག་པོ་དེ་ལས་རིང་དུ་གྱེས་པའི་དུས་ལ་བབས་སོང་བས།  མགོ་ལ་ཝ་ཞྭ་གྱོན་པ། གྱོན་པའི་འདབས་སུ་སྲམ་གྱིས་བརྒྱན་པ་དང་།   གྱོན་པའི་གོང་བ་སོགས་གཟིག་པགས་ཀྱིས་བརྒྱན་པའི་ལས་དེ་མཚམས་འཇོག་དགོས་ཚུལ་གླེང་བྱུང་།”  དེ་བས་གྱོན་མཁན་མེད་ན་ཉོ་ཚོང་མེད་ལ།   ཉོ་ཚོང་མེད་ན་སྲོག་གཅོད་ཀྱི་ལས་མེད་པའི་གནས་ལུགས་གསོན་པོས་དེད་དེ།   བོད་པའི་ཤེས་ཡོན་ཅན་དང་ལྷག་བསམ་ཅན།  མཐོང་རྒྱ་ཅན།  རིག་གནས་ཅན་འགའ་ཡིས་སྣེ་ཁྲིད་དེ།    བོད་པའི་ཝ་གཟིག་སྲམ་གསུམ་དང་།  ལོ་འགའི་སྔོན་དར་དང་དར་བཞིན་པའི་ཝ་ཚར་ཞེས་སྤུ་འཇམ་པོ་ཅན་སྲོག་ཆགས་ཅི་ཞིག་ཡིན་པའང་མི་ཤེས་པ་ཞིག་གི་པགས་པས་ལྭ་བ་བཟོ་བཞིན་ཡོད་པ་སོགས་ཀྱི་གྱོན་ཆས་མཚམས་འཇོག་དགོས་པ་དང་།   སྔར་ཡོད་མེད་པར་བཟོས་ཏེ་མིང་དོན་མཚུངས་པའི་བྱམས་སྙིང་རྗེ་ཅན་གྱི་མི་རིགས་ཤིག་སླར་ཡང་གོ་ལའི་མཐོ་ས་ནས་གསོན་ཐུབ་པའི་རེ་བ་བཅིངས་ནས།   རྒྱ་ཆེའི་མང་ཚོགས་ལ་དངོས་དང་བརྒྱུད་ནས་སློབ་གསོ་གང་མང་བཏང་བྱུང་།   སྐད་ཆ་དེ་རིགས་གནས་སྐྱབས་ཀྱི་རྣ་བར་ལྷུང་བ་ན་བདེན་པའི་གནས་ལུགས་ཀྱིས་སློབ་གསོ་ཐོབ་རྒྱུ་ལྟ་ཞོག    སེམས་གཏིང་ནས་ཁོང་ཁོ་ལངས། “རང་ལ་རྒྱུ་འབྱོར་ཡོད་པར་ཁོ་ཚོས་ཕྲག་དོག་རེད།” “畜生王八蛋” “没事找事དམྱལ་བར་སྐྱེ་རྒྱ་ཆ་ག” ཞེས་སོགས་དམོད་མོ་དང་མི་དགའ་བའི་རྣམ་འགྱུར་ཁོ་ན་སྟོན་པ་ལས།   རླབས་ཆེན་གྱི་བྱ་བ་དེའི་སློབ་གསོ་ནི་“བོང་བའི་རྣ་བར་ཆོས་བཤད་”ལས་མ་འདས། གནས་སྐྱབས་ནི་རྫོང་མཁར་ནས་འཚར་ལོངས་བྱུང་བའི་བོད་པ་དངོས་ཤིག་ཡིན།  འོན་ཀྱང་བོད་པའི་རིག་གནས་ཀྱི་དྲི་མ་ཆེན་པོ་མེད།    ཁོ་རང་གི་ཨ་ཕ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་འབྱོར་མེད་གྲལ་རིམ་ལ་འཐབ་རྩོད་མཁན་ཞིག་ཡིན་པས།  ཁོས་གྲལ་རིམ་འཐབ་རྩོད་ལ་ལུས་སེམས་ཀྱི་སྟོབས་ཤུགས་གང་མང་ཕུལ་བས་བདེ་བླག་ངང་རྒྱལ་ཁབ་ཀྱི་ཕོགས་ཟན་དུ་གྱུར།   རྒྱལ་ཁབ་ཀྱི་ལས་བྱེད་པར་གློ་བུར་དུ་གྱུར་རྗེས་ཁོ་རང་གི་སྡེ་བའི་ནང་གི་བུ་མོ་ཞིག་ཆུང་མར་བླངས།   སྔ་ཕྱིར་བུ་གཅིག་དང་བུ་མོ་གཉིས་བཙས་པའི་ཆེ་བ་དེ་ད་ལྟའི་གནས་སྐྱབས་རེད།   གནས་སྐྱབས་སློབ་གྲྭར་ཆད་ཆོད་ཅིག་སོང་ནས་བདེ་བླག་ངང་རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར།    དུས་རབས་སྔོན་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུ་བར་བོད་ཀྱི་ས་གནས་གང་དུའང་ཝ་སྲམ་གཟིག་གསུམ་གྱི་གྱོན་པ་དང་གཡུ་བྱུར་སྤོས་ཤེལ།  གྲི་རིང་སོགས་ཀྱིས་རྒྱན་ཆའམ་མཛེས་སྤྲས་བྱེད་པའི་མཐོ་རླབས་ཤིག་སླར་ཡང་འཕྱུར།  སྐབས་དེར་རོང་འབྲོག་མང་ཚོགས་ཀྱི་ཆ་སྙོམས་ཀྱི་དཔལ་འབྱོར་ཤིན་ཏུ་ཞན་པས་ལོ་མང་རིང་བསགས་པའི་རྒྱུ་ནོར་གྱིས་སྲམ་གཟིག་དང་བྱུ་རུ་སོགས་ཀྱི་རྒྱན་ཆ་འབྲིང་ཙམ་རེ་ལས་ཉོ་ཐུབ་ཀྱིན་མེད་མོད།     རྒྱལ་ཁབ་ཀྱི་ཟླ་ཕོགས་ཟ་བཞིན་པའི་བོད་པ་མང་བོ་ཞིག་གིས་གྱོན་པའི་འདབས་སུ་སྲམ་ཞེང་ཆེན་གོམ་པ་སྤོ་མི་བདེ་བ་རེ་འཇོག་པ་དང་།   གཟིག་ཁྲ་མགོ་བོ་མི་མཐོང་བ་འཇོག་པ།  བྱུ་རུ་སོགས་ཀྱི་རྒྱན་ཆ་སྐེ་ལེས་མི་ཐེག་པ་འདོགས་པ།   གྲི་རིང་བྱུ་རུའི་ཕྲ་ཚོམ་ཅན་གྲི་ཤུབས་དངུལ་ཤན་མ་སོགས་མི་ཡི་འགྲོ་འདུག་སྒྲོག་གིས་བཅིངས་པ་ལྟ་བུ་སྣ་ཚོགས་ཉོས་ནས།  དུས་ཆེན་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་མི་མང་འདུ་སར་ངོམ་སོ་བྱེད་པའི་སྲོལ་ཡོད།   གནས་སྐྱབས་ཀྱིས་སྲམ་གཟིག་ཝ་སྤགས་སོགས་མེར་སྲེག་གཏོང་རྒྱུ་རེད་ཟེར་བའི་སྐད་ཆ་དག་ཐོས་རྗེས་ལྷག་པར་ཚིག་པ་ཟ་བ་དང་།   ཡིད་ཕམ་ཆེན་པོ་བྱུང་།   དེ་བས་ཁོ་དང་ཁོ་ལྟ་བུའི་རྫོང་ཐོག་གི་ལས་བྱེད་པ་དག་དང་ཁ་བརྡ་བྱེད་ཐེངས་རེར་རྒྱུན་དུ། “བླ་མ་དང་སྤྲུལ་སྐུ་འདྲ་བ་ཚོས་བརྒྱག་གཏམ་རེད།   ཁོ་ཚོས་གྲྭ་ཆས་ལ་སྲམ་གཟིག་འདི་དག་གིས་རྒྱན་སྤྲས་ཚུལ་མེད་པས་རེད།” “ཁོ་ཚོས་འུར་ཇི་ལྟར་བརྒྱབ་ཀྱང་རང་རྒྱུ་རང་ལ་མི་དབང་བ་ཞིག་གང་ན་ཡོད།  ང་ཚོས་བལྟ་དང་སུ་ཞིག་གིས་མཛེས་སྡུག་གི་གྱོན་ཆས་འདི་དག་སྲེག་རྒྱུ།” “ཧིན།” ཞེས་སོགས་བཤད་དེ་རང་མཚང་ཕྱི་ལ་འཕུད་ཀྱིན་ཡོད།     ཉིན་འགའི་སྔོན་དུ་ཁ་བ་ཆེན་པོ་ཞིག་བབས་པའི་ཕྱེད་ཀ་ཞི་ཞིང་ཕྱེད་ཀ་ད་དུང་ལྷག་པས། རི་ལུང་དག་ཁྲ་ཁྲ་ཞིག་ཏུ་བཏང་བའི་དགུན་གཞུང་ཞིག་ཏུ་ཁོ་ཚོའི་རྫོང་དང་བར་ཐག་ཉེ་བའི་དགོན་པ་དེའི་འདབས་སུ་ཝ་གཟིག་སྲམ་གསུམ་སོགས་གཅན་གཟན་གྱི་པགས་རིགས་ཀྱི་གྱོན་ཆས་མེར་སྲེག་གཏོང་གིན་འདུག་ཅེས་པའི་སྐད་ཆ་ཞིག་གཅིག་ནས་བཅུ་དང་བཅུ་ནས་བརྒྱར་ཁྱབ་སོང་།    གནས་སྐྱབས་ནི་དེ་བས་ཀྱང་སེམས་འཚབ་ཏེ་དངོས་གནས་བདེན་མིན་བལྟ་དགོས་སྙམ་ནས་རླངས་འཁོར་བསྐོར་ཏེ་ས་གནས་དེར་ཕྱིན།   

    “ཨ་ཁ་ཁ།   ཇི་འདྲའི་མི་མང་བ་ལ།” གནས་སྐྱབས་ཀྱིས་ཁེར་ལབ་ཅིག་ཤོར།   དེ་རིང་ས་དེར་དགོན་པས་དབང་ཆེན་བསྐུར་བཞིན་མེད་ལ།   རྫོང་གིས་རིག་རྩལ་གླུ་གར་གྱི་ལྟད་མོ་དེ་བས་སྟོན་གྱིན་མེད་མོད།  མི་ཚོགས་ཀྱི་འདུ་འགོད་རབ་ཏུ་འཁྲིགས་འདུག   ཡུལ་མི་ཚོས་ཐག་རིང་ཐུང་གི་ལུང་དཀྱོག་དག་ནས། འཕྲུལ་རྟའི་ཤ་ཐག་ཏུ་སྒྱེ་ཆེན་རེ་བཅིངས་ཏེ་གདོང་ལ་ས་རྡུལ་གྱིས་འཚང་བཞིན་འོང་ཚུལ་ལ་བལྟས་ན།    ཁྱིམ་གྱི་རྒྱུ་ནོར་གྱི་ཕྱེད་ཀ་ལོངས་པའི་སྲམ་གཟིག་དག་ལ་སེར་སྣ་དང་བག་ཚ་ཅི་ཡང་མེད་པར་ཁྱེར་ནས་ཡོང་བ་ཡིན་ཚོད་རེད།   ཀི་སྒྲ་དང་ཁ་སྨོན་གྱི་ཁྲོད་ནས་གཅན་གཟན་གྱི་པགས་རིགས་སྣ་ཚོགས་ཁང་བའི་གཏོས་དང་མཉམ་པ་ཞིག་མེ་ལ་བསྲེགས་སོང་།    “ཝ་ཞྭ་ཅན་གྱིས་མེ་འབུད་དཀའ།” ཞེས་དམངས་ཁྲོད་དུ་ཝ་ཞྭ་གྱོན་མཁན་གྱིས་མེ་འབུད་སྐབས་གྲ་ཁ་མེ་ལྕེས་ལྡག་པར་ཤིན་ཏུ་སེམས་ཆུང་བྱས་ནས་མི་ལོ་བརྒྱ་ཕྲག་འགའ་འདས་སོང་མོད།   དུས་དེ་རིང་ཝ་དམར་པོའི་གྲ་ཁ་ཡག་པོ་ཅན་གྱི་ཞྭ་མོ་དག་མེ་ལྕེའི་ཁྲོད་དུ་རྡོ་འཕེན་འཕེན་བྱེད་ཀྱིན་འདུག  གནས་སྐྱབས་དང་གནས་སྐྱབས་ལྟ་བུའི་མི་སྐོར་ཞིག་གིས་གཅིག་གིས་གཅིག་གི་རྣ་བར་ཤབ་ཤུབ་ཅིག་སྨྲ་བཞིན་ཕང་སེམས་ཀྱི་ཚ་ཤད་རྒྱུག་བཞིན་པ་སུས་ཤེས།   

    གཅན་གཟན་གྱི་པགས་རིགས་མེར་སྲེག་བཏང་བའི་བྱ་འགུལ་དེ་དེ་ལྟར་ཐེངས་གཉིས་གསུམ་ཞིག་ལ་སྤེལ་བས། ཡུལ་མི་ཚོ་གཙོ་བྱས་པའི་ཁ་བའི་ལས་དབང་ལ་སེམས་ཁུར་ཡོད་པའི་ལས་བྱེད་མང་བོ་ཞིག་གིས། རང་རང་ལ་དེ་རིགས་ཡོད་ཚད་བློ་རྩེ་གཉིས་དང་ཡིད་ཐེ་ཚོམ་མེད་པར་སྤྲོ་བ་དང་བཅས་མེ་ཞལ་དུ་བསྒྲོན་པ་དང་།   ད་དུང་བྱ་འགུལ་གྱི་རྗེས་མ་ཆོད་མཁན་ནམ་ལུས་སོང་བ་དག་ཀྱང་རང་རང་གི་ས་ནས་མེར་སྲེག་བཏང་། དེ་ལྟར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་ཟླའི་འཁོར་བསྐྱོད་རིང་མོའི་ཁྲོད་ནས། གོམས་ཤིང་འདྲེས་པའི་བསམ་སྤྱོད་རྙིང་བ་ཞིག་མེད་པར་བཟོས་པས་ཡུལ་མི་དག་གི་སེམས་སུ་ཕྱིའི་སྣོད་དང་ནང་གི་བཅུད་གཉིས་ཀའི་ཁ་དོག་གང་ཞིག་བརྗེས་སོང་བ་དང་། ཡང་ན་འཇིག་རྟེན་གཞན་པ་ཞིག་ལ་འགྱུར་སོང་སྙམ་པའི་ཚོར་བ་ཡ་མཚན་ཞིག་གིས་བཟུང་བར་གྱུར། ལྷག་པར་དུ་ལོ་གསར་ལྟ་བུའི་དུས་སྟོན་དང་།  དགོན་པའི་ཆོས་ཚོགས་སོགས་སུ་གང་ཞིག་གྱོན་ཡང་མཛེས་ཉམས་མེད་ཅིང་བརྗིད་ཉམས་ཡལ་བ།  ཇི་ལྟར་གྱོན་ཡང་བྲོ་བ་མེད་ཅིང་ཡིད་མི་ཚིམ་པ་ལྟ་བུའི་ཚོར་བ་ཞིག་གིས་བཟུང་འགྲོ། 

      གནས་སྐྱབས་བཟའ་མི་ཚོས་“མེར་སྲེག་འདི་བྱ་འུར་བྱེའུ་འུར་ཡིན་པ་རེད།   ང་ཚོས་བལྟས་ནས་འདུག་དང་གྱོན་པ་འདི་རིགས་ཡང་བསྐྱར་དར་ཡོང་ཁོ་ཐག་ཡིན་ངེས།” ཞེས་དང་།  “དེ་དུས་ངེད་ཚང་གིས་སྒམ་ནང་ནས་ལེན་རྐྱང་ཡིན་པས་སྐྱིད་པ་ལ།” ཞེས་ཡིད་ཚིམ་པའི་རྣམ་འགྱུར་སྟོན་བཞིན་གདའ།  གནས་སྐྱབས་ཚང་གིས་དེ་ལྟར་ལོ་ངོ་གཉིས་ཙམ་ལ་རེ་བའི་མིག་ཟུང་ཆེས་ཆེར་བགྲད་ཀྱང་མདོ་དབུས་ཁམས་གསུམ་གང་དུའང་གཅན་གཟན་གྱི་པགས་རིགས་གྱོན་པའི་སྣང་ཚུལ་ཞིག་ཤིན་ཏུ་དཀོན་པར་གྱུར་བས་མི་ཚད།   དོན་དག་དེའི་སྟེང་ནས་སུས་ཀྱང་ “སྔོན་ཆད་ང་ཚོས་འཛམ་གླིང་མི་དམངས་ཀྱི་སྔོན་ནས་གློའུ་རྟགས་ཆེན་པོ་བསྟན་སོང་།” དང་། “ད་ལྟ་འདང་བརྒྱབ་ན་གྱོན་པ་དེ་རིགས་ནི་དཔལ་འབྱོར་འཕྲོ་བརླག་གཏོང་བྱེད་ཅིག་ལས་མེད་སོང་ཟིག” སོགས་གྱོན་པ་དེ་རིགས་ལ་བཟུང་བའི་རྣམ་འགྱུར་ནི་ཇེ་བརྟན་ཅིག་ལས་མེད་འདུག          

     དགོང་མོ་དེར་བྱིས་པ་གཉིས་ཀྱིས་ལས་བྱ་འབྲི་བཞིན་པ་དང་།   གནས་སྐྱབས་བཟའ་ཟླ་གཉིས་ཀྱིས་ཉི་འབྲུ་འཆའ་ཞོར་དུ་ཟླ་ཕོགས་འཕར་རྒྱུ་ཟེར་བའི་སྐད་ཆ་འཁྱར་བོ་དེའི་སྐོར་གླེང་བཞིན་ཡོད། བརྙན་འཕྲིན་ལས་གསར་འགྱུར་མཉམ་སྒྲོག་ལེ་ཚན་གཏོང་བཞིན་པའི་སྒང་ཡིན་ལ།  རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དེ་པེ་ཅིན་ནས་འཚོགས་ཡོད་པའི་སྐོར་སྒྲོག་གིན་འདུག   གློ་བུར་དུ་གནས་སྐྱབས་ཀྱིས་བཟའ་ཟླའི་བླ་ཐོག་ཏུ་ཁུ་ཚུར་གྱིས་གཅིག་བརྒྱབ་སྟེ།  “ལྟོས་དང་།  ལྟོས་དང་།” ཞེས་བརྙན་འཕྲིན་ལ་ཕུར་ཚུགས་སུ་བལྟས། “ཨེ་རིག་ཐལ།  ཨེ་རིག་ཐལ།” ཞེས་འཇིག་རྟེན་འདི་ནས་མཐོང་མ་མྱོང་བའི་དོན་དག་ཡ་མཚན་ཞིག་རིག་སོང་བ་ལྟར་མཛུབ་མོས་བརྙན་འཕྲིན་བསྟན།  བཟའ་ཟླ་ཁོང་ཁྲོ་ལངས་ཏེ་བླ་འཕུར་འཕུར་བྱེད་ཀྱིན། “ཁྱོད་སྨྱོས་པ་ཡིན་ནམ།  ཨ་ན་ན།” ཟུག་གཟེར་གྱིས་བརྙན་འཕྲིན་དུ་ཡ་མཚན་ཅི་ཞིག་ཤར་སོང་བ་མ་མཐོང་།   “བོད་པའི་འཐུས་མི་ཞིག་གིས་མི་དམངས་ཚོགས་ཁང་ཆེན་མོའི་སྒོ་ན།    སྲམ་ལྭ་ཡག་པོ་ཞིག་དང་ཝ་ཞྭ་བརྗིད་པོ་ཞིག་གྱོན་ནས་འགྲོ་བཞིན་འདུག    ཨ་ཧ་ཧ་ཡག་པ་ལ།” སྐད་ཆ་དེ་ཐོས་པ་ན་བཟའ་ཟླའི་ཁོང་ཁྲོ་ཡང་ཞི་བར་གྱུར།  “ཧ་བོ་ཧ་བོ་དེས་ན་ངས་མ་རིག་ཐ།” “ཁྱོད་དེ་འདྲའི་ལས་ངན་ཞིག་རེད།” “ཁུ་ཚུར་དེ་བཙན་དྲག་པས།” “ཧ་ཧ་ཧ།” “ཧ་ཧ་ཧ།” མཚན་མོ་དེར་ཁོ་གཉིས་ཀྱིས་ནོམ་སྒམ་གྱི་ཁ་ཕྱེས་ནས་སོ་སོས་སྲམ་གཟིག་གི་གྱོན་པ་དག་གོན་ནས་ཁྱིམ་ནས་ཕར་འགྲོ་ཚུར་འགྲོ་བྱས།   བྱིས་པ་གཉིས་ཀྱིས་ལས་བྱ་འབྲི་རྒྱུ་བརྗེད་དེ་ཕ་མ་གཉིས་ལ་ཧད་འདུག    

       ཉིན་གཉིས་པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་དུ་བོད་པའི་འཐུས་མི་ཞིག་གིས་སྲམ་སྤགས་དང་ཝ་ཞྭ་གྱོན་དེ་འགྲོ་བཞིན་ཡོད་པའི་གསར་འགྱུར་དེ། གསར་འགྱུར་གཞན་ཞིག་ཏུ་གྱུར་བཞིན་འདུག     ཁྱིམ་མཚེས་རྫོང་མཁར་གྱི་མི་ག་གེ་མོས་བརྙན་འཕྲིན་འཆར་ངོས་ཀྱི་འཐུས་མི་དེ་མཐོང་བ་ན་ཚིག་པ་ཟོས་ནས།   མདུན་ཅོག་སྟེང་གི་ཇ་ཕོར་བླངས་སྟེ་ཐེ་ཚོམ་མེད་པར་མི་དེར་འཕངས་པས་བརྙན་འཕྲིན་བཅག་སོང་རབས་དང་། “བླུན་པོ་ཁོས་གཅན་གཟན་གྱི་པགས་རིགས་གྱོན་དེ་བོད་མི་ཡིན་པའི་རྟགས་སྟོན་གྱིན་པ་ཡིན་ན།   བོད་པ་ནི་ཁོ་དང་ཁོ་འདྲ་བའི་བྱ་སྤྱོད་འཆལ་བོ་ཅན་ཏག་ཏག་ཡིན་པ་བསྒྲགས་སོང་བ་མིན་ནམ།” དང་། “མི་རིགས་དང་ས་གནས་གང་ཞིག་གི་འཐུས་མི་ནི། ཁོ་ཚོའི་ནང་གི་འཇོན་མིའམ་རིག་གནས་སོགས་གང་ཅིའི་ཐད་ནས་མི་རིགས་དེ་དང་ས་གནས་དེའི་དཔལ་འབྱོར་འཚོ་བ་སོགས་དམངས་ཀྱི་བདེ་སྡུག་ཁོང་དུ་ཆུད་ཅིང་མཐོ་སར་ཡར་ཞུ་ཐུབ་པའི་མི་ཞིག་ཡིན་དགོས་པས།  བོད་པའི་འཐུས་མིའི་བསམ་སྤྱོད་དེ་འདྲ་ཡིན་ན་མི་དམངས་དེ་འདྲ་ཡིན་པ་སྨོས་མ་དགོས་པ་ལོས་ཡིན་སྙམ་འགྲོ།  མིག་རྫོད་དེས་ང་ཚོའི་མགོ་ལ་སྐྱག་པ་བསྒོས་སོང་།”   “ཁོ་ལྟ་བུ་ནི་བོད་པའི་བླ་བཙོང་རེད།” སོགས་ཀྱི་སྐད་ཆ་སྣ་ཚོགས་བཤད་ཀྱིན་མགོ་བོ་འཕྲེད་དུ་གཡུག་གིན་འདུག     དེ་རྗེས་སུ་གོ་ཐོས་ལྟར་ན།  དྲ་བ་དང་གླེང་སྟེགས།  དུས་དེབ་སོགས་སུ་《གཅན་གཟན་གྱི་པགས་རིགས་གྱོན་པའི་ནད་རྙིང་གཏར་སྲེག་བྱེད་པ།》ཞེས་དང་།《གོ་བ་མེད་པའི་གླང་རྒན་ཚོར་ཡང་བསྐྱར་དབྱུག་པས་གཞུ་བ།》ཞེས་སོགས་ཀྱི་མིང་གིས་བཏགས་པའི་འབོལ་རྩོམ་སྤེལ་ཏེ།   གཅན་གཟན་པགས་རིགས་རྒྱན་དུ་རློམ་པའི་མི་བུ་ཀླད་མེད་ཀྱི་སྐོར་ལ་གནས་ལུགས་ངོ་སྤྲོད་དང་།   སྐྱོན་མཚང་ཐེར་འདོན་གྱི་དགག་རྒྱག་བྱེད་ཀྱིན་འདུག་ཟེར།

       དེ་ལྟར་ལོ་ངོ་དྲུག་བདུན་ཞིག་གི་རིང་ལ་གནས་སྐྱབས་ཚང་གི་ཁང་བ་ཐེངས་གཉིས་གསུམ་ཞིག་ཏུ་གནས་སྤར་བའི་སྐབས་སུ་སྒམ་ཆེན་དེ་ཕར་ཁྱེར་ཚུར་ཁྱེར་བྱས།   ཐེངས་དུ་མར་སྒོའི་ནང་ཟྭ་བརྒྱབ་པ་དང་དྲ་ཡོལ་འཐེན་ནས་གྱོན་པ་དག་ལུས་ལ་བསྒོས་ཤིང་གཅིག་གིས་གཅིག་ལ་བལྟས་ནས་རོལ་མྱོང་བྱས།   ད་དུང་ཉིན་ཞིག་ཚེ་སྐྱབས་ཀྱིས་སློག་པ་གཟིག་པགས་ཅན་དེ་དང་ཝ་ཞྭ་གྱོན་ནས་ཕར་འགྱིང་ཚུར་འགྱིང་ངང་བཟའ་ཟླ་ལ་བལྟ་རུ་འཇུག་བཞིན་པའི་སྐབས་སུ། གློ་བུར་དུ་མི་ཞིག་གིས་“ཨ་རོགས་ཚང་།”ཞེས་སྒོ་གཉིས་གསུམ་ཞིག་བརྡུང་བ་དང་མཉམ་དུ་དལ་གྱིས་ཕྱེས་བྱུང་།   ཉིན་དེར་ཁོ་གཉིས་ཀྱིས་ནང་ཟྭ་རྒྱག་རྒྱུ་བརྗེད་པ་ལོས་ཡིན།   ཚེ་སྐྱབས་ནི་ནག་ཉེས་ཅན་གྱི་མི་གསོད་ལག་དམར་ཞིག་དང་འདྲ་བར་མྱུར་དུ་མལ་ཁྲིའི་འོག་ཏུ་འཛུལ།   བཟའ་ཟླའི་གདོང་དམར་རྐྱང་ཆགས་ནས་མགྲོན་པོ་དེ་སྣེ་ལེན་བྱས།   མགྲོན་པོས་“ཚེ་སྐྱབས་ཀྱི་བཟའ་ཟླ་དེ་འདྲའི་འཚུབ་ཆ་ཞིག་ལངས་དོན་ཞིག་ཅི་ཡིན་”སྙམ་ནས་ཡ་མཚན་སྐྱེས།   མགྲོན་པོ་དེས་སྐད་ཆ་ཡར་བཤད་མར་བཤད་ཀྱིས་ཆུ་ཚོད་གཅིག་ལྷག་ལ་བསྡད།    ཚེ་སྐྱབས་ནི་མལ་ཁྲིའི་འོག་གི་རྡུལ་དང་ལྷམ་རྙིང་དག་གི་སྟེང་དུ་ཁ་སྦྱར་ལ་ཁད་ཀྱིས་བསྣར་ནས་བསྡད།   ཁོའི་སློག་པ་ཧ་ཅང་དྲོ་བས་ལུས་དང་གདོང་ནས་དངུལ་ཆུ་བར་མེད་དུ་ཟགས་པ་དང་སྣབས་ཀྱང་ཟགས་ནས་ས་དང་སྦྲེལ། འོན་ཀྱང་ཁོས་སྣབས་ནི་འཇིབ་ག་ལ་ཕོད། མཚམས་ཤིག་ནས་ཁོ་ལ་ལུད་པ་ཞིག་ཐོན་ནས་ཤིན་ཏུ་བཟོད་དཀའ་བར་གྱུར་བས་ད་ནི་མཆིལ་མའང་མིད་མི་ཕོད་པར་དཔྱིད་ཀའི་བ་གླང་ངན་པ་ཞིག་ཤི་བ་དང་མཚུངས་པར་ཁ་ཆུ་དང་སྣབས་མཉམ་དུ་འདྲེས་ཏེ་ཐང་ལ་འཁྱིལ། ཆུ་ཚོད་གཅིག་དེ་ནི་གནས་སྐྱབས་ལ་མཚོན་ན་ཟླ་གཅིག་ལས་རིང་བའི་སྣང་བ་ཤར།  མགྲོན་པོ་སྒོ་ཕྱི་ལ་བུད་མ་ཐག་ཆུང་མ་བརྒྱུག་འོང་ནས་མལ་ཁེབ་བཀྱག་པ་ན་ཚེ་སྐྱབས་ཀྱང་སྦལ་བ་ཞིག་ལྟར་ནུད་བྱུང་།   ཆུང་མས་ཚེ་སྐྱབས་ཀྱི་ངོ་གདོང་དང་ཚུགས་ཀ་མཐོང་བ་ན་དགོད་རྒྱུ་ཆེན་པོ་ཞིག་གཏིང་ནས་ཐོན་དེ་བསྟུད་མར་ཧབ་ཆ་མང་བོ་བརྒྱབ་པས་ཕོ་བར་ན་ཟུག་གང་ཞིག་བྱུང་སྟེ་དྲན་མེད་དུ་བརྒྱལ།      དང་ཐོག་ཚེ་སྐྱབས་ཆུང་མའི་སྟེང་དུ་ཁོང་ཁྲོ་ལངས་མོད། མོ་རང་དྲན་མེད་དུ་བརྒྱལ་བ་མཐོང་ཚེ་འཇིགས་སྐྲག་ཆེན་པོ་སྐྱེས་ཏེ་མྱུར་དུ་༡༢༠ལ་ཁ་པར་བཏང་སྟེ།   ཆུང་མ་སྨན་ཁང་དུ་བསྐྱལ།    མྱུར་སྐྱོབས་ཁང་གིས་དུས་ལྟར་སྨན་བཅོས་བྱས་པས་དྲན་པ་གསོས་མོད།   ཕོ་བའི་ཟུག་གཟེར་བཟོད་དཀའ་བ་དེས་འདྲེ་ལྡོག་རྒྱག་པའི་ཚད་དུ་བསྐྱལ།    སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་རྒྱུ་མ་ཐེད་སོང་བར་ངོས་བཟུང་བས་འཕྲལ་དུ་བཤའ་བཅོས་བྱེད་དགོས་ཐུག   བཤའ་བཅོས་ལེགས་འགྲུབ་བྱུང་རྗེས་སྨན་པས། “དེང་སང་སྒོར་ཟུར་ལྔ་ཅན་གྱི་ཞོར་ཟས་ཁ་ཚའི་རིགས་ཟ་མི་ཉན།    དེ་དག་གིས་རྒྱུ་མར་གནོད་སྐྱོན་བཟོས་འགྲོ་བས་མཇུག་འབྲས་ནི་འདི་འདྲ་ཡིན་” ཞེས་སློབ་གསོ་བཏང་།   ཚེ་སྐྱབས་ཀྱིས་“གོ་སོང་།  ཐུགས་རྗེ་ཆེ།    ཐུགས་རྗེ་ཆེ།” ཞེས་མགོ་བོ་ལྕོག་ལྕོག་གིས་དང་ལེན་བྱེད་པའི་རྣམ་པ་བསྟན།    སེམས་སུ་ “ད་ཐེངས་ཆུང་མའི་རྒྱུ་མ་ཐེད་པ་འདི་ལོ་ལོན་ཚོར་‘བགད་བགད་ནས་རྒྱུ་རྩ་རྙིད་’ཅེས་ཟེར་སྲོལ་ཞིག་ཡོད་པ་ཡིན་ཁོ་ཐག་ཡིན།” སྙམ།    

     ད་ལྟ་གཅན་གཟན་གྱི་པགས་རིགས་གྱོན་པའི་བོད་པ་ཞིག་མདོ་དབུས་ཁམས་གསུམ་གང་དུ་ཧ་ཅང་མཐོང་དཀོན་པའི་གནས་སུ་གྱུར་བ་དང་།   དེ་བཞིན་དུ་སྔོན་ཆད་བླ་བྲང་དང་ཀ་ཆུ་སོགས་ས་གནས་གང་དུའང་པགས་རིགས་ཚོང་ཁང་འབེལ་བོ་ཡོད་པ་དག་གཅིག་ཀྱང་མཐོང་རྒྱུ་མེད་པར།    ད་ནི་ལོ་རྒྱུས་དེར་རྫོགས་ཤད་ཆེན་པོ་ཞིག་བྲིས་སོང་སྙམ་པ་ཞིག་ཡིན་མོད།   གནས་སྐྱབས་ཀྱིས་མཚམས་དང་མཚམས་སུ་སྒམ་ནང་གི་གྱོན་པ་དེ་རིགས་པང་དུ་བླངས་ཏེ་སྤུ་ལ་ཕྱིལ་ཕྱིལ་བྱེད་ཀྱིན།  “ནམ་ཉི་མ་ཞིག་ལ་འདི་དག་གྱོན་འོང་རྒྱུ་ཁོ་ཐག་ཡིན་ནི་རེད།” “ནམ་ཉི་མ་ཞིག་ལ་འདི་དག་གྱོན་འོང་རྒྱུ་ཁོ་ཐག་ཡིན་ནི་རེད།” ཅེས་ཁེར་ལབ་བྱེད་ཀྱིན་ཤི་མིག་ཕྱིར་ལ་བལྟས་ཏེ་ཡོད་དོ། །

༢༠༡༤ ༥ ༡༧ ཉིན་མགོ་ལོག་པདྨ་རྫོང་དུ་གྲུབ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngt བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41571633
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1