གངས་ཅན་དབྱངས་འཚོའི་བཏུས་རྩོམ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »གངས་ཅན་དབྱངས་འཚོའི་བཏུས་རྩོམ།
གངས་ཅན་དབྱངས་འཚོའི་བཏུས་རྩོམ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/20ལྟ་ཀློག (2890)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


<<འབྲོག་ཐང་གི་ས་སྲོད།>>

རྩོམ་པ་བོ།  གངས་ཅན་དབྱངས་འཚོ།

     རྒྱང་རིང་གི་གནམ་མཐའ་དེ་ནས་སྲོད་ཀའི་མཚམས་སྤྲིན་དམར་མདངས་ལ་འཁྱུད་དུས།  བྱ་བྱེའུ་དག་གིས་ཀྱང་ཕྱོགས་དང་ཕྱོགས་ནས་རང་གི་གནས་མལ་འཚོལ་བར་བྲེལ། འོན་ཀྱང་ཨ་མ་ལགས། ཁྱོད་དུང་སྦྲ་ཁྱིམ་དུ་ལོག་མེད།  
     ངས་སྦྲ་ཁྱོན་གྱི་ཐ་གུར་འཐམ་ནས་ལྷས་རའི་ཕྱོགས་སུ་རྒྱང་ལྟ་བྱས།  ཨ་མ་ལགས།  སྲོད་མདངས་ཀྱི་ཡོལ་རས་དེའི་ཕག་ནས་ཁྱོད་ཀྱིས་ད་དུང་ང་མཐོང་གིན་ཡོད་དམ།  
     ཨ་མ་ལགས། དོ་ནུབ་སྒོ་ཁྱིའི་ཟུག་སྐད་ནི་ཅི་འདྲའི་རྣ་ལ་གཟན་པ་ཞིག་སྟེ།  སྦྲ་གུར་གྱི་ཧྲག་བར་ནས་ལྡང་ཡོང་བའི་རླུང་བུ་རྩུབ་མོ་ཞིག་དང་ཅིས་ཀྱང་མཚུངས།   འོན་ཏེ་ཨ་མ་ལགས།  བདག་གི་སླད་དུ་སེམས་ཚེགས་མི་གནང་རོགས།  
      གློ་བུར་དུ་རང་ཉིད་སྦྲ་སྒོར་བུད་དེ་མཁའ་དབྱིངས་སུ་ཅེར་བས།  སྐར་ཚོགས་ནི་འཛུམ་ཁ་ཤིག་ཤིག་གིས་མཐོངས་ལམ་ནས་མངོན་བྱུང་ལ།  ཁོར་ཡུག་གི་རྣམ་པ་ནི་བདག་གི་ངོ་གདོང་བཞིན་སྐྱ་ཐང་ཐང་དུ་གྱུར་འདུག   ད་དུང་ཤར་རིའི་ཕྲག་པ་ནས་སྐྱོ་ངལ་གྱིས་རྐང་ཟུང་དུབ་ཅིང་།  དྲན་གདུང་གི་ལན་བུ་གདོང་དུ་དུད་པ་དེ་ནི།  བདག་གི་ཡུམ་ཆེན་མ་ལགས་ཏེ་དོ་ནུབ་ཀྱི་ཟླ་བ་ཡིན་པས་སོ། །
      རྨི་ལམ་གྱི་གཞིས་ཀ་བོར་བའི་བདག་ནི།  དོ་ནུབ་སྟོང་བསམ་གྱི་གྲུ་ག་གང་དུ་ཉུ་ཡང་མྱ་ངན་དང་འཇིགས་རུང་གི་སྣོན་མ་ལས་གང་ཡང་མ་རྙེད།
     སྐྱ་རེངས་ཀྱི་སྨྲེང་གཞས་ནི་སྦྲ་ནག་རལ་བོའི་གོང་ཁ་ནས།  མིག་ཆུ་བཞིན་བདག་གི་སེམས་ཁོང་དུ་འཐིགས་སོང་།  འོན་ཀྱང་ཉི་འོད་ཀྱི་ཟེགས་མ་ནི་ཨ་མའི་སོ་སྒོ་བཞིན་ཅི་འདྲའི་བདེ་དྲོད་འཁྱིལ་བ་ཞིག་ཨང་།    
     དེ་མུར་ངས་སྐད་གསང་མཐོན་པོས་"ཨ་མ"ཞེས་བོས་པས།  གློ་བུར་དུ་རྣ་ལམ་དུ་"ཨ་མའི་གཅེས་ཕྲུག  ང་འདི་ན་ཡོད་"ཅེས་པའི་སྐད་སྒྲ་དེ་འཁོར་བྱུང་།     མ་གཞི་ང་རང་ནི་རྨི་ལམ་གཟེབ་ཏུ་ཚུད་སོང་བ་ལས།ཨ་མའི་དྲོད་ཁོལ་དང་གཏན་ནས་བྲལ་མེད།

《གྱེས་ཁའི་མེ་ཏོག》

______ཁ་བྱང་གི་བསྡུས་བརྗོད།
སྒོ་རྭ་ན་འཛུམ་ཤིག་ཤིག་གིས་བཞད་པ་དེ། ལང་ཚོ་གསར་བའི་མེ་ཏོག་ལས་བདག་གི་གླུ་སྙན་མིན། ཡིད་འོང་གི་ཟེའུ་འབྲུ་དག་བདག་གི་མིག་ཆུ་རུ་དོགས་ཏེ་མཆུ་སྒྲོས་ཀྱིས་མི་རེག་པར་འཚལ།
..................................................

      ང་རང་འགྲོ་རན་སོང་། སྙིང་ཉེ་བའི་མི་ཨང་། ཁོ་བོ་གཏོང་བར་འཚལ། སྐྱ་རེངས་ཀྱི་མདངས་ལས་མཆེད་པའི་ཟེར་ཕྲན་རེ་རེ་ཁྱོད་ཀྱི་སྔས་འགྲམ་དུ་འཕོས་པ་ན། ཁྱོད་ཀྱིས་ལག་ཟུང་གིས་བདག་ལ་རེག་པར་བརྩམས། སྐབས་དེར་ཁོ་བོས་ཁྱོད་ལ་འདི་ལྟར་མཆིད་“མཛའ་བོ་མེད་ཀི”____བདག་གི་ཡིད་གཅུགས་ལགས། ང་རང་སྔར་ནས་སོང་ཟིན།
     ཁྱོད་ཉིད་ལྗོན་པའི་གྲིབ་ངོགས་སུ་རྒྱུ་སྐབས་བདག་འཇམ་རླུང་ཞིག་ཏུ་བརྫུས་ཏེ་དཀར་ལ་མཉེན་པའི་མཁུར་ཚོས་སུ་བདག་གིས་དགའ་བརྩེའི་མཆུ་རྗེས་བཀོད། བརྩེ་བའི་མི་ལགས། ལྐོག་ནས་གྲིབ་བསིལ་སྩོལ་བའི་མི་དེ་བདག་མ་ཡིན།
      མཚན་ལྗོངས་སུ་བདག་མེ་འཁྱེར་གྱི་གཤོག་སྒྲོར་འཐམས་ཏེ་ཁྱོད་ཀྱི་སྒེའུ་འགྲམ་དུ་འབྱོར་བ་ན། གདངས་མི་གསལ་བའི་གཉིད་ལབ་དེས་བདག་ལ་ཁོང་འཛུམ་རྒྱས། ཡིད་འོང་གི་བདག་མོ་ལགས། གཏན་དུ་གཟིམ་པར་འཚལ། རྨི་ལམ་དུ་བདག་ལ་ནམ་ཡང་སུན་སྣང་མེད།
      བདག་གིས་སྐར་ཚོགས་ཀྱི་ཕང་བ་ནས་མཚན་གཞས་གྱེར་དུས། ཁྱོད་ཀྱིས་ང་རང་འཇའ་ཟེར་དུ་འཁྲུལ་ཏེ་རྨི་ལམ་མི་གཏོང་བར་ཞུ། མཆིལ་རིས་དོད་པའི་མིག་ཟུང་དེས་ཁྱོད་ཀྱི་མཛེས་སྡུག་ཉམས་པར་བྱེད།
     ཀྱེ་ཀྱེ། བརྩེ་དུང་གི་སློང་མོ་བ། བདག་གི་གཅེས་ནོམ་ཡོད་རྒུ་སྔར་ནས་ཁྱོད་ཀྱིས་ཁྱེར་ཟིན། བདག་ལ་ཡོད་པ་མིག་ཆུ་ཁོ་ན་རེད། “འོན་ཏེ་ང་ལ་ད་དུང་གྲིབ་གཟུགས་མཁོ།”
     ཉི་འོད་ཀྱི་སྤྱན་རས་མ་ཐོགས་པའི་ལྡུམ་རྭ་དེར་ཁྱོད་ཉིད་མྱུར་དུ་ཕེབས་མཛོད། བདག་དངུལ་དཀར་གྱི་མེ་ཏོག་ཆུང་ཆུང་ཞིག་ཏུ་སྤྲུལ་ཏེ་ཁྱོད་ལ་ངང་སྒུག་བགྱི། མྱུར་དུ་ཕེབས་པར་མཛོད། ཁྱོད་ཀྱིས་ངོམས་པ་མེད་པར་བདག་གི་བསུང་ངད་དང་མཛེས་པ་ལོངས་སུ་སྤྱོད་ཆོག
      སླད་མར་ངའི་ཟེའུ་འབྲུ་དང་ལང་ཚོ་ཡོད་ཚད་གདོད་མ་ནས་ཁྱོད་ཁོ་ནར་དབང་བས། བདག་ལ་བཀའ་དྲིན་གྱི་ཞུ་མཆིད་མི་འབུལ་བར་འཚལ།

སྙན་ངག་ཚན་པ་གསུམ།

༡   .  <<བྱིས་པ།>>  
 
ཁ་སང་སྒེའུ་འགྲམ་དུ་མེ་ཏོག་ཅིག་བཙུགས་ཡོད།
མེ་ཏོག་དེའི་འདབ་མ་གང་ལ་འཁྲིལ་སྲིད།
བྱིས་པ་ཡཱ  
དོ་ནུམ་རྨི་ལམ་དུ་བཞད་པའི་སྐྱེད་ཚལ་དེར།
སྐར་འོད་རྔུབ་པའི་བྱིས་པ་སུ་ཞིག་མཆིས་སམ།
བྱིས་པ་ཀྱེ་་་
ཕྱི་རོལ་ཏུ་བསིལ་རླུང་གིས་ལ་གཞས་གྱེར།
གཞས་གདངས་ལ་སྨྲེང་སེམས་ཐུལ་དུས།
"ཨ་མ"ཞེས་བདག་གི་རྣ་རུ་གཟན།
བྱིས་པ་ཡཱ།  བྱིས་པ་ཨང་།
གཏན་དུ་རྨི་ལམ་དུ་བཞད་པའི་མེ་ཏོག
ང་རང་མིན།  
སུ་ཞིག་ཡིན་ནམ།
 ༢ .    <<ཅོག་སྒྲོམ་ཐོག་གི་མེ་ཏོག>>
མི་དང་མེ་ཏོག་འཛུམ་མདངས་ཀྱིས་བཞད་དུས།
ངས་ཁ་རོག་གེར་ཅོག་སྒྲོམ་ཐོག་ནས་སྨྲེང་གླུ་གྱེར།
མེ་ཏོག་ཡཱ
      གཏན་དུ་བཞད་པའི་མེ་ཏོག
མིག་ཆུ་དང་རོལ་དབྱངས་ལྷན་དུ་གྲག་སོང་།
ང་ད་དུང་མཛའ་གཞས་ཀྱི་ཕག་ཏུ་གབ།
མེ་ཏོག་ཡཱ
   གཏན་དུ་བཞད་པའི་མེ་ཏོག
སྐར་ཆ་དང་ཁོག་འཛུམ་ཡུན་གྱིས་བོར་དུས།
སུ་ཞིག་གིས་སྒེའུ་ངོགས་ན་འཕྱར་གཡེངས་བགྱི།
མེ་ཏོག
     གཏན་དུ་བཞད་པའི་མེ་ཏོག
༣   <<ཆང་ལོ།>>
ང་ལ་རྨི་ལམ་ཞིག་སྩོལ་རོགས།
གྲུ་ཟུར་ནས་བོར་ཟིན་པའི་ཆང་ལོ་ཡཱ།
ཝུ་བ་ཕྱིར་མིག་ཏུ་འཁྲུལ་བའི་ལྗོངས་རིས་སུ།
ང་ལ་ཅིས་ཀྱང་དྲོད་ཁོལ་མཁོ།  ཀྱེ་ཀྱེ་་་།
དྭངས་གཙང་གི་ཞེན་པ་ཁུར་བའི་མེ་ཏོག
སུ་ཞིག་གི་རྒྱབ་གཟུགས་ལ་ཐོགས་པའི་སྙན་ངག་ཡིན་ནམ།
བདག་ལ་ཆར་ཟིལ་ལྟ་བུའི་མིག་འདང་ཞིག་ཡོད།
ཁྱོད་ནི་མིག་འདང་དེར་འཁོར་བའི་ལན་བུ་ཞིག་ཨང་།
རེ་སྨོན་ཞིག་གི་གནམ་མཐའ་ནས།
སྐར་ཚོགས་ནི་སུ་ཞིག་གི་བདག་ཏུ་བཟུང་།
ཉག་ག་ནས་ཡིབ་ཟིན་པའི་ཟླ་བ་ཀྱེ།
བདག་ལ་གཏན་དུ་འོད་སྣང་ཞིག་གནང་རོགས།
ཆང་ལོ།
ཝུ་བ།
ད་དུང་མེ་ཏོག
         མཛེས་སྡུག་སྟོང་གི་བསླུ་བྲིད་ལ་ངོམས་པ་མེད།

     <<བདག་གི་ལང་ཚོ་གང་དུ་ཡོད།>>

ཆིག་ལབ་ལ་མོལ་འཚམས་མེད་རུང་།
བདག་ལ་གཏན་དུ་སྤྱན་རས་གཡར་བར་འཚལ།
ཁྱེད་ཀྱི་མདུན་དྲུང་དུ་ང་ད་དུང་གོམས་ཡོད།
འདི་ནི་བདག་གི་ལང་ཚོ་འཚོལ་འདོད་པས་ཡིན།

མུ་སྨག་གི་ཕ་མཐའ་ནས་བདག་ལ་རྒྱང་ལྟ་གནང་བར་འཚལ།
གོམ་བགྲོད་ཇི་ལྟར་དལ་ཡང་ང་སླར་ཡང་ཐོན་ངེས།
རྡོག་ལམ་མིག་ཆུ་དང་སྨྲེང་བས་བསྙིལ་སོང་།
འོན་ཀྱང་ང་ལ་ད་དུང་མཛེས་སྡུག་ཡོད་པས།
ངས་ཅིས་ཀྱང་རང་གི་ལང་ཚོ་འཚོལ་འདོད།

ཁོང་ཅག་ཡོད་ཚད་རྒས་ཟིན་རུང་།
ང་ལ་ཁྱེད་ཀྱི་མཛེས་སྡུག་མཁོ།
འཁྱམས་ཉུལ་གྱི་འཇིག་རྟེན་རྒྱ་ཆེ་བས།
ང་རང་གི་རྨི་ལམ་ལ་དུང་བ་ལྷོད་མི་སྲིད།
དེ་བས་ངས་ད་དུང་ལང་ཚོ་འཚོལ་འདོད།

རྒྱབ་གཟུགས་ཀྱིས་བདག་ལ་བསླུ་བྲིད་གཏོང་མི་སྲིད།
དེ་ནི་བདག་མིག་ཆུ་ལ་ལོབས་ཚར་བས་ཡིན་ངེས།
བྱམས་དུང་གི་གཡབ་མོ་ལགས།
སུ་ཞི་གི་ལང་ཚོ་ད་ལྟ་ཁྱེད་ཀྱི་རྫི་མས་བསྐུངས་ཡོད།

ཟླ་ངོགས་ནས་རྒྱང་གླུ་འཐེན་པའི་མི་དེས།
སྐར་ཚོགས་རེ་རེ་བཞིན་ཁྱེད་ཀྱི་པང་དུ་བསུས།
འཚོལ་སྙེག་གི་གཡོར་གྲུ་དཀྲུགས་པའི་མི་དེས།
རླབས་གཉེར་སོ་སོ་ལ་ཁྱེད་ཀྱི་མིག་རྒྱ་བཏབ།
འོན་ཀྱང་།  ངས་ད་དུང་ཅི་ཡང་མ་རྙེད་པ་ནི་རང་གི་ལང་ཚོ་རེད།


   <<འཚོ་བ་ལགས།  གུ་ཡངས་ལན་གཅིག་གནང་རོགས། >>                  

གོམ་སྒྲ་དང་མིག་ཟུང་གིས་ས་སྲོད་མདུན་དུ་བཅར་དུས།
གཙང་ངོགས་ཀྱི་མཚམས་སྤྲིན་དེས་ཉི་འོད་རྒྱང་དུ་བསྐྱེད།
ཨེ་མ།  ང་ནི་གཙང་འགྲམ་དུ་ལྷག་པའི་ངང་བ་ཁེར་འགྲོ་དེ་ཡིན་སྲིད།

མི་ཚོགས་དལ་ལྷོད་ཀྱིས་ཉུལ་བའི་ཞབས་སྒྲ་མིག་ལམ་ནས་བོར་དུས།
ཤབ་ཤུབ་ཀྱིས་མཆིད་པའི་སྙན་ཚིག་ད་ལྟ་སུན་སྣང་གི་བྲང་ཁར་འཐོར།
ཀྱེ་མ།   ང་ནི་སྲང་ལམ་དུ་འགྱེལ་བའི་ཆང་བཟི་ཁེར་རྐྱང་དེ་ཡིན་སོང་།

རྡོག་ཁྲེས་ལྕི་བའི་སྐར་ཚོམ་དག་སྒེའུ་ངོགས་ཀྱི་ལོ་མར་འཁྱུད་དུས།
བཀྲག་མདངས་ཡལ་བའི་རྨི་ལམ་གྱི་བཀོད་པ་མཆིལ་རིས་ཀྱི་གསེང་དུ་ཡིབ།
ཀྱེ་ཧུད།   ང་ནི་གནས་མལ་དུ་ལྷུང་བའི་ཡུགས་མོ་ཁེར་སྡོད་དེ་ཡིད་ངེས།  

<<ཀུ་རེ་སློང་བའི་མེ་ཏོག>>
 
དང་བོ།
༡ ༽
ཆར་ཟིལ་དང་ཉི་འོད་ཀྱིས་བསླས་པའི་ཞོགས་པ་དེར།
སུ་ཞིག་གིས་ཆུ་ཐིགས་བདག་གི་འགྲམ་པར་གཏོར་བ་ན།
བདག་ལ་དངངས་ཚབ་དང་སྐྲག་སྣང་ཅི་འདྲའི་མོད།
 
༢༽
ངལ་དུབ་ཀྱི་རྫི་མ་དུད་པོར་འཕྱང་བའི་གཞོན་ནུ་དེས།
སུ་ཡིན་་་སུ་ཡིན། མང་དུ་དྲིས་ཀྱང་།
དབེན་པའི་ལྗོན་ཚལ་དུ་རྨི་ལམ་གྱི་འཇའ་ཟེར་རྐུ་བའི་ཁྱོད།
ད་དུང་གང་དུ་ཡོད་དམ་་་
 
༣༽
སིམ་མེར་ལུས་པའི་སྨྱུག་སྤྱིལ་གྱི་ཕྱི་རོལ་ནས།
གླུ་སྐད་ཁུར་བའི་ཕྱེ་མ་ལེབ་ཀྱི་གཤོག་དབྱངས།
སྲིན་དར་གྱི་དྲ་གསེབ་ནས་བདག་གི་གམ་དུ་ཤུ་བུར་འཛུལ།
 
༤༽
སྨྱུག་ཞྭ་དང་རྩྭ་ལྭ་འཚེམ་བཞིན་པའི་འགྲུལ་བཞུད་པ་དེས།
ངའི་ངལ་གསོ་དང་ལས་ཀ་ལ་བར་ཆད་སྟུད་མར་གཏོང་བའི་ཁྱོད།
གང་དུ་ཡོད་་་གང་དུ། ར་བའི་ནང་དང་། ལྡུམ་རའི་ཕྱི་རོལ།
 
༥༽
རྩི་བཅུད་ཀྱིས་སྨིན་མ་མཁྱོག་པོར་བཅོས་པའི་ཁྱོད།
ཟེ་བ་དང་འདབ་མས་གདོང་ཕྱེད་བཀབ་པའི་ཁྱོད།
ཡལ་གའི་སྟེགས་བུ་ཐོག་གར་རྩེད་ལ་གཞོལ་བ་ན།
ངས་གཞི་ནས་ཁྱོད་ཉིད་ཀུ་རེ་སློང་བའི་མེ་ཏོག་ཏུ་ངེས།
 
༦༽
དུས་སྐལ་དང་། འཚོ་བ། བླ་སྲོག་ཡོད་ཚད་ལ་དབང་སྒྱུར་བའི་མི་ཡཱ།
 

གཉིས་པ།
༡༽
ཕྱི་རོལ་ནས་ཁ་བ་བབས་སོང་།
སྐྱོ་སྣང་གི་ལན་བུ་དུད་པོར་དཔྱངས་པའི་མི་ཚོགས་ཡྰ།
བདག་ལ་གདུང་བ་མི་གནང་བར་འཚལ།
 
༢༽
གདོང་རས་སུ་ཟུར་མིག་བཀལ་བའི་གྲིབ་གཟུགས་དེས།
ཐག་རིང་ནས་བརྩེ་དགོད་ཀྱིས་བདག་ལ་འཕྱ།
དགོངས་པ་མ་འཚམས། ང་ཁྱེད་ཀྱི་ཉེ་སར་བཅར་ན་འདོད།
 
༣༽
རྨི་ལམ་དུ་དཔྱིད་མདངས་རྣམ་པར་བཀྲ།
གླིང་བུ་འབུད་པར་མཁས་པའི་བྱིས་པ་ཀྱེ།  
ཅི་ཞིག་གི་སླད་དུ་བདག་ལ་ཀུ་རེ་སློང་ངམ།
 
༤༽
ཧ་ཧ་་་་ ལྗོན་ལོ་ལྡེམ་ལྡེམ་དུ་འདར་བའི་ཕང་བར།
ངས་དངུལ་གྱི་མེ་ཏོག་ལ་བརྒྱུས་པའི་གླུ་སྙན་དཀྲོལ།
ཁྱོད་ཀྱིས་ད་དུང་ཕངས་སེམས་ཀྱིས་བདག་ལ་བལྟ་དོན་ཅི།
 
༥༽
ཉི་འོད་ཀྱི་དྲྭ་མིག་ཏུ་བྱིའུ་ཁྱུའི་སྒྲོ་ཐུར་འཐོར་དུས།
དངངས་སྐྲག་ཤིག་ཤིག་གིས་ལག་ཟུང་ང་ཡི་བྲང་ཁར་སྙེན།
གནས་མལ་འཚོལ་བའི་གཞོན་ནུ་ལགས། བདག་ལ་དྲོལ་ཁོལ་མི་འདུག
 
༦༽
ཁྱོད་ཉིད་སིལ་སྡོང་གི་ར་བར་སྟོང་བསམ་གྱིས་འགྲེང་སྟེ་རྒྱང་རིང་ལ་ཅེར།
བསམ་ལ་ངོམས་པའི་མི་དེས་ཡལ་གའི་སྟེང་ནས་འཛུམ་དཀར་གྱིས་ཁྱོད་ལ་ལྟ།
 
 
ཀུ་རེ་སློང་བའི་མེ་ཏོག
གསུམ་པ།
༡༽

བརྩེ་བའི་མི་ལགས།
ཁྱོད་ཀྱིས་ཟླ་འོད་ལ་རེ་དུས།
བདག་གིས་གཏན་དུ་སྤྲིན་པ་ལ་གཞིག
སྤྲིན་པས་ཁྱོད་ཉིད་བདག་གི་ཉེ་སར་བསྐྱལ།
ཟླ་བས་ང་རང་ཁྱོད་དང་རྒྱང་དུ་བསྐྱེད།
 
༢༽
གསལ་ལ་མི་གསལ་བའི་གཞས་གདངས་དེས།
ཁྱོད་རང་གཉིད་དུ་མི་འཇུག ལྟོས་དང་།
བདག་སྐར་ཚོམས་སུ་བརྫུས་ནས་ཁྱོད་ཀྱི་སྒེའུ་ཁྲ་ལས་ཞུ་མོལ་མཆིད།
ཅིས་ཀྱང་གཟིམ་པར་འཚལ།
 
༣༽
འོད་ངོགས་ནས་ཡིག་འབྲུ་འཚོལ་བའི་བྱིས་པ་ཨང་།
ཨ་མ་གང་སོང་ཟིན།
ངས་ཁ་རོག་གེར་སུ་ཞིག་ལ་སོ་ལྟ་བྱེད་དམ།
 
ཀུ་རེ་སློང་བའི་མེ་ཏོག
བཞི་བ།
༡༽
མཛེས་སྡུག་གི་ལྡུམ་ར་རུ།
མེ་ཏོག་གི་བསུང་ཞི་ཐུལ།
ལམ་འགྲམ་གྱི་འགྲུལ་བ་དེས་ང་རང་དལ་གྱིས་འཇིབ།
མེ་ཏོག་ཡ་་་མེ་ཏོག
ང་རང་སད་དུ་ཆུགས།
མི་ཚོགས་ཀྱི་མིག་ཟུང་གཏོང་བར་འཚལ།
 
༢༽
དྭངས་བསིལ་གྱི་རྫིང་བུ་རུ།
གསེར་མདོག་གི་ངང་མོ་འཁོར།
གྲུ་ཐོག་གི་གཞོན་ནུ་དེས་ང་རང་མིག་གིས་དྲངས།
 
༣༽
ཡུལ་གྱིས་བསྐལ་བའི་མཛའ་གྲོགས་ཀྱེ།
མེ་ཏོག་འདི་བཞེས་རོགས།
བདག་ལ་བཀྲག་མདངས་དང་དྲི་བསུང་མེད་པས་ཁྱོད་ཀྱི་མགུལ་རྒྱན་དུ་ག་ལ་རུང་།
 
༤༽
ཉི་འོད་ཀྱི་ཞོགས་པ་དེར།
ལྗང་གསར་གྱི་རྨི་ལམ་འཚོལ་བའི་མི་ཚོགས་དག་ཁྱེད་ཀྱི་གམ་དུ་སླེབས།
ངལ་དུབ་ཀྱིས་མནར་བའི་བདག
ད་དུང་རྨི་ལམ་དུ་གཡེངས།
 
 
ཀུ་རེ་སློང་བའི་མེ་ཏོག
ལྔ་བ།
༡༽
ཁེར་རྐྱང་གིས་མནར་བའི་མཚན་མོ་དེར།
རབ་རིབ་ཀྱི་ཟླ་བ་བདག་གི་སྒེའུ་ངོས་འཛུམ།
སུན་སྣང་གི་འོད་མོག་གཤོག་རྩེར་ཁུར་བའི་མེ་ཁྱེར་ད་དུང་རྒྱང་རིང་ན།
 
༢༽
ལྐོག་གྱུར་ཀྱི་གསང་བ་ཞིག་གིས་བདག་དལ་གྱིས་སྒེའུ་ཁུང་གི་ཕྱི་རོལ་ཏུ་ཁྲིད།
སྐབས་དེར་བདག་གིས་ཟླ་བསིལ་གྱིས་མ་རེག་པའི་གྲུ་ག་དེ་རུ།
གཞོན་ནུ་མ་ཞིག་ཀྲོང་ངེར་འགྲེང་བཞིན་ཡོད་པར་ཚོར།
 
༣­༽
ང་འདི་ན་ཡོད་སྟེས་དབང་གིས་བདག་གི་ངག་སྒོ་ནས་འདི་ལྟར་ཤོར།
 
༤༽
ཁོ་མོས་འཚེར་སྣང་གི་ངང་ནས་སྒེའུ་ཁྲ་ལྷོད་ཀྱིས་ཕྱེས་སོང་།
 
༥༽
ཟླ་བ་གློ་བུར་དུ་མུན་ནག་གི་དྲྭ་གཟེབ་ཏུ་ཡིབས།
འོན་ཀྱང་སྔས་འགྲམ་གྱི་མིག་ཆུ་ལ་ད་དུང་འོད་དཀར་འཚེར།
 
༦༽
མཚན་མོ་འདིར་ཁྱོད་ཀྱིས་སྒེའུ་ཁུང་གི་དྲྭ་མིག་བསལ།
སྒེའུ་ཁུང་གི་དྲྭ་མིག་དེས་བདག་ཉིད་ཡོངས་སུ་བསལ།
 
༧༽
སྒྱུ་འཕྲུལ་གྱི་ཟློས་གར་ལ་སུན་པ་མེད།
རྨི་ལམ་གྱི་རོལ་རྩེད་ལ་ངོམས་པ་མེད།
 
ཀུ་རེ་སློང་བའི་མེ་ཏོག
 དྲུག་པ།
༡༽
ཟླ་འོད་ཀྱི་ཟེགས་མ་སྒེའུ་ངོགས་སུ་འཐོར་བ་དང་།
འོད་ཞགས་ཀྱིས་བསྣུམས་པའི་འཛུམ་བརྩེ་གོར་མོ་ཞིག
ད་ལྟ་བདག་གི་རྨི་ལམ་ལས་ལྷམ་མེར་འཚེར།
 
༢༽
ཟིལ་བ་ཐོགས་པའི་མེ་ཏོག་ཨང་།
ཁྱོད་ཀྱིས་དཀྱོག་པོར་བསྟར་བའི་ཐིག་རིས་ལ་རྨི་ལམ་གྱི་འཇའ་ཟེར་ཐགས་སུ་བསླས།
འདབ་མ་ལས་བདག་གི་སེམས་གཏམ་མཆིད།
ཡང་སྙིང་བདག་གང་དུ་ཡོད་དམ།
 
༣༽
དུང་སེམས་ཀྱི་ཞེན་པ་འབར་བའི་མཐོངས་དབྱིངས་སུ།
འོད་ཀྱི་སྲད་བུ་ལ་བརྒྱུས་པའི་མེ་ཁྱེར་ཡན།
སྒེའུ་འགྲམ་གྱི་མེ་ཏོག་འཛུམ་བག་གིས་བསུ་མཁན་ཁྱོད་ཡིན་ནམ།
 
༤༽
ཅི་ཞིག་སླད་དུ་ང་ཁྱོད་ཀྱི་དྲི་བསུང་ལས་ནམ་ཡང་ཐར་དུས་མེད།
དེ་ནི་བདག་ཟེའུ་འབྲུ་ལ་སྨྲེང་བ་ཁོ་ནས་མིན་ཏེ།
ཆིག་ལབ་དང་ལྐོག་འཛུམ་ལ་སྐྲག་པས་སོ། །
 
༥༽
གླུ་སྙན་གྱི་འཇམ་རླུང་ལྷོད་ཀྱིས་ལྡང་ཡོང་།
ངའི་སྒེའུ་ཁྲ་ལ་གསང་ལམ་ཡོད་པ་གཞི་ནས་ཤེས།
ཀྱེ་མ་་་། ངའི་སྙན་ངག་གི་ཕྲ་རྒྱན་ཁྱོད་ཀྱི་གེ་སར་དུ་་འཁྲུལ་སོང་།
དེ་ནི་བསུང་ངད་ཅིག་གི་བྱིན་རླབས་རེད།
༦༽
འཇིག་རྟེན་འདིར་རྨི་ལམ་ཅི་འདྲའི་མོད།
རྨི་ལམ་རེ་རེ་ལའང་ད་དུང་འཇིག་རྟེན་རེ།
ཁྱོད་ཀྱི་འཛུམ་མདངས་ཇི་ལྟར་ཆུང་ཡང་།
བདག་གི་འཇིག་རྟེན་དུ་གཏན་ནས་ཤོང་ཐབས་བྲལ།

姓名:东日·曲琼吉美
笔名:岗坚央措
地址:甘孜州石渠县
邮政: 627350
联系:13795782173

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
mjbp བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41565462
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1