ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཐོར་བུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 27 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཐོར་བུ།
ཀིརྟི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཐོར་བུ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/22ལྟ་ཀློག (7774)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅།།སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་ཕྲེང་རིམ་

བྱོན་གྱི་མཛད་རྣམ་ཐོར་བུ་བཀོད་པ་

ཕྱེ་ལེབ་སྒེག་མོའི་

གཤོག་རླབས།


༄༅།།རྨད་བྱུང་ཐུགས་རྗེ་བརྩེ་བའི་རྦ་རླབས་གཡོ།།

ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་ལ་འགྲན།།

སྤངས་རྟོགས་ཕུན་ཚོགས་དཔལ་གྱིས་ཡོངས་གཏམས་པའི།།

འདྲེན་མཆོག་ཐུབ་པའི་དབང་བོའི་ཞབས་ལ་འདུད།།


ཕས་རྒོལ་སྨག་རིམ་འཇོམས་པའི་སྒྲོན་མེ་གསལ།།

ལྷག་བསམ་རྒྱ་མཚོའི་རྦ་རླབས་མཁའ་ལ་འཕྱོ།།

བྱམས་སེམས་དཔྱིད་རླུང་འཇམ་པོ་ལྡང་ལ་མཁས།།

མཚུངས་མེད་བཤེས་གཉེན་རྣམས་ལ་སྙིང་ནས་འདུད།།


བཅོས་མིན་དད་པའི་དྲི་བཞོན་བུ་མོ་ཡིས།།

བདག་བློའི་ལྗོན་ཤིང་དུས་ཀུན་གཡོ་བ་ལས།།

དད་གསུམ་རང་མདངས་གཙང་བའི་མཚན་མ་རུ།།

བསྟོད་དབྱངས་དྲི་བསུང་ཕྱོགས་ཀུན་སྤེལ་ལ་སྤྲོ།།


༧སྐུ་ཕྲེང་དང་བོ་རོང་ཆེན་དགེ་འདུན་རྒྱལ་མཚན་ཞབས།


ཡབ་རྗེ་འཇམ་དབྱངས་བླ་མ་གཙུག་ཏུ་བཀུར།།

ཟབ་རྒྱས་མདོ་སྔགས་གདམས་པའི་གཏེར་དུ་གྲུབ།།

བློ་བཟང་རྒྱལ་བའི་ཐུགས་ཀྱི་སྲས་བོར་གྱུར།།

བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་མཛད།།


སྙིགས་དུས་དམུ་རྒོད་འགྲོ་བ་ཀུན་བཏུལ་ནས།།

མདོ་རོང་ཡུལ་དུ་བསྟན་པའི་རྒྱལ་མཚན་བསྒྲེང་།།

མདོ་སྔགས་བསྟནཔའི་འབྱུང་གནས་ཆོས་ཀྱི་སྡེ།།

བཀྲ་ཤིས་ལྷུན་གྲུབ་འགྲོ་བའི་དཔྱིད་དུ་བསྐྲུན།།


རོང་ཆེན་དགེ་འདུན་རྒྱལ་མཚན་དཔལ་བཟང་བོས།།

མུན་ནག་རྒྱ་མཚོར་འཐིམ་པའི་སེམས་ཅན་རྣམས།།

བརྩེ་བའི་ལྕགས་ཀྱུས་རྗེས་སུ་བཟུང་ནས་ནི།།

ཆོས་ཀྱི་ཉི་མས་རྨོངས་མུན་སེལ་བར་བྱས།།


༧སྐུ་ཕྲེང་གཉིས་པ་ཀིརྟི་བསྟན་པ་རིན་ཆེན་ཞབས།


མདོ་སྨད་རྔ་ལྗོངས་ས་ཡི་ཐིག་ལེ་རུ།།

སྐྱེ་དགུའི་མགོན་དུ་སྐུ་ཉིད་བལྟམས་མ་ཐག།།

ཡིག་དྲུག་བཟློ་བའི་ངོ་མཚར་རྨད་བྱུང་སོགས།།

ངོ་མཚར་དཔལ་གྱིས་ལྗོངས་འདི་ཁྱབ་པར་བྱས།།


གངས་ལྗོངས་བསྟན་འགྲོའི་ཕན་བདེ་འབྱུང་བའི་གཞི།།

དབུས་གཙང་ཆོས་ཀྱི་ཞིང་དུ་ཞབས་བསྒྱུར་ནས།།

ལེགས་ཚོགས་བཤེས་གཉེན་ཞབས་ལ་གུས་དུད་དེ།།

གཞུང་ཆེན་ལུང་རིགས་སྒྲོ་འདོགས་ཚར་དུ་བཅད།།


མདོ་རྒྱུད་ཟབ་རྒྱས་ཆོས་ཀྱི་དགའ་སྟོན་གྱིས།།

མཐའ་འཁོབ་འགྲོ་ལ་མཐར་བའི་ས་བོན་བསྐྲུན།།

རྒྱལ་བསྟན་ཟླ་གཞོན་སྟོང་གི་འཛུམ་ཟེར་གྱིས།།

གངས་ལྗོངས་ཡུལ་གྲུ་ཀུན་ལ་ཁྱབ་པར་བྱས།།


༧སྐུ་ཕྲེང་གསུམ་པ་ཀིརྟི་བསྟན་པ་རབ་རྒྱས་ཞབས།


ཞབས་སེན་གསེར་གྱི་རི་མོ་རྡོ་ལ་ཕབ།།

རྫུ་འཕྲུལ་རྣལ་མས་སྐྱེ་དགུའི་ཡིད་དབང་འཕྲོག།།

ལྐོག་གྱུར་གནས་ཀུན་སྒྲིབ་མེད་སྤྱན་གྱིས་གཟིགས།།

ཀུན་གྱིས་ལྷ་ཕྱག་གཙུག་གིས་གུས་པར་མཆོད།།


མདོ་སྔགས་གཞུང་བརྒྱ་ཐུགས་ཀྱི་དཀྱིལ་དུ་བཞེས།།

འཆད་རྩོད་རྩོམ་ལ་མཁས་དགུའི་རྒྱན་དུ་གྱུར།།

མཁྱེན་བརྩེ་ནུས་པས་འགྲོ་ཀུན་རྟག་ཏུ་བསྐྱངས།།

སྙན་པའི་གྲགས་པ་སྲིད་གསུམ་ཁོང་ལས་བརྒལ།།


ཐུབ་བསྟན་ས་ཆེན་གླིང་བཞིའི་ཁྱོན་ཀུན་དུ།།

མཁས་དང་གྲུབ་པའི་མཛད་འཕྲིན་འོད་སྟོང་གིས།།

གསལ་མཛད་འགྲོ་མགོན་བསྟན་པ་རབ་རྒྱས་ཀྱིས།།

ལྗོངས་འདིར་པད་འབྱུང་གཉིས་པའི་རྣམ་ཐར་བཞེས།།


༧སྐུ་ཕྲེང་བཞི་བ་ཀིརྟི་བློ་བཟང་འཇམ་དབྱངས་ཞབས།


རླབས་ཆེན་ཚོགས་གཉིས་དཔལ་གྱིས་བརྟས་པ་ཡིས།།

རྡོ་དྲིལ་ཕྱག་ཕྲེང་ངོས་འཛིན་གསལ་བར་མཛད།།

རྣམ་དཔྱོད་བློ་ཡིས་བཅུ་ཕྲག་འོ་མའི་མཚོ།།

ངོམས་མེད་འཐུང་བས་ཆོས་དབྱིངས་མཁའ་ལ་བསྐྱོད།།


འབྲས་སྤུངས་བློ་གསལ་གླིང་གི་དགའ་ཚལ་ནས།།

གསང་སྔགས་ཐེག་པའི་ཐོས་དོན་ཉེར་དགོངས་སྟེ།།

སྙིགས་ལྔའི་རང་མཚང་བདོ་བའི་རང་ཡུལ་དུ།།

ཆོས་འཁོར་ཉིན་བྱེད་དབང་བོའི་འཛུམ་ཟེར་ཕབས།།


སྲ་མཁྲེགས་གནམ་ལྕགས་ཐོག་མདའ་ཕྱག་གིས་བཞེས།།

འདྲེ་གདོན་མི་སྲུན་གྲངས་མེད་དམ་ལ་བཏགས།།

མགོན་མེད་འགྲོ་བར་མི་འཇིགས་སྐྱབས་མཛད་ནས།།

སྣང་སྲིད་དབང་བསྒྱུར་རྫུ་འཕྲུལ་མཐའ་ཡས་བསྟན།།


༧སྐུ་ཕྲེང་ལྔ་བ་ཀིརྟི་བསྟན་པའི་རྒྱལ་མཚན་ཞབས།


སྐྱེས་སྟོབས་ཤེས་རབ་སྤང་ལ་མེ་འབར་ཏེ།།

ན་ཚོད་དྲུག་ཙམ་ལོན་པའི་དུས་ཉིད་ནས།།

སྒྲ་རྩིས་སྙན་ངག་མེ་ཏོག་ཡོངས་བཏུས་ཏེ།།

མཁས་དགུ་དགྱེས་པའི་ལེགས་བཤད་མཆོད་སྤྲིན་སྤྲོས།།


མངོན་ཤེས་གྲུབ་རྟགས་བདག་གིར་ཆེར་བཞེས་ནས།།

སྐྱེས་མཆོག་རྒྱལ་སྲས་རྣམས་ཀྱིས་ལུང་བསྟན་པའི།།

མ་དང་མཁའ་འགྲོ་འདུ་བའི་གནས་མཆོག་ཏུ།།

གསང་སྔགས་སྟོད་རྒྱུད་གྲྭ་ཚང་གསར་དུ་བཏབ།།


ཉམ་ཐག་སྐྱེ་འགྲོར་ཆོས་སྦྱིན་ཆེར་མཛད་ཅིང་།།

རྒྱ་བོད་སློང་མོར་འཛད་མེད་གནང་སྦྱིན་བསྩལ།།

ཡབ་རྗེ་རྒྱལ་བ་གཉིས་པའི་མདོ་སྔགས་བསྟན།།

འཇིགས་མེད་སྙིང་སྟོབས་ཆེན་པོས་མཐའ་ལ་སྤེལ།།


༧སྐུ་ཕྲེང་དྲུག་པ་ཀིརྟི་དགེ་འདུན་ཆོས་ཀྱི་དབང་ཕྱུག་ཞབས།


སྐྱེས་བུ་རང་ག་མིན་པའི་ངེས་རྙེད་དེ།།

མདོ་དབུས་བླ་ལྷ་མང་བོའི་ལུང་བརྟག་གིས།།

སྐྱབས་མགོན་བླ་མའི་ཡང་སྤྲུལ་ངོས་བཟུང་སྟེ།།

གདན་ས་འདི་ནས་གདོང་ལྔའི་ཁྲི་ལ་བཀོད།།


བཤེས་གཉེན་རིགས་ཀྱི་ཅོད་པན་ཉེར་བསྟེན་ཏེ།།

མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་བྱས་ནས།།

ཀུན་མཁྱེན་འཇིགས་མེད་དབང་བོའི་དགོངས་རྫོགས་སུ།།

གདན་དྲངས་པད་མོའི་ཆིབས་ཞལ་དེ་རུ་བསྒྱུར།།


ལྷ་དང་མཁའ་འགྲོའི་བསྟི་གནས་ལྷ་མོ་རུ།།

རྒྱུན་བཞུགས་མཛད་ནས་དགེ་འདུན་འདུས་སྡེ་ཡི།།

སྒྲིག་ལམ་ཀུན་སྤྱོད་སྡོམས་ཁྲིམས་འཆད་ཉན་སོགས།།

ཡར་བསྐུལ་གཟིགས་རྟོག་ནན་གྱིས་ཇེ་ལེགས་བཏང་།།


༧སྐུ་ཕྲེང་བདུན་པ་སྐྱབས་མཆོག་ཐུབ་བསྟན་ཉི་མ་ཞབས།


གྲུབ་བརྙེས་བྱེ་བའི་དབང་པོར་ལུང་བསྟན་ཅིང་།།

ངོ་མཚར་ཉམས་རྟོགས་ཡོན་ཏན་ཀླུང་དུ་བརྡོལ།།

བཀྲ་ཤིས་ལྷུན་གྲུབ་གླིང་གི་ལྡིང་ཁང་ནས།།

ཆོས་སྲིད་དྲི་མེད་ལྷ་དར་དཀར་པོ་འཐེན།།


གཟའ་ཚོང་ཐེ་བོའི་ཡུལ་ལུང་དུ་ཕེབས་ནས།།

འདོད་ཆོས་ཆར་གྱིས་དད་འདུས་གདུང་སེལ་ཏེ།།

ནང་དགོས་སྟག་ཚང་ལྷ་མོའི་བླ་གྲྭར་ཡོངས།།

ཟབ་རླིངས་ལུང་ཁྲིད་མན་ངག་ཕངས་མེད་བསྩལ།།


མ་དགོན་དགེ་ལྡན་བཀྲ་ཤིས་གཡས་འཁྱིལ་དུ།།

མཁས་མང་བློ་གསལ་བྱེ་བའི་འདུས་སྡེ་བསྐྲུན།།

ལེགས་བཤད་བཅུད་ཀྱིས་འགྲོ་བློའི་བུམ་བཟང་གཏམས།།

སྡོམ་གསུམ་ཉམས་ལེན་བརྟུལ་ཞུགས་མཐིལ་དུ་བཟུང་།།


༧སྐུ་ཕྲེང་བརྒྱད་པ་ཀིརྟི་བློ་བཟང་འཕྲིན་ལས་ཞབས།


གསུང་བཀྲོལ་ཡིག་དྲུག་མ་ཎི་བདོ་བ་དང་།།

ང་ཡི་དགོན་པ་ཤར་ན་ཡོད་དོ་ཞེས།།

རྟགས་མཚན་ང་ོམཚར་བཅུ་ཡིས་རྒྱན་པ་སོགས།།

སྐལ་ལྡན་དུང་བ་འདྲེན་པའི་ཡུལ་དུ་གྱུར།།


སྒྲིབ་མེད་སྤྱན་གྱིས་ཤེས་བྱའི་གནས་ཀུན་གཟིགས།།

མཐའ་ཡས་མཁས་པས་འགྲན་པའི་ཟླ་དང་བྲལ།།

རྒྱལ་བློན་འབངས་བཅས་རྩེ་གཅིག་གསོལ་བཏབས་པས།།

དགེ་ལྡན་ལེགས་བཤད་གླིང་ཉིད་ཕྱག་འདེབས་མཛད།།


གྱོད་སྣ་ཁ་མཆུ་འདུམ་བསྒྲིགས་བྱས་པ་དང་།།

རྔ་བར་མཚན་ཉིད་ལྷ་མོར་དུས་འཁོར་སོགས།།

གང་ཡིན་འགྲོ་བ་འདུལ་བའི་ལས་དགོངས་སྟེ།།

གསུང་རབས་གླེགས་བམ་དུ་མའི་སྒྲོན་མེ་སྦར།།


༧སྐུ་ཕྲེང་དགུ་བ་སྐྱབས་མཆོག་བསྐལ་བཟང་བློ་གྲོས་ཞབས།


མཁྱེན་དཔྱོད་ཉི་མའི་འོད་ཟེར་ཕྱོགས་མཐར་འཕྲོ།།

བསླབ་གསུམ་རིན་ཆེན་ནོར་བུས་ཡོངས་རྒྱན་ཏེ།།

དགེ་ལྡན་བསྟན་འཕེལ་བཀྲ་ཤིས་ཆོས་གླིང་དུ།།

སྒོ་གསུམ་དགེ་ལ་སྦྱར་བའི་ལམ་སྟོན་མཛད།།


གདན་སའི་གཙུག་ལག་བསྐྱར་བཞེངས་ལེགས་མཛད་དེ།།

རྟེན་འབྲེལ་མཛད་སྒོ་སྨོན་ལམ་ཚོགས་ཕེབས་གནང་།།

མཱ་ཆིས་ནན་གྱིས་གདན་ཞུ་འབྱོར་བ་ན།།

གང་འདོད་ཡིད་བཞིན་འཇོ་བའི་བཀའ་དྲིན་བསྩལ།།


སྒེག་ལྡན་བཀྲ་ཤིས་མེ་ཏོག་ཐང་ཆེན་ནས།།

དད་ལྡན་སྐར་ཚོགས་ས་ལ་འཕོས་འདྲའི་དབུས།།

སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ་གྱི་དབང་།།

བསྩལ་བས་སྐྱེ་དགུར་ཐར་བའི་ས་བོན་བསྐྲུན།།


༧སྐུ་ཕྲེང་བཅུ་བ་རོང་ཆེན་ངག་གི་དབང་པོའི་ཞབས།


ཡ་མཚན་གཞོན་ནུའིི་ལང་ཚོ་སྨིན་པའི་དུས།།

ཆོས་སྟོན་གསུང་ཀློག་བག་ཆགས་ཡོངས་སད་པས།།

ངོ་མཚར་རྩེད་མོའི་སྒོ་གླེགས་ཡངས་པོ་རུ།།

ཕྱེ་བས་བྱིས་བ་ཕལ་བའི་ངང་ཚུལ་སྤངས།།


འཇམ་དཔལ་དབྱངས་དངོས་བློ་བཟང་དཔལ་བའི་དྲུང་།།

གསང་ཆེན་ལམ་གྱི་རིམ་པའི་ལྗགས་ལུང་གསན།།

མདོ་སྔགས་ལུང་རིགས་ཆོས་སྒྲ་སྒྲོགས་པའི་གནས།།

ལེགས་བཤད་གླིང་དུ་དུས་འཁོར་གསར་བཞེངས་གནང་།།


ལྷ་སྡེ་གཡས་འཁྱིལ་རྐ་གཡང་ཕྱུག་མོ་རུ།།

དུས་ཀྱི་འཁོར་ལོའི་དབང་བསྐུར་ལེགས་མཛད་ཅིང་།།

ས་འདིར་བསླབ་གསུམ་འཛིན་པས་མཛེས་བྱས་སྟེ།།

མཚུངས་མེད་བསྟན་པའི་དར་ཆེན་མཁའ་རུ་བསྒྲེངས།།


༧སྐུ་ཕྲེང་བཅུ་གཅིག་པ་སྐྱབས་མཆོག་བསྟན་འཛིན་

འཇིགས་མེད་ཡེ་ཤེས་རྒྱ་མཚོ་ཞབས།


མི་ཟད་ལུགས་ཟུང་འཕྲིན་ལས་འོད་སྣང་གིས།།

ལུང་རྟོགས་ཡོན་ཏན་པད་མོའི་འདབ་བརྒྱ་གྲོལ།།

མཐའ་འཁོབ་གདུལ་བྱའི་བློ་མུན་སེལ་ཕྱིར་དུ།།

ཚོ་བདུན་དགོན་དུ་བཤད་གྲྭ་གསར་འཛུགས་གནང་།།


ཆེས་མཐོའི་གཙུག་ལག་ལྷ་ཡི་ལྡིང་ཁང་ནས།།

རབ་འབྱམས་རིག་སྨྲའི་རྒྱལ་མཚན་གསོལ་ནས་ནི།།

ཨ་ཙརྱ་ཡི་མཚན་གནས་ལེགས་བཞེས་ཏེ།།

བོད་ཀྱི་རིག་གཞུང་ཉམས་ཞིབ་འགན་མཛད་བཞེས།།


དུག་གསུམ་དྲི་མས་སྦགས་པའི་སྐྱེ་རྒུའི་གཉེན།།

སྙིང་གཏམ་ཉམས་མྱོང་རྒན་པོའི་བསླབ་བྱ་དང་།།

ཕར་ཕྱིན་དབྱར་ཆོས་ཚད་མའི་དགུན་ཆོས་སོགས།།

ཅི་མཛད་རྒྱལ་བསྟན་དར་བའི་གསོས་སུ་སྨིན།།


སྨོན་ཚིག

ཤེས་རིག་ལག་ཟུང་འཁུམ་པའི་སློབ་བུ་བདག །

མཛད་འཕྲིན་དཔག་བསམ་འདྲེན་པའི་ཡོན་མེད་ཀྱང་།།

ཅུང་ཟད་ཐོས་པའི་བསོད་ནམས་བསགས་པ་ལས།།

དད་པའི་མིག་ཆུས་སྨྱུག་རྩེར་བཀོད་ནས་བྲིས་།།

ཞེས་དུག་གསུམ་གྱི་རོ་ལ་འཐིམ་པའི་ཐ་ཤལ་སྐྱེས་བུ་ངས་

སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག་མདོ་སྨད་དུ་བྱོན་ཏེ་སངས་རྒྱས་བསྟན་པ་

སྤེལ་ནས་ལོ་འཁོར་དྲུག་བརྒྱ་ལོན་པའི་རྗེས་དྲན་རྟེན་འབྲེལ་དུ་ཁོང་གི་མཛད་རྣམ་

ཐོར་བུ་བཀོད་པ་ཕྱེ་ལེབ་སྒེག་མོའི་གཤོག་རླབབས་ཞེས་བྱ་བ་བྲིས་པའི་དགེ་ལེགས་འཕེལ།།

ཐུབ་གཞོན།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
85wb བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41377469
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1