རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་ལྔ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་ལྔ་བ།
རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་ལྔ་བ།
རྩོམ་སྒྲིག་པ།  ཁྰ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/1/30ལྟ་ཀློག (2493)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

 ༈ མཆོད་སྤྲིན།
             (དྷཱིཿཚ)  རྨོག་སངས་རྒྱས་རྒྱ་མཚོ།

མཐའ་བྲལ་ཀུན་ཁྱབ་དབུ་མའི་ལམ་གྱི་ངུར་སྨྲིག་རང་མདངས་གར་གྱིས་འཁྱུད།།
གྲགས་པ་སྤྲོས་བྲལ་དབྱངས་ཀྱི་རང་སྒྲ་རྟེན་འབྱུང་དོན་དུ་ལྷ་རྔ་བཞིན།།
ཟླ་མེད་རྒྱ་མཚོའི་མཁྱེན་པའི་མེ་ལོང་བདེན་གསུང་པདྨའི་འཛུམ་དཀར་གྱིས།།
ཐུགས་རྗེ་རྣམ་འདྲེན་བདུད་རྩིའི་ཐིགས་པ་ཧུབ་ཀྱིས་གཞིབས་པའི་དགེ་ལེགས་བསྩལ།།

ཆོས་ཀུན་འདབ་མ་ཐུགས་རྩེར་གྲོལ་བའི་དྲི་མེད་འདབ་བརྒྱའི་ཕྱག་ཟུང་མངའ།།
ཚོགས་གཉིས་ཟླ་ཤེལ་དྭངས་མའི་གཟི་འོད་མཁྱེན་དཔྱོད་རྩེ་དགའི་གར་དུ་རོལ།།
ས་གསུམ་བདེན་པ་རིག་པའི་ཅོད་པཎ་ལྔ་རིག་ཚལ་དུ་རྔམ་གྱིས་བརྗིད།།
དམིགས་མེད་ལེགས་བྱས་བ་དན་དཀར་པོའི་མཛད་བཟང་རི་མོ་གངས་ན་གསལ།།

རྣམ་གྲོལ་གསེར་གྱི་ཀུན་ཕན་སྙིང་རྗེ་བདེ་ཆེན་ཆོས་སྐུའི་འཛིན་མར་བཅིངས།།
རྫོགས་ལྡན་ལེགས་ཚོགས་འཛུམ་གྱིས་བགད་པས་སྐྱེ་རྒུའི་གོ་འཕང་མངོན་གཤེགས་ཀྱང་།།
རྒྱལ་བསྟན་འཛིན་པའི་ཞི་དུལ་ལང་ཚོས་རྣམ་དཔྱོད་སྤར་མོ་རབ་ཏུ་ཕྱེས།།
རིག་བྱེད་ཚངས་པ་ལྷ་མིའི་འཛུམ་ཟེར་སྐུ་གསུམ་ཕུང་བོའི་གདེངས་ཀར་ཆགས།།

མཁས་རྒུའི་ཡིད་ཀྱི་གུར་ཀུམ་ཚལ་གྱིས་སྒྱུ་མའི་དཀར་ནག་འོད་དུ་བསྒྲུབས།
འདུལ་ཁྲིམས་དམ་ཚིག་གསེར་གྱི་གངྒཱ་བརྩེ་ཆེན་སྟོབས་ཀྱིས་སྙིང་ལ་འཐུང་།།
གསང་གསུམ་ཟུར་ཕུད་སྒེག་པའི་གདམས་ངག་སྟོབས་བཅུའི་ལང་ཚོ་གོས་སུ་གྱོན།།
བསྐལ་བཟང་རྒྱལ་བ་སྟོང་གི་མཚན་དཔེས་ངུར་སྨྲིག་གཅིག་གི་གར་དུ་བསྒྱུར།།

དཀྱུས་རིང་སྤྱན་ཟུང་ཨུཏྤལ་འདབ་མ་གཡུ་སྦྲང་ཚོགས་ཀྱི་དཔལ་དུ་གཡོ།།
མི་འཇིགས་སྤོབས་པའི་རྟོགས་བརྗོད་རྦ་རླབས་གར་སྟབས་རྩལ་གྱི་བརྟུལ་ཞུགས་འཛིན།།
ཟབ་དོན་འཇལ་བྱེད་ཤེས་རབ་རལ་གྲིས་སྒྲིབ་གཉིས་མུན་པ་འདྲེན་བྱེད་ཅིང་།
ཁྱེད་སྐུ་འོ་མའི་ཆུ་གཏེར་དབུས་སུ་ཕན་བདེ་བུམ་ཆུའི་བྱིན་རླབས་འཕྱོ།།

རྣམ་དཀར་དགེ་བའི་དཔག་བསམ་འཁྲི་ཤིང་བར་སྣང་དབྱིངས་སུ་རྩལ་གྱིས་བཏེགས།།
བསླབ་གསུམ་ཡོན་ཏན་འོད་ཀྱི་ཟེགས་མས་སྐྱེ་རྒུའི་དྲ་བ་དྲག་ཏུ་གཞོམ།།
བདེན་དོན་ལེགས་བཤད་སྦྲང་རྩིའི་ཉིང་བཅུད་ཐར་འདོད་བུང་བའི་ཚོགས་སུ་གསོལ།།
བདག་ཀྱང་དེང་ནས་བླ་མའི་དངོས་གྲུབ་སྙིང་གི་པད་མའི་ཚལ་དུ་མངོན།།

རྒྱལ་སྲས་དམ་པས་གདུལ་བྱའི་སྣང་ངོར་མཛད་སྤྱོད་ཉི་ཟླའི་གཟི་འོད་དམན།།
སྒོམ་པ་ཏིང་འཛིན་བདེན་པའི་ཐིགས)ཐིག་ལེ་རྟེན་འབྲེལ་ཚངས་པའི་ཐིག་ཏུ་བབས།།
དཔྱད་གསུམ་ཚད་མས་ལུང་ལ་བརྟེན་ཏེ་ཇི་ལྟ་ཇི་སྙེད་གཞོམ་མཛད་པའི།།
ཆོས་བརྒྱད་འཛུམ་བྲལ་ཞི་བའི་ཕུན་ཚོགས་བདེ་གཤེགས་སྙིང་བོའི་དཔལ་དུ་བྱོན།།

ལྷག་བསམ་གསེར་གྱི་རྔ་ཡབ་གཡོ་བའི་དྲང་སྲུང)སྲོང་འབུམ་གྱི་བློ་གྲོས་བརྡར།།
ཚོགས་གཉིས་བསོད་ནམས་ཐུགས་སུ་འབར་བའི་མཆི་མའི་དོ་ཤལ་མི་ལ་དཔྱངས།།

འཁྲུལ་སྣང་སྒྱུ་མའི་རྔམས་ནག་མུན་པ་བསམ་སྦྱོར་རལ་བའི་ཀློང་ལ་བསྐྱིལ།།
ཐུབ་པའི་བསྟན་གྱི་གཅེས་ནོར་དམ་པའི་གསུང་རབ་མཚོ་ཡི་ངང་མོ་བཀུག།

དྲི་བྲལ་ཟླ་གཞོན་ལང་ཚོ་རྒོད་པས་སོམ་ཉི་སངས་པའི་དད་སེམས་བརྐྱངས།།
དམིགས་མེད་བརྩེ་བའི་འཐོར་རླུང་དྲག་པོས་ཆུ་འཛིན་སྤྲིན་གྱི་འདབ་མ་གཡོ།།
དུས་ཀུན་གཞུང་ཆེན་རྟག་ཏུ་བསྐྱངས་པའི་བརྩོན་པའི་ཆུ་ཀློང་དྲག་ཏུ་འཕྱོ།།
དད་འདུན་གསར་ཆགས་ཟེའུ་འབྲུའི་གསེང་དུ་རྡུལ་བརྩེགས་སྟོང་གི་གདན་དུ་བཞུགས།།

ལྷུན་གྲུབ་ཆོས་སྐུའི་སྐྱེ་མཆེད་སྣང་བ་ངེས་འབྱུང་སྒྲོག་པའི་དབྱངས་སུ་བླངས།།
སྣ་ལྔའི་དར་མཚོན་པིར་གྱིས་བྲིས་པའི་དབྱངས་ཅན་ངག་གི་གྲེ་འགྱུར་བརྡུངས།།
རྣམ་དག་ཐོས་བསམ་ས་བཅུའི་མདངས་ཀྱིས་ཟུང་འཇུག་སྦྲང་རྩིའི་རློན་ཤ་ཅན།།
སེམས་ཀྱི་འཛིན་མའི་ཤེལ་དཀར་ལྷུན་པོར་ཁྱེད་སྐུའི་གསེར་གྱི་བཀྲག་མདངས་ཤར།།

བདེ་སོགས་སྒེག་མོའི་ཁྲ་ཆིལ་མེ་ཏོག་རྣམ་འདྲེན་ཐུགས་རྗེ་སྙིང་ཁར་ཕོག།
ཚངས་སྤྱོད་ཟླ་གཞོན་འཛུམ་པའི་ཟུར་མིག་རིག་པའི་མེ་ལོང་ནང་དུ་གྲོལ།།
དངུལ་དཀར་ཆུ་བོའི་ཐིགས་པ་རེ་ལ་ལེགས་བཤད་གསེར་གྱི་མེ་ཏོག་བྲིས།།
སྟོང་གསུམ་ཞིང་གི་མཆོད་སྤྲིན་ཀློང་ན་སྐུ་ཡི་མཚན་བཟང་གར་གྱིས་འཛིན།།

རིག་ལྡན་བློ་གྲོས་བརྩེ་དགའི་ལང་ཚོ་ཀུན་རྟོག་སེམས་ཀྱི་གསོས་སུ་གཤམས)བཤམས།།
འདོད་པའི་བདུད་རྩིའི་བརླན་གཤེར་དྲི་གཞོན་རྐང་དྲུག་བུང་བའི་ཚོགས་སུ་སྨིན།།
རྩི་བཅུད་འོ་མའི་ཉིང་བཅུད་དྭངས་མོ་ཧུབ་ཀྱིས་བཞེས་པའི་གསེར་མདོག་སྐུ།།
ཀུན་ཀྱང་བདེ་བའི་ལམ་ལ་བསྙགས་ཤིང་གོམ་པའི་ཆོ་གའིརྒྱན་དུ་སྤྲས།།

འཇིག་རྟེན་ཤེལ་དཀར་རི་བོའི་ལྟེ་བར་ལེགས་བཤད་སྐྱ་རེངས་ཐབས་སུ་དྲངས།།
དྲི་མེད་ཐུབ་བསྟན་སྙིང་བོའི་མེ་ཏོག་གངས་རིའི་ཁམས་སུ་ཡངས་པས་གཏོར།།
སྐྱེ་དགུའི་གདུང་རྨོངས་དྲུངས་ནས་འབྱིན་པའི་རྣམ་དཔྱོད་རྩལ་གྱིས་བསྐྱོད་པའི་སྐུ།།
ལྔ་རིག་ཚལ་དུ་སྙིང་རྗེའི་རང་གཟིགས་པདྨའི་སྟངས་སྟབས་སྒེག་གིས་འཇོ།།

མདོར་ན་དེང་ནས་བླ་མའི་བྱིན་རླབས་བདག་གི་སྙིང་ཁར་བཞུགས་སུ་གསོལ།།
བཤེས་གཉེན་དམ་པས་འོད་དཀར་སྣང་བས་བདག་གི་རྨོངས་པ་བསལ་དུ་གསོལ།།
དད་འདུན་གཙང་མའི་བླ་མའི་ཞལ་རས་ཡིད་ལ་ཡང་ཡང་དྲན་དུ་གསོལ།།
སྐྱེ་བའི་སྐྱེ་བར་རྟག་ཏུ་བརྟེན་པའི་བླ་མའི་མཛད་བཟང་ཁྱབ་ཏུ་གསོལ།།

ཞེས་ཡབ་རྗེ་བླ་མའི་སྐུ་དྲིན་ཁོ་ནས་འཚོ་བའི་གང་གི་གྲལ་མཐའ་བ་རྨོག་སངས་རྒྱས་རྒྱ་མཚོའམ་སྤྲང་ཀོག་ཏུ་འབོད་པས་སྤྱི་ལོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཅུ་བའི་ཚེས་བཅུ་ཉིན་དྷཱི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཤར་མར་བྲིས་པ་དགེ་ལེགས་འཕེལ།


༈ བདེན་པའི་ཐལ་ལྕགས་གཞུས་པའི་ངར་སྐད།

བསླུ་མེད་དཀོན་མཆོག་བཞུགས་པའི་གནས་མཆོག་གི་གྲོང་ན།།
ངེས་མེད་འཁྱམས་བསྐྱོད་བྲེལ་བའི་བཙུན་ཆུང་རང་ཡོད་ཀྱང་།།
དམ་ཆོས་ཉི་ཟེར་དྲོད་མའི་ཟུང་ཤུགས་ཀྱི་ཐིགས་པ།།
མུན་ཁམས་དོང་ལ་ལྷུང་ནས་ཐུང་ཐག་ལས་མ་ཤར།།

འཇའ་ཚོན་སྣ་ལྔ་ཤར་བའི་གུར་ཁང་གི་སྲས་མོ།།
འཇོ་ལྡན་སེམས་པ་འཕྲོག་པའི་དབྱངས་རིག་གི་བདག་མོ།།
སྙན་ངག་བྱིན་རླབས་འཕྱོ་བའི་ཕྱག་ཟུང་གི་མེ་ཏོག།
འདོད་ལྡན་སྐྱེས་བུའི་ཕྱོགས་ལ་དངོས་གྲུབ་བཞིན་སྩོལ་ཅིག།

བདེན་པའི་ལྷ་རྔ་བརྡུངས་པའི་དབྱངས་སྙན་གྱི་རོལ་མོ།།
འཇིག་རྟེན་དཔལ་གྱི་ཚལ་ལ་ཁུ་བྱུག་གི་གསུང་བཞིན།།
གཞན་ཕན་ལྷག་བསམ་དྭངས་མ་རྩེ་གཅིག་གི་ཚོར་བ།།
ཀྱེ་མ་ངག་རིག་སྨྲ་བས་དུས་ཀུན་ནས་སྩོལ་ཅིག

བཅོས་མིན་རང་བྱུང་སྨན་མཆོག་བུམ་ཆུ་ཡི་བྱིན་རླབས།།
འཆི་མེད་ཚེ་ཐག་རིང་བའི་ནུས་པ་ཡིས་འཁེབས་ནས།།
འཇིགས་དང་མི་འཇིགས་མ་ཤེས་སོ་སྐྱེས་ཀྱིས་ཚོགས་ཀྱིས།།
མི་འགྱུར་དམ་ཚིགས་བརྟན་པའི་མདུད་པ་དེ་བརྒྱབས་ཡོད།།

ཤེས་རབ་མེ་འོད་འབར་བའི་རལ་གྲི་ཡི་སོ་ཁས།།
དབང་རྟུལ་མུན་པ་འཐིབས་པའི་ཀློང་དབྱིངས་ཀྱི་ངོས་སུ།།
ལོག་ལྟའི་སྣང་བ་གྲོལ་དེ་བློ་གྲོས་ཀྱི་སྐྱེད་ཚལ།།
ཐར་བའི་ལམ་ལ་འཁྲིད་པའི་བང་རྩལ་ཞིག་བཅིབས་བྱུང་།།

འཁོར་བ་དུག་སྦྲུལ་ཚང་གི་སྡུག་བསྔལ་གྱི་ཉེས་སྤྱོད།།
འདུ་འབྲལ་དབེན་པའི་ཁམས་ཀྱི་གསེང་གསེང་གི་སྣོན་མ།།
མི་རྟག་རྒྱུད་སྟོང་དབྱངས་ཀྱི་རོལ་མོ་ལ་བརྡེབས་བཞིན།།
ཚིག་སྐམ་རླུང་རྟ་བསྐྱོད་པའི་སྟངས་སྟབས་ལས་འདས་སོང་།།

རྟེན་བཟང་དད་བརྒྱད་འབྱོར་བཅུའི་ཕུང་བོ་ཞིག་གྲུབ་ཀྱང་།།
ལྷན་སྐྱེས་སེམས་ཀྱི་གོ་ཆ་ཕྱོགས་འཛིན་དུ་བསླུས་ནས།།
བདག་འཛིན་བལ་སྐུད་སྤོམ་པའི་རྒྱུན་ཐག་གི་དྲ་བ།།
ཕྱི་ནང་གང་ལ་བརྟེན་ཡང་དཀའ་ཐུབ་ལས་མ་ཆོད།།

བདེ་སྐྱིད་གྲུ་ཆར་འབེབས་པའི་སྣང་བ་ལ་བརྩོན་ནས།།
ཤེས་རིག་མཁའ་ལ་ལྡིང་བའི་སྤྲིན་གསེང་དུ་ཤོར་ཏེ།།
ཞི་བདེའི་ཟླ་ཟེར་སྣང་བའི་འཛུམ་དམུལ་གྱི་ཐིགས་པ།།
དགེ་མཚན་དཔལ་ལ་ཆགས་པའི་ཤིས་ཚིག་གི་རྒྱན་ཡིན།།

སྙོམ་མེད་སྒྱུ་མའི་ཚོར་བ་སིམ་གདུང་གི་ཆ་ཤོས།།
ཟག་བཅོས་ཉེར་ལེན་ཕུང་བོར་ཡང་ཡང་དུ་བསྣན་ནས།།
རང་འཛིན་ཚད་མ་མང་བོས་འཛིན་སྟངས་ལ་ཆགས་བཞིན།།
འཇིག་རྟེན་དཀྱིལ་འཁོར་བར་དུ་སྐད་ཅིག་གིས་རྒས་སོང་།།

རིག་པའི་ཟེེར་བརྒྱ་སྟོང་གི་སྣང་བ་དེ་མ་སྒྲིམ།།
མི་རྟག་འཆི་བའི་མདུན་ངོ་གཏན་ཚིགས་ཀྱིས་མ་སྒྲུབ།།
རྣམ་དཀར་དགེ་བའི་ཚུལ་འདི་བདེན་པ་ཡིས་མ་བསྙེགས།།
ཟབ་གསང་དབྱངས་སྙན་དཀྲོལ་བའི་ལྷ་མོ་ལ་མ་འགྲོགས།།

༄༅།། ཀ་ཁའི་སྙན་རྩོམ།

ཀ་ར་སིལ་ཏོག་གི་སྡེར་ཁ་བསྒྲིགས་ཤིང་།།
ཁ་སེམས་མི་གཅིག་པའི་ཁ་ཡག་ཅིག་གིས།།
ག་ལེར་བསླུ་བྲིད་ཀྱི་སྣང་བ་བྱིན་ན།།
ང་ཉིད་དེ་འདྲ་ཞིག་དགའ་བོ་མི་འདུག།
ཅ་ནེ་ཕོར་བ་ཞིག་ལག་ཏུ་བཟུང་ཡང་།།
ཆ་མེད་ལུགས་མེད་ཀྱི་ངོ་གདོང་བསྟན་ཏེ།།
ཇ་མའི་གསོལ་ཇ་དེ་བསྟུལ་མར་བླུགས་ཀྱང་།།
ཉ་ཉོག་སྤྱོད་པ་དེར་སྙིང་ནས་སུན་བྱུང་།།
ཏཱ་རེ་འབུམ་འདོན་གྱི་ཁ་ལྕེ་ཟད་ཀྱང་།།
ཐ་ཤལ་ཀུན་སློང་གི་སེམས་པ་བཙོག་ན།།
ད་ཚོད་བདེ་བ་ཞིག་གནས་ནས་འདུག་ཀྱང་།།
ན་བའི་འཆི་བདག་གིས་དེད་ནས་ཡོང་ངེས།།
པ་སངས་ཉིན་དཀར་གྱི་དུས་ཚོད་ཤོར་ཞིང་།།
ཕ་མའི་དྲིན་མཚམས་ཀྱི་ཐིག་ལ་གདའ་བའི།།
བལ་དཀར་འཇམ་པོ་ཡི་གདན་ལ་བཞུགས་ཀྱང་།།
མ་ཤེས་མ་རིག་གི་འཁོར་བ་ཤེས་དགོས།།
ཙ་ཚའི་ཡིག་སྦྱོར་གྱི་སྣང་བ་མཐོ་ཡང་།།
ཚྭ་དྲག་ཐོབ་ཐང་གི་དག་ཆ་མེད་ན།།
ཛ་དྲག་ངོ་གདོང་གི་པགས་པ་ཙམ་ནི།།
ལྦ་མོ་གཡོ་ཅན་གྱི་ཚུགས་ཀ་མིན་འགྲོ།
ཞྭ་མོ་ཕུད་སྲོལ་གྱི་གུས་ལུགས་ཆེ་ཡང་།།
ཟ་མའི་འཇིག་རྟེན་གྱི་ཆོ་འཕྲུལ་མཐོང་དུས།།
འ་འ་ཨེ་བདེན་གྱི་སྣང་བ་མཐོང་ན།།
ཡ་ཡ་མི་ཟེར་བའི་གུས་ལུགས་མེད་དམ།།
ར་ལུག་སྐྱོངས་མཁན་གྱི་འབྲོག་པ་དག་དང་།
ལ་ཕུག་འདེབས་མཁན་གྱི་རོང་བ་དག་ནི།།
ཤ་ཆང་འདྲེས་མ་ཡི་འཚོ་བའི་ཀློང་ནས།།
ས་ཆེན་ཞབས་རྗེས་ཤིག་གཏན་ནས་མ་རེག།
ཧ་ཧ་དགོད་མཚར་གྱི་འཇིག་རྟེན་འདི་ནས།།
ཨ་མདོའི་འཚོ་བ་ཡི་ཡན་ཞིག་མེད་དམ།།
                          2014 10 23

༈ སེམས་ཀྱི་མུ་ཏིག་དྲན་ཚུལ།

བརྩེ་ཞེན་རྨི་ཐག་གི་རིང་རྒྱུན་སྣེ་མོ།།
ཁྱེད་ཀྱི་འཇིག་རྟེན་གྱི་ས་གཞིར་ལྷིང་ཡོད།།
རེ་བའི་མགུར་ཆུང་གི་དབྱངས་རྟ་རེ་རེར།།
ཁྱེད་ཀྱི་ཁྲག་རྒྱུན་ན་རབ་ཏུ་དཀྲོལ་ཡོད།།

དྲན་ཆགས་མེ་ལོང་གི་ངོས་སུ་ལྡེབས་ཞིང་།།
གྲུ་གཟིངས་ཡོམ་ཡོམ་གྱི་ནང་དུ་བསྒྲིགས་པའི།།
བརྩེ་བའི་སོམ་དཀར་གྱི་ལྷག་བསམ་དྭངས་མ།།
བཅོས་མིན་འཛུམ་ཆུང་གི་སྣང་བ་ཡིན་འགྲོ།

ཏིང་འཛིན་རྩེ་གཅིག་པའི་ངེས་འབྱུང་ཟབ་མོ།།
ཡིད་སེམས་གཅིག་འདྲེས་ཀྱི་ཚོར་བ་ཟ་ཟི།།
སྙིང་ཆུང་ལྷོག་ལྷོག་གི་རེ་བའི་གསེང་ན།།
མ་བཅོས་རང་བྱུང་གི་བརྩེ་བ་ཆགས་ཡོད།།

མིག་གདངས་དྭངས་གསལ་གྱི་མཚོ་མོའི་ཀློང་ན།།
ཕྱི་དཀར་ངང་བ་དེ་བརྒྱ་འདུ་སྟོང་འདུ།།
ནང་དཀར་ངང་བ་ཡི་མིག་ཆུའི་དྲན་ཤིང་།།
རླབས་སྒྲས་འཁྲེང་འཛིན་གྱིས་རབ་ཏུ་བརྟན་ཡོད།།

དེ་རིང་རི་སྒང་གི་མུ་ཏིག་ཡིན་ལ།།
དཀར་གསལ་རང་བྱུང་གི་རིན་ཆེན་ཡིན་པའི།།
བསླུ་བྲིད་རྣོན་ཤུགས་ཀྱི་སྣང་བ་མེད་ན།།
སླར་ཡང་མ་བཅོས་ཀྱི་བརྩེ་བ་བསྟན་ཆོག།

མཁའ་ཡི་སྐར་ཚོམས་ཀྱི་ནང་དུ་གསལ་བའི།།
མུ་ཏིག་ཆུང་ཆུང་གི་བརྩེ་བ་ཆུང་ཆུང་།།
སྣང་བ་མེ་ཏོག་ཞིག་བསྡམས་ནས་སྟེར་དུས།།
ཚོར་བ་བྱུང་མེད་ཀྱི་སྣང་བ་ངེས་བྱུང་།།

གནམ་ལྡེབས་ས་ལྡེབས་ཀྱི་རྐང་ལག་འགུལ་འགུལ།།
དགའ་བའི་ཟིན་བྲིས་ཀྱི་ལྡེ་མིག་ལངས་ཏེ།།
བརྩེ་བའི་ཉིན་ཐོ་ཡིས་གསང་སྒམ་འབྱེད་དུས།།
སེམས་ན་ཚར་མེད་ཀྱི་ཡི་གེ་ལྷག་ཡོད།།
2014 09 25ཉིན་བྲིས་ཚར།

༈ ཁ་རྩོམ་ཀུན་དགའ་ནོར་བུ།

ཁ་ནས་གླེང་ན་གསེར་གྱི་འདུ་ཁང་བཞེངས་པ་འདྲ།།
ཁ་ལ་ཉན་དུས་མི་ཚེ་དོན་ཀུན་འགྲུབ་པ་འདྲ།།
ཁ་ནས་ཤོར་བའི་སྐད་ཆའི་མགོ་རྔ་ནོར་ཀྱང་སྲིད།།
ཁ་ཉིད་རློམ་ན་རང་གི་བེམ་པོ་གང་དུ་གཡུགས།།

ཁ་ཡིས་བཟོས་པའི་འཇིག་རྟེན་བྱ་བཞག་འགྲུབ་པ་མེད།།
ཁ་སེམས་ཐ་དད་མགོ་སྐོར་བྱ་བ་དེ་བས་བཙོག།
ཁ་སྒོའི་ནང་དུ་སྣ་མང་ཕྱི་ཆོས་ཐམས་ཅད་ཀྱང།།
ཁ་ཉིད་ཙམ་གྱིས་སྒོམ་པའི་རྫུན་གཏམ་ཤར་མ་ཡིན།།

ཁ་ལ་ཟ་དགོས་མ་ཟས་མིག་ཆུ་དེ་བས་འཆོར།།
ཁ་ལ་ཟས་ཀྱང་བདེ་ཐང་འབྲུ་སྣ་དེ་བས་དབེན།།
ཁ་ལ་བསྟུན་པའི་འགྲུལ་བཞུད་གོམ་ཁའི་སྣང་བ་འདི།།
ཁ་བཤད་ཙམ་ལས་དོན་གྱི་འབྲས་བུ་གང་ནས་གཏམས།།

ཁ་འདིས་གྲོགས་ཀྱི་མདང་བརྩེ་བར་མ་དཀྲུགས་པ་ཡོད།།
ཁ་འདིས་བླ་མའི་བཀའ་གསུང་བདེན་པ་རྩིས་པ་མེད།།
ཁ་འདིས་ཕ་མའི་དྲིན་ལན་མཇལ་བ་མྱོང་བ་མེད།།
ཁ་ལས་ཕབ་པའི་ཉེས་ཁྲིམས་མང་པོ་ཇི་འདྲའི་སྡུག

ཁ་ནི་ངན་འགྲོ་ཉམས་ཆུང་དམྱལ་བ་དུད་འགྲོ་སོགས་ལ་ཐོགས།།
ཁ་ནི་བདེ་འགྲོ་མི་དང་ལྷ་ལ་དེ་བས་ཐོགས།།
ཁ་ནི་གང་ཟག་སུ་དང་སུ་ལ་ལྷན་སྐྱེས་ཀྱིས།།
ཁ་ནས་མ་བཤད་མིག་ལ་སྣང་བ་དེས་ཀྱང་ཚོར།།

ཁ་ཁར་འགྲོ་བྱེད་ཁ་ཡིས་ནུས་པ་ཤིན་ཏུ་གཟི།།
ཁ་ལས་འཕྲོས་པའི་སྙན་ངག་དམར་པོའི་དེ་བས་མང་།།
ཁ་ལ་སྨད་ན་སྨད་བྱེད་ཚིག་འབྲུའི་བང་མཛོད་ཡོད།།
ཁ་ལ་བསྟོད་ན་བསྟོད་བྱེད་ཚིག་རྒྱན་དེ་བས་མང་།།

ཁ་སྤུ་རྫོབ་པའི་རྒན་པ་ལ་ལའི་སྣང་བ་མཐོ།།
ཁ་ཤད་ཆེ་བའི་གཞོན་པ་ལ་ལར་ང་རྒྱལ་ཆེ།།
ཁ་སྐད་དམའ་བའི་དོན་གྱི་གཤིས་བཟང་མཐོང་ཐེངས་རེར།།
ཁ་ནས་ཤོར་བའི་དད་སེམས་མཆོད་པའི་སྙན་ངག་ཤོར།།

༈ ཡིད་འགྱུར་གྱི་རི་མོ།

 ལེགས་ལེཊ་སྐྱ་རེངས་འོད་དཀར་ཁུ་བྱུག་གི་གསུང་དབྱངས།།
སྙན་སྙན་སྙིང་ལ་དཀྲོལ་བའི་དབྱངས་རིག་གི་མཐོ་ཤོས།།
མཛེས་མཛེས་ཡིད་འགྱུར་རི་མོ་སྣུམ་ཚོན་རང་འདྲ་བ།།
བཅུ་དྲུག་ལང་ཚོ་མ་ལུས་ལྷུན་རྫོགས་ལ་མངའ་བྱུང་།།

རྔམ་ནག་རྟིང་མཐའ་འབྱེད་བའི་ཆུ་གཏེར་གྱི་ཟུང་ཤུགས།།
རྒོད་པའི་མཆེ་སྡེར་བར་ནས་རླུང་ཤུགས་ཀྱིས་བསྐྱོད་དེ།།
ནོར་འཛིན་བུ་མོར་བཀོད་པའི་མཚར་སྡུག་གི་ལང་ཚོ།།
དོན་གྱི་ཡིད་འགྱུར་སྣང་བའི་འཛུམ་དམུད་ལས་ཤོར་སོང་།།

གཉེན་ལྕུག་ཕྱག་སོར་བཏེགས་པའི་བརྩེ་བ་ཡི་སྙིང་ཆུང་།།
འཇོལ་མོའི་སྐྱོ་གླུ་དང་བཅས་གངས་དཀར་གྱི་འདབས་སུ།།
གྱེས་བྲལ་འཁོར་ཐག་འཛིན་མའི་ཞབས་རྗེས་སུ་ལྷུང་དེ།།
ཆག་གྲུམ་སྙིང་བོ་ཤོར་བའི་དབེན་ཐང་དུ་འགྲིམ་བྱུང་།།

མཆོད་བཤམ་མེ་ཏོག་སྣ་བརྒྱའི་དཀྱིལ་འཁོར་དུ་བཞུགས་པའི།།
སྣང་སྟོང་རྒྱུད་དབྱངས་དཀྲོལ་བས་ཚངས་པ་ཡི་ལྷ་མོ།།
ཤེས་མཐོང་མཁའ་ལམ་ཡངས་མོར་དབྱངས་ཡིག་ཉིད་བྲིས་ནས།།
དཀར་དམར་མཛེས་ཆ་ལྡན་པའི་མེ་ཏོག་ཅིག་སྐྱེས་འདྲ།།

རབ་སྙན་འགྱུར་ཁུགས་དྲུག་འགྱུར་དྲང་བདེན་ལ་བཅོལ་ནས།
ཁུ་སིམ་མེ་ཏོག་བཞད་པའི་འཁྲི་ཤིང་ལ་བཞུགས་ནས།།
རབ་དཀར་སེམས་ཀྱི་ཞུ་ཚིག་ཡིད་འགྱུར་ལ་གཏད་དེ།།
བསྟོད་པའི་མགྲིན་པ་གཟེངས་སུ་དགོས་སྒྲ་དེ་ལྷིང་ལྷིང་།།

རིན་ཆེན་དྲི་བྲལ་ལྷ་རྫས་སྲལ་ལེན་གྱིས་སྤུངས་ནས།།
ཚོགས་དབུས་བརྒྱ་བྱིན་དགྱེས་པའི་དགའ་སྟོན་ལ་ཕུལ་ནས།།
ལེགས་ཚོགས་འདོད་དགུའི་སྐྱེས་བོ་མཐའ་དག་གི་མདུན་མ།།
རང་ནས་ཡིད་འགྱུར་རི་མོ་ཇི་བཞིན་དུ་བྲིས་འདྲ།།

འབྲུ་དྲུག་སྙེ་མའི་འབྲས་བུ་ས་གཞི་ལ་གཏོར་ནས།།
ཕྱི་ཤུན་བཤུས་པའི་ལས་དབང་རང་གཞན་གྱིས་མ་ཤེས།།
ཡིད་འགྱུར་སྙིང་གི་རི་མོ་ནག་ནོག་རང་འགོས་པས།།
ས་གཡོམ་རི་གཡོམ་བྱེད་པའི་སྣང་བ་འདི་སྡུག་པ།།

གསང་བའི་སྒམ་ཆུང་བསྔོག་པའི་ཆ་མེད་ཀྱི་མི་དེར།།
ཡིད་འགྱུར་རི་མོ་འབྲི་བའི་གོམ་གཤིས་དེ་ཡོད་འདྲ།།
བློ་དཀར་སེམས་ཀྱིས་ཕུལ་བའི་ཁ་བཏགས་ཤིག་ཡིན་ན།།
ངས་ཀྱང་ཡིད་འགྱུར་རི་མོ་ལྷན་གཅིག་ཏུ་འབྲི་འདོད།།
2015 01 18ཉིན་དྷཱི་ཚ།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: མགོན་པོ། སྤེལ་དུས:2015/1/30
རྒྱབ་སྐྱོར་ཡོད།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41575558
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1