བེ་མིག་གི་སྙན་ཚིག་གཅེས་བཏུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »བེ་མིག་གི་སྙན་ཚིག་གཅེས་བཏུས།
བེ་མིག་གི་སྙན་ཚིག་གཅེས་བཏུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/8ལྟ་ཀློག (3846)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

བེ་མིག་གི་སྙན་ཚིག་གཅེས་བཏུས།

 

མིང་བེ་ཨ་འཇིགས

པིར་མིང་བེ་མིག

ཕ་ཡུལ་རྨ་ལྷོ།

སྐད་འཕྲིན876394451


མི་རྟག་དྲན་པའི་ཐུན་ངག

                         

བརྩེ་འདང་ཟླ་བ་དཀར་བོ་ལས་ཀྱིས་འགྲིབ།།

བརྩེ་བ་དཔག་བསམ་ལོ་མ་རླུང་གིས་ཁུར།།

དྲན་གདུང་མིག་ཆུ་མོད་པོའི་རྒྱ་མཚོ་འཁྱིལ།།

ཨ་ཐང་ཆད་པའི་སྐྱོ་གླུ་འཇག་མས་གྱེར།།

 

ལོ་ཟླ་རྟ་ཕོའི་གོམ་འགྲོས་གློག་ལས་མྱུར།།

བཅུ་དྲུག་ལང་ཚོའི་མེ་ཏོག་སད་ཀྱིས་བཅོམ།།

བརྩེ་དུང་བདེ་བའི་ས་བོན་ཆར་བས་རྡུངས།།

རེ་ཐག་ཆད་པའི་སྐྱོ་གླུ་བདག་གིས་ཤོར།།

 

ཁ་བ་གངས་ཀྱི་སེང་གེའི་ངར་སྐད་ཉམས།།

བསམ་འཕེལ་ཨ་ཇོ་ངེས་མེད་ས་མཐར་འཁྱམས།།

སེམས་ཀྱི་ཁ་དོག་ཀུན་ཉོན་གཉུག་མའི་བསྒྱུར།།

ཁེར་རྐྱང་འཚོ་བའི་ཀི་ཞིག་བདག་གིས་བཏབ།།

 

ལྷུང་ལྷུང་རྨ་ཆུ་སྔོན་མོར་འཕྲིན་ཞིག་བསྐུར།།

མཛེས་མཛེས་བྱམས་པའི་ཚོཊ་ལ་གཏམ་ཞིག་སྒྲོན།།

མི་ལོ་ཉི་ཤུར་ཕྱིར་མིག་ཐེངས་གཅིག་གཟིགས།།

མི་ཚེའི་ཐེམ་སྐས་འཛེག་པར་ཨ་ཧོ་དཀའ།།

                ༡༤/༩/༩ཉིན་རྭ་རྒྱ་ནས།

 

སྣང་བའི་རི་མོ།

                              

མིག་ཆུས་མལ་ཐུལ་བརླན་པའི་མཚན་མོ་འདིར།།

དྲན་གདུང་སྐྱོ་གླུ་གཉོམ་མོ་ཁ་བས་གྱེར།།

ང་དང་ཁ་བའི་གཏམ་རྒྱུད་རིང་མོ་ཞིག།

ཟླ་བ་གཞོན་ནུར་དོ་ནུབ་ཨེན་ཙམ་གླེང་།།

 

ཁེར་རྐྱང་བུ་ལོའི་ཆིག་ལབ་མོད་པོ་ཞིག།

སེམས་ཀྱི་སྒྲོམ་གཞིར་བཅུག་ནས་ལོ་ཟླ་ཟད།།

སྡེ་ཆེན་མི་ཁའི་གྲང་རླུང་རབ་འཁྲུགས་ཀྱིས།།

སེམས་པ་འཁྱག་པའིབསྡམས་ནས་སྒོམ་ལ་ཉར།།

 

སྣང་བའི་སྐྱོ་གླུ་གཉོམ་མོ་གདུང་བའི་གླུ།

ལེན་པས་ཁུ་ལོ་ནགས་ཀློང་ཁྲོད་དུ་གྲགས།།

ཆུ་ལེན་བུ་མོས་ཀྲོང་ངེར་གསན་པའི་ཚེ།།

སེམས་པ་མགུ་བས་མིག་ཆུའི་ཕྲེང་བ་བསྟར།།

 

འཚོ་བ་ངན་ངོན་སྐལ་བའི་བཀས་བཅད་བྱས།།

ཁེར་རྐྱང་བུ་ལོ་ལས་ཀྱིས་སྒོམ་ལ་ཞུགས།།

དོ་ཞག་སྐྱོ་བས་དབྱངས་ཤིག་དཀྲོལ་བ་འདི།།

རང་སེམས་རང་གིས་གསོ་བར་དལ་ཅིག་སྦྱར།།

                              ༢༠༡༥/༢/༢ཉིན།


སྣང་བ་རང་ཡན་མ།

                          

དགུང་གི་ཟླ་བ་གཞོན་ནུ་མཁའ་ནས་གཟིམས་སོང་།།

སྐྱ་རེངས་ན་ཆུང་བུ་མོས་གཞན་ཡུལ་འགྲིམས་སོང་།།

སེམས་པ་སྒོམ་ལ་བཞུགས་པའི་དེབ་ཐེར་དཀར་བོ།།

ལོ་ཟླའི་འཁོར་བསྐྱོད་ཁྲོད་ནས་རྡུལ་དུ་བསྒྱུར་སྐད།།

 

མིག་ཆུ་རྒྱ་མཚོར་མཆོད་པའི་མི་ཚེ་རིང་མོར།།

དབེན་ཐང་ས་བདག་སྐུ་ལོའི་རྨི་ལམ་དཀྲོགས་སོང་།།

ཁེར་རྐྱང་འཚོ་བ་སྡུག་པོའི་སྐྱོ་གླུ་གཉོམ་པས།།

རྒྱུ་སྐར་སྟོང་གིས་ངུ་ཤུམ་ཡང་ཡང་ཤོར་སོང་།།

 

དོ་དགོང་མཛའ་གཞས་རིང་མོ་ལྐོག་ཏུ་གྱེར་བས།།

ཕྱི་ནང་སྣོད་བཅུད་ཡོངས་ཀྱི་སེམས་པ་སྒུལ་བྱུང་།།

ལྷུང་ལྷུང་རྨ་ཆུ་རིང་མོ་ཧད་དེ་ལུས་སོང་།།

སྨྱུག་ཚོམས་རྣ་བ་ཀྲོང་ཀྲོང་གཏད་དེ་ལུས་སོང་།།

 

སེམས་པ་གས་ཆག་ཤོར་བའི་ལོ་ཟླ་མོད་པོ།།

སྙིང་གཏམ་མགུར་ཆུང་མི་མེད་དབེན་པར་བསྒྲོན་ཡོད།།

དུས་ཀུན་མཚན་སྲུང་བྱེད་པའི་ལོ་ཟླའི་ཁྲོད་ནས།།

མིག་ཆུས་སྙན་ངག་དམར་བོ་སྒྲོམ་དུ་ཉར་ཡོད།།

 

ཀྱེ་ཀྱེ་ལས་དབང་རྒྱལ་མོའི་བཀའ་སྐྱོན་ཨེ་ཡིན།།

ཀྱེ་ཧུད་ཕ་མ་ཟུང་གི་བཀའ་སྒོས་ཨེ་ཡིན།།

ཀྱེ་མ་ཁེར་རྐྱང་འཚོ་བ་སྡུག་པོ་ཡིན་པས།།

ཀྱེ་ཧུད་ལྷ་སའི་ཁྲོམ་ལ་བུ་ང་ཆས་འགྲོ།།

 

སྤྱི་ཟླ༡/༡༨ཉིན་མཚན་གུང་ཆུ་ཚོད་གསུམ་པ་ནས་སྦྱར།


སྣང་བ་རྒྱ་ཡན་མ།

                         

ཚོར་བ་དབྱངས་སུ་གྱེར་བའི་དྲན་འཛིན་གྱི་ངོས་སུ།།

ངག་དབང་མཚོ་བྱུང་ལྷ་མོའི་དངོས་གྲུབ་ཞིག་མཉེས་ཏེ།།

ཚིག་སྦྱོར་ལྷུ་ལག་མཛེས་པའི་སྙན་ངག་གི་གར་མས།།

དྲན་གདུང་སེམས་ཀྱི་ན་ཟུག་ཤོག་དཀར་དུ་འཁྲབ་བྱུང་།།

 

ན་ནིང་ཏི་སེ་རི་བོའི་གངས་འདབ་ནས་བཞུད་པའི།།

ཆུ་ལེན་བུ་མོའི་སྙིང་གཏམ་མགུར་ཆུང་དེ་དྲན་ན།།

ས་མཐའ་རང་དབང་མཛེས་པའི་གངྒ་ཡི་དྲུང་དུ།།

མི་བསྡོད་སྐད་ཅིག་ཉིད་ལ་ད་རེས་རང་འགྲོ་འདོད།།

 

ཆུ་ལེན་ཨ་མདོ་བུ་མོའི་བཞིན་ཞལ་དེ་དྲན་ན།།

ཉིན་དཀར་ཟས་ཐུན་ཞིམ་པོ་སྤྲོ་བ་རང་མེད་ལ།།

ཉིན་མོ་ངལ་དུབ་གཉིད་ལ་མོས་པ་རང་མེད་པས།།

སེམས་ཤོར་སྙིང་གི་བུ་མོར་མཇལ་བ་རང་སྩོལ་ཤོག།

 

མཐོན་པོ་སྲིད་པའི་སྒང་ན་ཁེར་རྐྱང་དུ་ལུས་པའི།།

བདག་མེད་ཨ་མདོའི་བུ་ལོ་གཤོག་ཟུང་ཅིག་སྩོལ་དང་།།

ཕ་གིའི་གངས་ལྗོངས་རི་བོའི་ཕ་རོལ་ན་གནས་པའི།།

ཨ་མདོའི་བུ་མོ་ལྷ་མོ་ལན་གཅིག་རང་མཇལ་འདོད།།

                                  སྤྱི༢༠༡༥/༡/༩ཉིན།



སེམས་པ་རྙིད་པོ།

                

ལྷོ་མཐའི་རི་སུལ་ཆུང་ཆུང་འདིར།།

རྨ་ཆུ་སྔོན་པོར་སེམས་པ་བརླན།།

བག་ཁུམས་ལྷིང་འཇགས་གནས་པ་འདིས།།

ཡིད་ཀྱི་དྲན་པ་སྟོང་སིང་ངེ་།།

 

སྟོན་རླུང་འུར་འུར་ལྡང་བ་འདིས།།

ལྕང་ལོ་རེ་རེ་རྡོག་པའི་བརྗིས།།

རྐང་འཐུང་ལོ་མའི་དར་རྒུད་འདིས།།

མི་རྟག་ཡང་ཡང་དྲན་པར་བྱས།།

 

དོ་ནུབ་སྟོན་ནམ་རིང་མོར་འདིར།།

ཆུ་ཤེལ་ཟླ་བ་རྒྱན་དུ་འཚེར།།

ཁེར་རྐྱང་འཚོ་བའི་ལོ་ཟླའི་ཁྲོད།།

རང་གི་གྲིབ་མ་གྲོགས་སུ་ཁུམས།།

 

ཚོར་བ་རྣོན་པོའི་ཁ་དོག་འདི།།

མེ་ལོང་ངོས་སུ་ཧ་བཏབ་པོ།།

སོར་བཅུའི་སྟངས་སྟབས་མངོན་པ་འདི།།

སེམས་མཐུན་གྲོགས་ལ་སྤྲིངས་པས་སོ།།


 རྨི་ལམ་ནང་གི་རི་གྲོང་ཆུང་ཆུང་།

                   

ལྷུང་ལྷུང་རྨ་ཆུ་བཞུར་བའི་འགྲམ་ངོགས་དང་།།

མུ་མཁྱུད་གངས་རིས་བསྐོར་བའི་ཉེ་འདབས་ན།།

ཁུ་སིམ་ལྷིང་འཇགས་གནས་པའི་རི་གྲོང་ཞིག།

དོ་ཞག་རྨི་ལམ་ནང་ནས་ལན་བརྒྱར་མཇལ།།

 

གསལ་ལ་མི་གསལ་རྒྱང་ནས་རི་གླུ་གྲགས།།

ཞེན་པའི་བུ་ལོ་ཉེ་བའི་ཕྱོགས་སུ་རྒྱུགས།།

མཇལ་བའི་མཛའ་མཐུན་གྲོགས་ཀྱི་བཟང་སྤྱོད་དེས།།

ཡིད་ཀྱི་སྨོན་པ་དབང་མེད་དེར་ཕྱོགས་རྒྱུ།།

 

རི་ཁྱིམ་སོ་སོའི་དུ་བ་དགོང་ལ་འཕྱུར།།

མགྲོན་ལ་བརྩེ་བའི་བུ་མོའི་ཚེམས་ཕྲེང་རྒོད།།

དཀར་ལ་དམར་བའི་འབྲོག་མོ་གཤིས་བཟང་དེ།།

སེམས་ཀྱི་ཟབ་སར་ཉུལ་བའི་ཡིད་དུ་འཐད།།

 

སྐྲ་དཀར་རྒན་པོའི་ལག་གི་ཕྱག་ཕྲེང་མཛེས།།

སྨན་ཆུང་བུ་མོའི་ངག་གི་བཞོ་དབྱངས་སྙན།།

ནང་ལ་མཛའ་བརྩེ་རྒྱས་པའི་རི་གྲོང་འདིར།།

ཞེན་ཞིང་ཞེན་ནས་སླར་ཡང་གཉིད་དུ་ཡུར།།

       སྤྱི་ཟླ༢༠༡༤/༡༠/༣༡ཉིན་ལས་སྒྲུབ་ཁང་ནས།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
pmfs བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41566592
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1