ན་གཞོན་ཡི་གེ་བ་རྣོ་ཚོར་ལགས་འདས་ནས་མི་ལོ་ཧྲིལ་བོ་གཅིག་འགོར་བའི་རྗེས་དྲན་དུ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 3 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »ན་གཞོན་ཡི་གེ་བ་རྣོ་ཚོར་ལགས་འདས་ནས་མི་ལོ་ཧྲིལ་བོ་གཅིག་འགོར་བའ
ན་གཞོན་ཡི་གེ་བ་རྣོ་ཚོར་ལགས་འདས་ནས་མི་ལོ་ཧྲིལ་བོ་གཅིག་འགོར་བའི་རྗེས་དྲན་དུ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/15ལྟ་ཀློག (2743)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


      གྲོགས་པོ་ཞིག་དྲན་སྟངས་བཤད་ན་འདི་རེད།              

     ______ གྲོགས་རྣོ་ཚོར་ལགས་འདས་ནས་མི་ལོ་ཧྲིལ་བོ་གཅིག་འགོར་བའི་རྗེས་དྲན་དུ།
   
   དེ་རིང་ནི་ཁྱེད་ཉིད་གློ་བུར་དུ་བཞུད་པའི་ཟླ་ཚེས་ནག་པོ་དེ་ཚེས་ཡོད།  དེ་བས།   ངའི་ཡིད་ཁམས་ཀྱི་རྒྱ་མཚོར་སྡུག་བསྔལ་གྱི་རྦ་རླབས་དྲག་ཏུ་འཕྱུར་ཡོད།   དེ་རིང་གི་ཉིན་མོ་ནི་ཁྱེད་ཉིད་འཇིག་རྟེན་འདིར་སྣང་གི་ཆོས་ཐམས་ཅད་ལ་གཏན་དུ་གྱེས་ཏེ་ཁྱེད་ཀྱི་ཚེ་སྲོག་གི་མར་མེ་གཟིམས་པའི་ཉིན་མོ་རེད།
      འོན་ཀྱང་།    ཉིན་མ་དེ་ནས་ཀུན་གྱི་མཐོང་ལམ་དུ་མངོན་པའི་ཁྱེད་ཀྱི་ཕུང་བོ་ནི་སུ་དང་གང་གིས་ཀྱང་མཐོང་ལམ་ནས་མངོན་པའི་དུས་ཚོད་དེ་རྫོགས་སོང་བ་ཡིན་ལ།མི་ལོ་ཧྲིལ་བོ་གཅིག་པོའི་རིང་དུ་མཚམས་མཚམས་སུ་ཁྱེད་ཉིད་དྲན་ཞིང་གླེང་བ་ནི་ཐེངས་གཅིག་མ་ཡིན་པར་རེ་འགའ་ཙམ་ཞིག་ཡིན།   ངས་ཁྱེད་ཉིད་དེ་ལྟར་དྲན་པ་དང་གླེང་བའི་རྒྱུ་མཚན་ནི་ངེད་ གཉིས་ཕན་ཚུན་བརྩེ་བའི་ཨ་ལོང་གིས་དམ་དུ་སྦྲེལ་བས་རེད།
       བརྩེ་བའི་ཨ་ལོང་ནི་ཁྱེད་ཉིད་བཞུད་བ་མཉམ་དུ་ཐག་པ་བཞིན་དུ་ཆད་འགྲོ་བ་ཞིག་དང་འཇའ་ཚོན་ལྟར་དུ་ཡལ་འགྲོ་བ་ཞིག་གཏན་ནས་མ་རེད།   ཁྱེད་ཉིད་བཞུད་པ་དང་མཉམ་དུ་དམ་ནས་དམ་དུ་སྦྲེལ་ཏེ།    གལ་ཏེ་ཁྱེད་ཉིད་གསོན་པའི་ལས་སྐལ་ཞིག་མཆིས་ན་ངའི་ཤ་ཁྲག་རུས་གསུམ་གྱི་འགྲོ་གྲོན་ཅི་ཞིག་གཏོང་དགོས་ཀྱང་།  བློ་འགྱོད་ཀྱི་འདུ་ཤེས་དང་བྲལ་བའི་བསམ་ཚུལ་སྣ་ཚོགས་པ་རེ་སྐྱེས་མྱོང་།
      ཉིན་ཁ་ཤས་ཀྱི་ཡར་སྔོན་ཞིག་ཕ་ཡུལ་དུ་ལོག་ཐེངས་ཤིག་ལ་ཁྱེད་ཚང་གི་རི་རྭ་བ་ཁང་ཁྱིམ་ལ་སོགས་པ་མཐོང་ལམ་དུ་འཆར་བ་དང་མཉམ་དུ་ཁྱོད་ཉིད་དྲན་པའི་གདུང་བ་འགོག་མེད་ཅིག་སྐྱེས་སོང་།    ཡིན་ནའང་།   དུས་དེ་ནས་བཟུང་ངས་འདི་ལྟར་སྨོན་ལམ་བཏབ་ཡོད།   ཁྱེད་དང་མཇལ་བའི་ཉིན་མ་ཞིག་གཏན་ནས་གཏན་དུ་ འཆར་བ་མེད་རུང་།   ཁྱེད་ཉིད་ངའི་སྙིང་ཉེ་བའི་གྲོགས་པོ་ཞིག་ཡིན་པའི་འདུ་ཤེས་ལ་འགྱར་འགྱུར་བྱང་བའི་ཉི་མ་ཞིག་གཏན་ནས་གཏན་དུ་འཆར་རྒྱུ་མེད་པ་ཁོ་ནའོ་ཞེས་བསམ་ཕོད་པ་དང་སྨྲ་བ་ཕོད་པའང་ཡིན་ནོ།།
      ངེད་གཉིས་ཕན་ཚུན་འདི་ཕྱིའི་བར་ཐག་དང་ཡུལ་གྱི་སྐལ་དོན་གྱི་རིང་ནས་རིང་དུ་གྱེས་ཏེ་མངོན་པ་དང་མི་མངོན་པ་གཉིས་ལས་ཕྱི་མའི་རིགས་སུ་གཏོགས་སུ་རུང་།  དེ་ནི་ཕྱི་རོལ་གྱི་ཡུལ་དེ་ཉིད་མིག་གི་མཐོང་ལམ་ཁོ་ན་ལས་བྲལ་བ་ཞིག་མ་གཏོགས།   སེམས་དང་སེམས་ཀྱི་ཞིང་ཁམས་ནས་ཡལ་སོང་བ་མིན་ལ།   རུས་དང་རྐང་གི་གཏིང་ནས་ཀྱང་བྲལ་སོང་བ་མ་རེད།  དེ་བས།   ངའི་གྲོགས་ལ་གྱུར་བའི་སུ་དང་གང་ཞིག་ཡིན་རུང་སེམས་ཀྱི་གཏིང་དུ་སྐར་འོད་བཞིན་དུ་ཚེས་པ་ནས་བཟུང་།   སེམས་ཀྱི་ཞིང་ཁམས་ནས་ནམ་དུ་ཡང་འདས་པ་མེད་པ་ལ་ཡལ་བའང་ཡོད་མི་སྲིད།   དེའི་ཕྱིར་དུ།   དེ་རིང་གྲོགས་རྣོ་ཚོར་ལགས་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་ཏེ་ལོ་ངོ་ཧྲིལ་བོ་གཅིག་འགོར་སོང་རུང་།   སེམས་པ་དང་སེམས་པ་གྱེས་མེད་པ་མ་ཟད།   ངའི་མི་ཚེ་མ་རྫོགས་བར་དུ་ངའི་སེམས་ཀྱི་ཞིང་ཁམས་ནས་ནུབ་པ་མེད་པའི་འོད་ཟེར་ཞིག་ཡིན་པ་དེའོ།།
  
 
  2015. 2. 15.བློ་མིག་གིས་ཁ་པར་དུ་ཤར་མར་བྲིས།

 

 


  གཡུལ་སར་འདས་པའི་དཔུང་རོགས་ཀྱི་འདས་མཆོད། 

                                                                      གནམ་ལྷུན། 

       དེ་རིང་ཏག་ཏག་གིས་"གནོད་སྦྱིན་ནག་པོ་"འདས་ཟིན་པའི་དུར་རླུང་ཞིག་གསེབ་ནས་ངས་ཡང་བསྐྱར་"གནོད་སྦྱིན་ནག་པོའི་"རྣམ་ཐར་ཀློག་གིན་ཡོད། གཡུལ་ལ་ལྟ་གོན་བྱས་ཟིན་རྗེས་ངས་ཁྱོད་ཀྱི་སྐྱིད་སྡུག་ལ་སེམས་ཁྲལ་མ་གནང་། ང་ཡང་མི་རོ་ལྟེམས་པའི་དུར་ཐང་དེ་ནས་ཁྱེད་དང་མཉམ་དུ་རང་ཉིད་དྲེད་ལ་ཤི་བར་སྒུག་མྱོང་། ཉིན་ཞིག་ཁྱོད་རང་ལྷ་ཀླུ་གཉན་གསུམ་གྱི་གཡུལ་ངོ་བཙན་པའི་གནས་ཤིག་ནས་ག་ལེར་ཕེབས་སོང་བ་གོ་བས།   ལོ་དེར་ཕ་གསོད་ཀྱི་ལག་དམར་ཚང་གི་ཁྱིམ་ཚང་མེ་ལ་ཤོར་བ་ཇི་བཞིན་ཕ་ཡུལ་གྱི་རོལ་མ་པ་ཚོས་སྐྱིད་ལུང་ནས་སྔར་ལས་ལྷག་པའི་ དགའ་སྟོན་ཞིག་བྱེད་གྲབ་བྱས། ཁྱེད་རང་ཡུལ་མི་དག་གི་རྣ་དང་མིག་ལམ་ནས་ཡོངས་སུ་གྱེས་པར་གྱུར་ནའང་། ཁོ་ཚོས་ད་རུང་ལོ་རྒྱུས་ཀྱི་ཞེ་འཁོན་ཅི་ཞིག་ཡིད་ནས་དྭངས་མ་ཐུབ་པ་ལྟར་དམོད་སྔགས་གང་ཡང་གཏོང་བར་བྱེད།   ཡིན་ཡང་། ཁྱོད་ཀྱིས་ཕ་ ཡུལ་གྱི་མི་དག་གི་དགའ་སྡུག་ལ་བསྟུན་མི་དགོས་པར་དབང་ལྔ་སྟོངས་པའི་མཁའ་ དབྱིངས་ཀྱི་བདེ་སྐྱིད་ཅིག་ལ་ཇི་དགར་རོལ་ནས་ཡོད་སྙམ་ན།    སྐབས་དེར་ངའི་སྣང་བ་ཡང་དྭངས་མོ་ཞིག་རེད། ངས་ཁྱོད་རང་འཇིག་རྟེན་དང་གྱེས་པར་གོ་དུས་རྒྱུ་མཚན་མེད་པའི་འགྱོང་སེམས་ཤིག་ལས་སྡུག་བསྔལ་གང་ཡང་འབྱུང་མ་སོང་། དེ་ནི་དཔེར་ལེན་གྱིས་བཤད་ན་དུས་གཅིག་ལ་རྐང་འགྲོས་ཀྱིས་གཡུལ་སར་ཆས་ཏེ་འབྱུང་བཞིའི་སྡུག་བསྔལ་ལ་མཉམ་མྱོང་བྱས་པ་ཇི་ བཞིན་ལུས་སེམས་ཀྱི་གནོན་ཤུགས་འདྲ་མཚུངས་སུ་གྱུར་བས། རང་གཞན་གྱི་ལས་དབང་ལ་སེམས་ཁུར་གནང་བའི་གོ་སྐབས་དང་བྲལ་བས་ཨེ་ཡིན་ནམ་འདོད་ཡོད། གང་ལྟར་ཁྱོད་རང་ཕེབས་སོང་བ་ནི་གཟི་བརྗིད་ཅིག་དང་བདེ་བ་ཞིག་རེད་སྙམ་ནས་ཡོད། འུ་ཚོ་ཡུལ་གྱར་བའི་རྨི་ལམ་ལ་མཇུག་འབྲས་ཡག་པོ་ཞིག་འབྱུང་ངེས་ཀྱི་གདངས་ཚོད་སུ་ལའང་མེད་ཀྱང་། འུ་ཚོ་འདིའི་དོན་དུ་འཁྱག་ཅིང་འདིའི་དོན་ དུ་ཤི་བར་གྱུར་པ་ནི་འུ་ཚོ་རང་ཉིད་ལ་དུས་གཏན་དུ་ཐོབ་རུང་བའི་བདེ་སྐྱིད་ཅིག་ཡིན་སྙམ་པའི་སྣང་བ་ཞིག་ང་ལ་འགོག་མེད་དུ་འབྱུང་གིན་ཡོད། གལ་ཏེ་ནམ་ཞིག་གི་ཚེ་རྫུན་གཏམ་ཡོད་ཚད་ཀྱིས་འུ་ཚོ་མཐའ་མེད་པར་དམྱལ་ཁམས་སུ་བརྫངས་ཀྱང་། འུ་ཚོའི་སེམས་སྐྱ་མོ་ཞིག་གིས་ནམ་ཡང་དམར་པོ་རི་ནས་མེས་པོ་རྣམས་ལ་ཇ་འཁྱག་བཏུང་རོགས་བྱེད་ཆོག་པས། འུ་ཚོ་རང་ཉིད་ལ་འཁེང་སེམས་དང་འགྱོང་པ་སྐྱེ་དགོས་དོན་མེད། 
བདག་གི་ཤ་རུས་ལ་འཐིམས་པའི་གཡུལ་གྲོགས་ལགས། ཁྱེད་ཉིད་བདེ་བར་གཟིམས་དང་། ངས་འུ་ཚོས་སྔོན་ཆད་མཉམ་དུ་བཤམས་མྱོང་པའི་ལྷ་ཀླུ་གཉན་གསུམ་གྱི་གཡུལ་ངོ་བཟློག་པའི་འཁྲུག་པ་དེ་ད་རུང་ལྷིང་འཇགས་སུ་སྡོད་དུ་འཇུག་གིན་མེད། ངས་ད་ལྟ་ད་རུང་ཡང་ཁྱེད་ཀྱི་རུས་རྒྱན་སྐེ་ལ་རྒྱུས་ནས་ཧུར་ཐག་གིས་གཡུལ་སའི་ལས་དོན་སྒྲུབ་པ་ལས། ཕྱིར་ཕ་ཡུལ་གྱི་སྐྱིད་ལུང་དུ་ལོག་སྟེ་རང་གི་སྙིང་ཉེ་བའི་མཛའ་མོ་ཞིག་གི་རུལ་ནས་སྐྱིད་ཉལ་བྱེད་པའི་སེམས་པ་འབྱུང་གི་མེད། འདི་དག་ནི་ཁྱེད་རང་འདས་ཁར་ང་ལ་ལྐོག་གྱུར་གྱིས་བཞག་པའི་ཁ་ཆེམས་ཤིག་ཡིན་པར་འདོད་བཞིན་ཡོད། 
ཁྱེད་ཉིད་བདེ་བར་ཕེབས་རོགས། 
བདག་གི་གཡུལ་གྲོགས་ལགས། 

༢༠༡༥.༢.༡༥ཉིན་སྦྱར། 

 

    2/15དོན་རྐྱེན་དང་སེམས་ཁྲལ།
                  གྲོགས་རྣོ་ཚོར་ལགས་ཀྱི་འཆི་སྐར་དྲན་པ།


    ཁ་སང་ངས་སྨྱུ་གུ་བཟུང་ནས་གཡུལ་ལ་ཆས་དུས་ངའི་དཔུང་རོགས་ཤིག་གཡུལ་ས་ནས་ས་ཆེན་པོའི་དབྱིངས་སུ་འཐིམས་སོང་།
----------------------------------------------
                      2014/215/      2015/2/15. 
        དེ་རིང་ནི་ ཟླ་གཉིས་པའི་ཚེས་བཅོ་ལྔ་རེད།ན་ནིང་གི་དེ་རིང་ནི་ཏག་ཏག་ང་དང་ལས་དབང་གཅིག་ པའི་གྲོགས་དྭངས་རྣོ་ཚོར་རམ་བརྩོན་འགྲུས་ལགས་སྐུ་མྱ་ངན་ལས་འདས་པའི་ཉིན་མོ་ རེད་པས།ལོ་ཡི་འཁོར་ལོ་གཅིག་འགོར་བའི་དེ་རིང་ཡང་བསྐྱར་རྨ་ཁ་གང་དེར་སེམས་ ཀྱིས་རེག་དགོས་པ་འདི་ཁོང་གི་ཁྱིམ་མི་དང་གྲོགས་པོ་ཚོར་མཚོན་ན་ན་ཟུག་རབ་ཏུ་ ཆེ་བའི་དོན་ཞིག་ཡིན་མོད། གྲོགས་པོ་ཁོང་ལ་ཡང་དང་བསྐྱར་ཏུ་ཕྱིར་དྲན་བྱེད་པ་འདི་གྲོགས་པོ་གང་ཉིད་སྤྱི་ཚོགས་ལ་དགོས་མཁོ་ཆེ་བའི་རྟགས་ཤིག་ལོས་ཡིན།དེ་བས། མི་འདོད་བཙན་གྱིས་རྨ་རྙིང་འདི་ལ་སེམས་ཀྱིས་རེག་དགོས་བྱུང་ཞིང་། གྲོགས་པོ་གང་ཉིད་འཇིག་རྟེན་དཀར་ངོགས་དང་བྲལ་བའི་ཉིན་དེ་ནས་བཟུང་། ལ་ལ་དགའ་བའི་དགོད་ཀྱིས་ཁེངས་ཏེ་མི་ཡུལ་ནས་ལྟ་ལོག་པ་ཞིག་འཇིག་རྟེན་གཞན་དུ་ཆས་སོང་ཞེས་དགོད་ཞོར་འཛུམ་ཞོར་བཤད། ལ་ལ་སྡུག་གི་ཁུར་བོས་མནན་དེ་ངའི་གྲོགས་པོ་དང་ཉེ་མི་སྤུན་ཟླ་ཞིག ད་དུང་མིའི་རིགས་ལ་དགོས་མཁོ་ཆེ་བའི་མི་ཕོ་ཞིག་འཇིག་རྟེན་དང་གཏན་དུ་ཞལ་གྱེས་སོང་ཞེས་ངུ་སྐད་དང་ཆོ་ངེ་བསྒྲག
       གང་ལྟར་གྲོགས་པོ་གང་ཉིད་རྒྱལ་ཁབ་ཤོར་བའི་མི་རིགས་ཤིག་ཏུ་སྐྱེས་ཡོད་པ་ནམ་ཡང་སེམས་སུ་ཉར་མཁན་གྱི་གྲས་ཤིག་ཡིན་པས།   ཁོང་མི་ཡུལ་དང་ཞལ་གྱེས་པའི་དེ་རིང་ཁོང་ལ་རྗེས་དྲན་བྱེད་རིན་ཧ་ཅང་ལྡན་པ་ཞིག་རེད་བཞག 
     མ་གཞི་མི་ཚང་མ་འཇིག་རྟེན་འདིར་རིན་མེད་དུ་སྐྱེས་ཤིང་སླར་ཡང་རིན་མེད་དུ་གཅིག་གཅིག་གཉིས་གཉིས་ཀྱིས་འགྲོ་བཞིན་ཡོད་པ་རེ་གཉིས་ཙམ་ག་ལ་རེད་མོད། གྲོགས་རྣོ་ཚོར་ལགས་ནི་དེ་དང་ཡེ་ནས་མི་འདྲ་བར་འཇིག་འདིར་རིན་མེད་དུ་སྐྱེས་པ་བདེན་དུ་ཆུགས་ཀྱང་། སླར་ཡང་རིན་མེད་དུ་འགྲོ་བ་ཁྲེལ་མེད་ཀྱི་བྱ་བ་ཞིག་ཡིན་པའི་གནས་ལུགས་གཞི་ནས་རྟོགས་ཏེ།  རྒྱལ་ཁབ་ཤོར་བའི་མི་རིགས་ཤིག་ལ་རྒྱབ་དཔུང་བྱེད་འདོད་ཀྱི་འདུན་པ་དྲགས་ཏུ་འབར་ནས་སློབ་སྦྱོང་ལ་ཧུར་གྱིས་འཇུག་བཞིན་པའི་སྐབས་ཤིག "ཆང་"ཟེར་བའི་ དབུགས་མེད་གཤེད་མ་ཞིག་གིས་གྲོགས་པོ་གང་ཉིད་འཇིག་རྟེན་འདིར་འཚོ་བའི་སྒོ་མོ་ ཡོངས་སུ་གཏན་ནས་མི་མེད་ལུང་སྟོང་དང་གྲོགས་མེད་གཅིག་པུར་འཚོ་སའི་ངེས་མེད་ ཀྱི་གནས་ཤིག་ཏུ་བསྐྱལ་སོང་བ་སུ་ལ་གསང་ཨང་། 
                         2
     ཡིན་རྒྱུ་དེ་རིང་ཉག་ཉོག་མང་པོ་ཞིག་བྲི་རྒྱུ་ཡོད་མོད།རེ་ཞིག་གྲོགས་པོ་གང་ཉིད་"ཆང་"ཟེར་བའི་དབུགས་མེད་གཤེད་མ་དེས་རྐྱེན་ལམ་དུ་བརྫངས་པའི་དོན་རྐྱེན་སེམས་སུ་བཅངས་ཏེ།    ཞལ་བྱུང་སེམས་ཁྲལ་ཞིག་བྲི་བའི་ལས་དང་ལམ་ལ་ཞུགས་པར་བྱས་ན།
     གཉིས་སྟོང་བཅུ་གཉིས་དང་བཅུ་གསུམ་བཅུ་བཞི་བཅས་ལ་རང་དགོན་ནས་གྲྭ་ལོག་བྱས་པའི་གྲངས་ཀ་ཆས་མང་བའི་ལོ་ཞིག་ཡིན་ལ། ལོ་དེའི་རྒྱུད་རིམ་ཁྲོད་དུ་དགྱ་ནག་པོས་བཙན་ཁྲིམས་དང་སྤྱི་ཚོགས་ཀྱི་གནོན་ཤུགས་སོགས་མི་འདོད་པའི་སྡུག་བསྔལ་མང་པོ་ཉམས་སུ་མྱོང་རོགས་ཀྱི་གྲོགས་མཆོག་ཁྲག་ཐིགས་དང་གནམ་ལྷུན་གཉིས་ཀྱང་གྲྭ་ལོག་བྱས་ཤིང་།   ད་དུང་རང་དང་གློ་བ་ཆས་ཉེ་བའི་རྩོམ་གྲོགས་དམ་པ་གདུ་འཕྱུར་དང་དུས་རབས་ཀྱི་གདོང་ནས་སྤྱི་ཚོགས་ཀྱི་ནད་དོན་གསེད་རོགས་གྲོགས་མཆོག་རྔ་འབྲུག ད་དུང་འཛིན་གྲྭ་གཅིག་པའི་གློ་སེམས་ཤིན་ཏུ་ཉེ་བའི་གྲོགས་མཆོག་ལྷུན་ཚེ་དང་སོག་རྣམ། འཕྲིན་སྐར། བཅས་ཀྱང་ལོ་འདི་གའི་ནང་དུ་སྐྱ་སར་བབས་ཏེ་ད་ལྟ་ནུབ་བྱང་དུ་འགྲོ་བཞིན་ཡོད་པས། "ཆང་ཟེར་བའི་དབུགས་མེད་གཤེད་མ་དེ་དང་འཚོ་བ་མཉམ་འགྲོགས་རེད།
      ལོ་རྙིང་བའི་ལོ་སྟོད་དུ་ཁོ་བོ་ས་མཐོ་ཡུལ་གཙང་གི་ས་ཕྱོགས་ཁམས་སུ་ཆས་ནས། དེ་གར་ཡོད་དུས་འཕྲིན་ཕྲན་བརྒྱུད་དེ་གྲོགས་པོ་དག་དང་ལབ་གླེང་བྱེད་དུས་"ཆང་"འཐུང་གི་ཡོད་རབ་ཀྱི་སྐད་ཆ་ཐེངས་འགར་ལབ་བྱུང་བས་ཁོ་བོའི་སེམས་པ་གཉོམ་པོ་འདི་མང་དུ་བསྒུལ་སོང་བས།"ཆང་"ཟེར་བའི་དབུགས་མེད་གཤེད་མ་དེས་ད་དུང་ངའི་གློ་ཐག་ཉེ་བའི་གྲོགས་པོ་ག་ཙམ་ཞིག་ཁྲིད་འགྲོ་བར་དོགས་ན་སེམས་སྐྱ་མོ་ཐང་ལ་ལྷུང་གི དེ་བས་ཉིན་ཞིག་གྲོགས་མཆོག་ཁྲག་ཐིགས་ལ་ན་ནིང་གྲོགས་རྣོ་ཚོར་ལགས་"ཆང་གིས་འཆི་ལམ་དུ་བརྫངས་པ་རེད་པས་"ཆང་"ཉུང་འཐུང་བྱོས་དེར་མ་ཟད་"ཆང་དཀར"གཏན་ནས་མ་འཐུང་ན་ཞེས་སེམས་གཏན་ཞིག་ཀྱང་བཤད་མྱོང་། 
                              3
     གྲོགས་པོ་འདི་དག་ད་ལོ་ཁོ་བོའི་ལུས་ཀྱི་ན་ཟུག་དྲགས་ཏུ་རྒྱས་དུས་ལུས་ལ་སྐྱོར་མ་གནང་བའི་བཀའ་དྲིན་ཅན་གྱི་གྲས་སུ་མེད་ན་འང་སེམས་ཀྱི་ན་ཟུག་དྲགས་ཏུ་རྒྱས་དུས་སྙིང་གཏན་དང་སེམས་གསོའི་བསིལ་རླུང་བར་མེད་སྦྱིན་པའི་དཀའ་སྡུག་ཁྲོད་ཀྱི་གྲོགས་མཆོག་ཡིན་པས། དེ་དག་"ཆང་"ཟེར་བའི་དབུགས་མེད་གཤེད་མ་དེས་ངའི་མིག་གིས་རིག་ས་འདི་སེམས་ཀྱིས་ཚོར་ས་འདི་ནས་སྔ་ལམ་དུ་ཁྲིད་ཨེ་འགྲོ་དོགས་ན་བློ་འཚབ་ཧ་ཅང་ཆེ་བས་གྲོགས་པོའི་འདས་སྐར་དང་འགྲོགས་ཏེ་གཏན་མགོ་མེད་སྔ་མེད་ཅིག་སྨྱུག་རྩེ་ནས་འདི་ལྟར་ཐལ་སོང་ལགས། 


       2015/2/15ཉིན་ཁྱེད་ཀྱི་གྲོགས་གློག་དམར་གྱིས།


 

གྲོགས་པོ་མདུན་དུ་ཡོད་པར་བློ་ཡིས་བཞེངས་ཏེ།སེམས་གཏམ་ཞིག་བཤད་ན།
    2014-2-15__2015-2-15གྲོགས་རྣོ་ཚོར་ལ་རྗེས་དྲན་ཞུ།
               ཁྲག་ཐིགས། རྔ་པ།
                        ༡
      འདས་སོང་བའི་གྲོགས་པོ་ལགས། ངས་མི་ཚེའི་གནས་ལུགས་མང་པོ་ཞིག་མི་རྟོགས་མོད།   ཆང་ཡིད་ཚིམ་པ་ཞིག་འཐུངས་རྗེས་ཁྱོད་རང་འཇིག་རྟེན་དང་བྲལ་སོང་བ་ནི་ཁོ་བོས་བསམ་ན་བདེ་སྐྱིད་ཅིག་ཏུའང་སེམས།   ཁོ་བོ་ཡང་ནམ་ཞིག་དེ་ལྟར་བསམ་དབང་དྲན་དབང་མེད་པར་འཛུམ་མདངས་ཀྱི་ངང་ནས་འཆི་བར་སྨོན་ལམ་ འདེབས་ཀྱིན་ཡོད།  གྲོགས་པོ་ལགས།  ཁོ་བོར་མཁས་པ་ཞིག་གིས་འདི་ལྟར་བཤད་མྱོང་།   འཕེན་འཕང་སྤོ་ལོ་རྩེ་བ་དང་འདྲ་བའི་མི་ཚེའི་ནང་དུ་དོན་དག་མང་པོ་ཞིག་ནི་རང་གི་འདོད་པ་ལྟར་བསྒྲུབ་ནུས་པ་ཞིག་གཞར་ཡང་མ་ཡིན་ཟེར།དེ་ནི་ཞིབ་ཀྱིས་བསམ་ན་བདེན་པ་ཞིག་ཏུ་མཐོང་ལ།   ནང་བསྟན་མཚན་ཉིད་རིག་པ་བ་གྲགས་ཅན་ཙོང་ཁ་བས་ཀྱང་།   ལམ་རིམ་ ཆེན་མོ་རུ། "འདོད་པ་ཐོག་ཏུ་མི་ཡོང་བའི་སྡུག་བསྔལ་དང་།   མི་འདོད་པ་ཐོག་ཏུ་བབས་པའི་སྡུག་བསྔལ་"ཞེས་པ་ཞིག་ཀྱང་མི་ཚེའི་གོ་རིམ་ཁྲོད་དུ་འབྱུང་བའི་གདམས་པ་ཞིག་བསྩལ་ཡོད།   དེ་དོན་ཞིབ་ཏུ་བསམ་ན་བདེན་པ་རེད།   དེ་བས།   གྲོགས་པོ་ལགས། ཕོ་ལོ་ཉི་ཤུའི་སྟོད་ན་ཡོད་པའི་ཁྱེད་ལ་མཚོན་ནའང་།    འཇིག་རྟེན་འདི་ནས་དོན་བྱ་མང་པོ་ཞིག་འགྲུབ་མ་ཐུབ་པར་ལུས་ཡོད་པ་ནི་གདོན་མི་ཟ།    འོན་ཏེ།    འདི་ནི་སུ་ཡང་བློ་འགྱོད་སྐྱེ་དགོས་པའི་གནས་ཤིག་མིན་པས།   ཏག་ཏག་བཤད་ན།    སུ་ལའང་འགྱོད་སྣང་དང་ཕངས་སེམས་མེད།   ངས་འདི་ལྟར་རང་སེམས་ཀྱི་ཚོར་འདུ་སྐོར་ཞིག་ཡི་གེར་གཏགས་ཏེ།ཁེར་ལབ་བྱས་ན་ཁྱེད་ཀྱིས་གང་ཞིག་ནས་ཚོར་འོང་བའི་དྲན་ཚུལ་མེད་ཀྱང་།   ང་ནི་ང་ཡི་གྲོགས་པོ་དག་ལ་བློ་དཀར་བའམ་རང་གི་མི་ཚེ་ལ་བསམ་པ་རྣམ་དག་ཅན་ཞིག་ཡིན་པས།    ངས་འདས་སོང་བའི་གྲོགས་པོ་ཁྱོད་ལ་འདི་ལྟར་སེམས་ཀྱི་དམར་དམར་དག་བཤད་ནས་མྱ་ངན་ཞུ་བཞིན་ཡོད་པ་ཡིན།
      ད་ལྟའི་ང་ཁྱོད་ཀྱིས་མི་ཤེས་ངེས།   ད་ལྟའི་ང་རང་ནི་ལོ་དེའི་ནུབ་དེའི་གསར་བུ་ནང་བཞིན་སྐྲ་ལོ་རིང་ཙམ་ཞིག་མགོ་ལ་སྐྱེས་ཤིང་།   ཆགས་གཏམ་མང་པོ་ཁ་ ལ་འཁྱེར་བའི་གསར་བུ་སྣང་བསོར་ཞིག་ཡིན།   ད་དུང་སློབ་ཆེན་གྱི་སློབ་གྲོགས་སུ་བཏགས་པ་དང་།   སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་རུ་བཏགས་པ་མང་པོ་ཞིག་མཉམ་དུ་འཛོམས་ན་ཆང་གིས་མཆོད་ཁ་བཤམས་ཏེ།   གཏམ་མང་པོ་ལྷུག་ལྷུག་གྲོལ་རྒྱུ་ཡོད་པ་ཞིག་ཀྱང་ཡིན།    རེད་དེ་གྲོགས་པོ་ལགས།   ཁྱོད་རང་འདས་སོང་བའི་རྗེས་སུ།   གྲོགས་དག་དང་མཉམ་དུ་ཆང་ལ་རོལ་བའི་སྐབས་སུ།   རྒྱུན་དུ་ཁྱོད་རང་དྲན་འོང་གི   ངོ་མས་དྲན་འོང་གི འོན་ཀྱང་།   དྲན་པ་དེ་གང་ལ་འཁྱེར།  སུ་ལ་བཤད།   སུ་ཡིས་ཤེས།

                    ༢
      གྲོགས་པོ་ལགས། ངས་ཁྱོད་ལ་ད་ལྟ་གདེང་འཇོག་ཆེན་པོ་ཞིག་ བྱེད་མི་ཐུབ་མོད།ཁྱོད་ཀྱི་མི་ཚེའི་རྒྱུན་ཇེ་རིང་དུ་སོང་ཚེ།ཁྱོད་ནི་མ་འོངས་ པའི་དུས་ཤིག་ན།བརྩམས་དེབ་པོད་དུ་མ་ཞིག་གི་བདག་པོ་ཡིན་ངེས།སྙུ་གུ་ལག་ཏུ་ཡོད་ པའི་དཔེ་ཆ་པ་ཞིག་ཡིན་ངེས།རིགས་ཀྱི་འདས་མ་ད་གསུམ་ལ་འགྲོ་འདུག་བར་ནས་མནོ་བསམ་ གཏང་བའི་མི་ཞིག་ཡིན་ངེས།
                            ༣
      མི་མང་པོ་ཞིག་འདས་པའི་རྗེས་སུ་ད་གཟོད་གླེང་རྒྱུ་ཡོད་པ།   དྲན་རྒྱུ་ཡོད་པ།    བསྟོད་རྒྱུ་ཡོད་པ་ཞིག་ཏུ་འགྱུར་འགྲོ་གི    དེ་ལ་ཞིབ་ཀྱིས་བསམ་ཚེ།   ཁག་ཀྱང་ཆེར་མི་འདུག་སྟེ།   མི་ཡུལ་ནས་གདན་གཅིག་གི་སྟེང་དུ་མཉམ་པོར་ཡོད་དུས།    འདས་པོ་ཁྱོད་ཅག་གླེང་བར་སྟབས་མ་བདེ་བ་རེད།   དེ་བས།   ཁྱོད་ཀྱང་མ་འདས་སྔ་རོལ་དུ་གླེང་མཁན་གྱི་ཡི་གེ་པ་མེད་མོད།   འདས་སོང་པའི་རྗེས་སུ་ད་གཟོད་ཡི་གེ་པ་དུ་མས་གླེང་འགོ་བརྩམས་སོང་།   འདི་ཡི་གནད་ནི་གོང་དུ་བཤད་པ་དེ་ག་རང་ངོ་གྲོགས་པོ་ལགས།   ཁྱོད་རང་འདས་པ་ནི་མི་གཞན་དག་མི་ཡུལ་དང་གྱེས་པ་དང་འདྲ་རུ་ཆུགས་ཀྱང་།   ཁྱོད་རང་འདས་རྗེས་ད་གཟོད་མི་འདྲ་སྟེ།   མི་གཞན་དག་ནི་སྤུན་ཉེ་ཙམ་གྱིས་སེམས་ཀྱི་གླེང་གཞི་ཙམ་ཡིན་ལ།   ཁྱོད་ནི་སྙུ་གུ་དང་དཔེ་ཆའི་བར་ནས།   གནས་བབ་དང་ཁོར་ཡུག་ཁྲོད་ནས་གླེང་གཞིར་གྱུར་པ་རེད།
      འདས་སོང་བའི་གྲོགས་པོ་ལགས།   གལ་སྲིད་སྐྱེ་བ་ཕྱི་མ་ཟེར་བ་ཞིག་ཡོད་ཚེ།   སྐྱེ་མ་གཞུག་མར་ཡང་འུ་གཉིས་གྲོགས་པོར་འགྱུར་རྒྱུའི་རེ་འདུན་ཡོད།   ང་ རང་ཁྱོད་ཀྱི་གྲོགས་པོ་རུ་གྱུར་བ་གཏན་ནས་བློ་འགྱོད་སྐྱེས་མ་མྱོང་།
                        ༤
      ཁྱོད་རང་འདས་སོང་རྗེས་སུ་ང་ལ་ཏག་ཏག་སེམས་ཁྲལ་གཅིག་ཡོད་པ་ནི།    ཁྱོད་ཀྱི་གྲོགས་པོ་ཇོ་ཤེར་ཡིན།   ཁོ་བཤད་ཡམས་དང་མི་ཁའི་བར་ནས་"འཆི་"འགྲོ་བར་ཧ་ཅང་གིས་སེམས་ཁྲལ་སྐྱེས་བྱུང་།    དངོས་གནས་སྐྱེས་བྱུང་།    ངས་ཁོ་ལ་ཁྱོད་རང་འདས་མ་ཐག་རྩོམ་ཐུང་ཞིག་ཀྱང་བྲི་བར་འདོད་མོད།རྗེས་ནས་ག་ལེར་རྣམ་གཡེང་གིས་ཁྱེར་སོང་།    རེད་དེ་གྲོགས་པོ་ལགས།     ད་ལྟ་ནི་ཁྱོད་ཀྱི་ཆེས་བཟང་བའི་གྲོགས་པོ་ཁོ་སྔར་བཞིན།     ཕྱུགས་རྗེས་ན་གསོན་ཉམས་ཀྱིས་འགྲེང་འདུག      ང་ཅག་མཉམ་དུ་རི་བོའི་ཕར་རྒྱབ་ཚུར་རྒྱབ་ནས་བགད་ཆོག 
                         ༥
      གྲོགས་པོ་ལགས། དེ་རིང་ངས་ཁྱོད་ལ་མྱ་ངན་གྱི་ཞུ་ཚིག་འདི་དག་བྲི་དུས།ན་ནིང་ནང་བཞིན་སེམས་ལ་སྐྱོ་ངལ་མི་འདུག དེ་ནི་མི་ཟེར་བ་འདི་གློ་མེད་ཅིག་ཡིན་པའི་གསལ་བརྡ་ཡིན་ཡང་སྲིད་མོད།  ངས་ཁྱོད་རང་དུས་གཏན་དུ་བརྗེད་པ་མི་སྲིད།    ཁྱོད་ཀྱི་ཆེས་བཟང་བའི་གྲོགས་པོ་ཇོ་ཤེར་གྱིས་ཀྱང་ཁྱོད་རང་བརྗེད་ཀྱིན་མི་འདུག ཟླ་གཅིག་ཙམ་གྱི་ཡར་སྔོན་དུ་ང་ཚོས་ཆང་ཡིད་ ཚིམ་པ་ཞིག་འཐུངས་པ་ཡིན།   སྐབས་དེར་ཁྱོད་རང་གླེང་བ་ཡིན།   སྐབས་དེར་ཁོའི་མིག་མཐའ་ན་མིག་ཆུ་བཞུར་གྱིན་འདུག ངའི་སེམས་ཁོང་ཡང་བརླན་སོང་།    ཁྱོད་རང་གཏན་ནས་བརྗེད་ཀྱིན་མི་འདུག ང་ཚོས་གཏན་ནས་བརྗེད་ཀྱིན་མི་འདུག 
                         ༦
      རྨེའུ་རུ་མ་ཞེས་པའི་རྔ་པའི་མེ་ཡི་ཕ་ཁྱིམ་ནས་རེ་བའི་སྐར་མ་ཞིག་གློ་རྡེག་ལ་ལོ་དེར་ནུབ་སོང་།    མི་དག་གིས་དགའ་བའི་འཛུམ་མདངས་མངོན་གྱིན་འདུག སྡེ་དེའི་ལོ་རྒྱུས་ཀྱི་ཤོག་ལྷེ་ན་ཕངས་སེམས་ཀྱི་སྐྱོ་བས་གཙེས་ཀྱིན་འདུག 
                          ༧
     གྲོགས་པོ་ལགས།   ངས་ལོ་རེའི་དེ་རིང་དང་།  ཡང་ན།   མིག་ཆུ་མོད་པའི་ཉིན་ཞག་རེ་རེ་ལ་ཁྱེད་བྲི་ངེས།ནམ་ཞིག་ངས་ཁྱོད་རང་གླེང་རྒྱུ་མེད་པར་གྱུར་ཚེ། སྐབས་དེ་ནི་བདག་གི་མི་གཤིས་ལ་གྲོང་ཁྱེར་གྱི་འབག་བཙོག་འགོས་པའམ་ཡང་ན་ང་རང་ཡང་ཁྱོད་ཀྱི་རྗེས་སུ་བུད་སོང་པ་ཡིན།
                           ༨
     གྲོགས་པོ་ལགས། དེ་རིང་ངས་ཁྱེད་ལ་མ་ཎི་དང་ཚེ་འབར་གྱིས་གཏན་ནས་ལམ་གྲོ་བརྫངས་མེད།   དེ་ནི་ཁོ་བོར་མཚོན་ན།   ཆོས་ཀྱི་གནས་ལུགས་སམ་རྒྱུ་ འབྲས་ཀྱི་རིག་པ་ལ་ཅུང་རྒྱུས་ཡོད་པས་ཡིན།ངས་དེ་རིང་ཏག་ཏག་ཁྱོད་ལ་རང་གི་ཁོག་ ན་ཡོད་པའི་སེམས་གཏམ་སྐོར་ཞིག་གིས་རྗེས་དྲན་དང་མྱ་ངན་ཞུས་ཡོད། དེ་ནི་ང་རང་ཡི་གེ་པའི་གྲལ་དུ་འཚང་བས་ཡིན་ལ།ཡང་གཅིག་བཤད་ན།ང་ལ་འདི་ལས་ལྷག་པའི་རིན་ཐང་ཅན་གྱི་རྗེས་དྲན་ཞུ་སྟངས་གཞན་གང་ཡང་མི་འདུག སྐབས་འདིར་ད་རུང་སེམས་ཀྱི་སྐད་ཆ་མང་པོ་ཞིག་ཤོད་མ་སོང་བ་འདྲ་མོད།ངས་དེ་རིང་འདི་ཙམ་གྱིས་མཚམས་འཇོག་པར་བྱ།
                         ༩
 ཕོ་ ལོ་ཉི་ཤུའི་སྟོད་ན་ཡོད་པའི་གྲོགས་རྣོ་ཚོར་ལགས་སྐུ་གཤེགས་ནས་མི་ལོ་ཧྲིལ་པོ་ གཅིག་འགོར་བར་རྗེས་དྲན་ཞུ།རྗེས་དྲན་ཞུ།རྗེས་དྲན་ཞུ།རྗེས་དྲན་ཞུ།།།
                                      2015/2/15

 

      སྤུན་དགའ་བོའི་བརྩེ་བ་ཇེ་དྲན་རེད།

སྤུན་མཆེད་རྣོ་ཚོར་འཇིག་རྟེན་དཀར་ངོཊ་དང་བྲལ་ཏེ་མི་ལོ་གཅིག་འཁོར་བར་རྗེས་དྲན་གྱི་ཚུལ་དུ།

              རྨེའུ་བཟོད་པ། མདོ་སྨད་རྔ་པ།

འཇིག་རྟེན་འདི་ཕྱི་ཁྲ་ནང་ཁྲ་རེད།།
འཚོ་བ་འདི་རེས་སྐྱིད་རེས་སྡུག་རེད།།
མི་སེམས་འདི་ཕྱི་འཇམ་ནང་རྩུབ་རེད།།
སྤུན་དགའ་བོའི་བརྩེ་བ་ཇེ་དྲན་རེད།།

གྲོགས་ན་ཟླ་འཛོམས་དུས་ཁྱེད་དྲན་གི།
ཡུལ་སྡེ་བ་གླེང་དུས་ཁྱེད་དྲན་གི།
ཁ་བདེ་མོ་ཅན་གྱི་མིར་ཐུག་དུས།།
གྲོགས་ཁྱེད་ཀྱི་ལྷད་མེད་གཤིས་དྲན་གི།

འདང་རྒྱབ་ཀྱིན་བརྒྱབ་ཀྱིན་གྲོཊ་དྲན་གི།
ཞེ་བསམ་པའི་གཏིང་ནས་ཁྱེད་དྲན་གི།
གྲོགས་དྲན་པའི་ན་ཟུག་ཙམ་པོ་ལས།།
ངས་ཅི་ཡང་མ་ནུས་ཡ་རེ་ངན།།

                         ༢༠༡༥-༢-༡༥ ཉིན།

        ༼གཅེས་ཕྲུག་ཅིག་དྲན་པ །༽

ཕ་ས་ཕ་ཡུལ །
རང་ས་རང་ཡུལ ། 
རེ་བའི་མེ་སྟག 
ཏག་ཏག་གི་མི་ལོ་ངོ་ཧྲིལ་བོ་གཅིག་འཁོར་བའི་ཁ་རྩང་ །
བློ་རིག་གི་རྟ་མཆོག་ཞོན་པའི་གཞོན་སྐྱེས་ཤིག 
བསམ་བློ་ཡི་ལོ་ཏོག་སྨིན་ཡོད་པའི་ན་གཞོན་ཞིག  
སྐད་ཅིག་མའི་བདག་ཉིད་གཅིག་ལ ། 
ཁྱེད་དང་ངའི་གཅེས་པའི་ཕ་ཡུལ ། 
ཡང་ན་འཇིག་རྟེན་འདི་ལ །
གྱེས་ཕྱག་བཞག་ཚར་རུང་ །
བློ་རྟག་པའི་ཁྱེད་རང་དྲན ། 
མི་རྟག་པ་མངོན་སུམ་ཡིན་རུང་ །
བློ་རྟག་པའི་ཁྱེད་རང་འཇིག་རྟེན་འདི་དང་ །
ཁ་བྲལ་བ་འཛིན་ནུས་ཀྱིན་མེད །
མཚམས་རེ་དྲན ། 
སྐབས་རེ་རྨིས །
ལན་རེ་ཤར ། 
གང་ལྟར །
ཕ་ཡུལ་གྱི་གཞོན་སྐྱེས་སྐོར་ཞིག་གིས ། 
ཁྱེད་ཀྱི་རེ་བ་སྟོང་ཟད་དུ་བཏང་གིན་མི་འདུག
ཕ་ཡུལ་དང་ཀི་སྒྲ་ལམ་ལ་འབུད་བཞིན་འདུག
བདེ་བདེ་ལྷོད་ལྷོད་ངང་བདེ་བར་གཟིམས །



གྲོགས་རྣོ་ཚོར་དྲན་པ་་་་་་རྨེའུ་བཀྲ་བྷེ་ནས །

 

             
           འདས་སོང་གི་གྲོགས་པོ་ཞིག་དྲན་པ། 
     
   འདང་ཆེན་གྲོགས་མཆོག་བརྩོན་འགྲུས་སམ་རྣོ་ཚོར་ལགས་སྐུ་གཤེགས་ནས་ལོ་གཅིག་འཁོར་བའི་ཉིན་མོ་ལ། 
                             
                     
                       དང་བོ། 
   ངས་འདིར་གླེང་བར་བྱ་བ་ནི་ཁྲི་མཐོན་པོ་ལས་རྨི་ལམ་གྱི་ཐོབ་སྐར་རྒྱག་པའི་སེར་མོ་བ་དག་ལ་བསྟོད་ཚོགས་སྤུངས་བ་མིན་ལ། གཉའ་གནོན་དང་བཤུ་གཞོག་ལ་གོམས་པའི་སྒེར་གཅོད་པའི་ཁྱུ་ཚོགས་ལ་ངོ་དགའ་བྱེད་པ་ནི་དེ་བས་ཀྱང་མིན། དེས་ན་འདིར་གླེང་བར་བྱ་བ་ནི་བག་ཆགས་རྙིང་ བའི་འདུ་ཤེས་ཀྱི་རྫོང་མཐུག་པའི་འབྲོག་སྡེ་ཞིག་ནས་བསམ་བློའི་ཤེས་རྟོགས་ལ་སད་ རྟོགས་བྱུང་བའི་ཕྱུགས་རྫི་ཞིག་ཤེས་མེད་ཚོར་མེད་ངང་གློ་བུར་དུ་འཇིགས་རྟེན་ མི་ཡུལ་དང་ཞལ་གྱེས་བ་དང་ཁོས་རང་རིགས་ལ་བཅིངས་བའི་ལྷག་བསམ་དང་སྙིང་སྟོབས་ སོགས་ཡིན། ༢༠༡༢ལོར་ཁོའི་འུ་ཚོོའི་འཚོ་གནས་དང་འཕེལ་ རྒྱས་ཀྱི་ཕྱིར་དུ་བསམ་གཞིག་གི་དབང་ཆ་གཞན་ལ་མ་བྱིན་པར་དཔྱོད་ཤེས་ཀྱི་དར་ཆ་ ཕྱར་ཏེ་གཉིད་ལས་མ་སད་པའི་རྨེའུ་རུ་མ་འབྲོག་སྡེ་ནས་བསམ་བློའི་གསར་བརྗེ་ཡི་ གོམ་པ་དང་པོ་སྤོས་ནས།འགལ་ཟླ་དྲག་སྤྱོད་སེལ་བར་བྱེད་པའི་ཐབས་ལམ་དུ་ནང་དམེ་ མི་བྱེད་པའི་དམ་བཅའ་དང་། ལྷག་དོན་ལྟ་བ་མཉམ་གནས་ཀྱི་རང་རང་གི་ལྟ་ཚུལ་གསང་བོར་བརྗོད་སའི་གཟའ་ལྷག་པའི་ཁ་བརྡ་ཞིག་བཙུགས་ནས། ཕྱི་ནང་གཉིས་ཀྱི་སྒེར་གཅོད་ལམ་ལུགས་དང་། གཉའ་གནོད་བཤུ་གཞོག་ལམ་ལུགས་གཉིས་གཞི་རྩར་བཟུང་བའི་ཐོག་ནས། འུ་ཚོ་རྗེས་ལུས་ནས་ཡང་ལུས་སུ་གྱུར་བའི་གཞི་རྩ་མཐར་གཏུགས་ན་བག་ཆགས་རྙིང་བ་ལས་གཞན་ལ་ཁག་དཀྲི་བྱེད་ས་མེད་པས། བག་ཆགས་རྙིང་བ་སོགས་ལ་དགག་གཞག་གི་མདའ་མོ་འཕངས་བས། བོད་མིའི་སྤྱོད་བཟང་རྒྱུན་འཛིན་ཚོགས་པས་རྒྱང་འཕུད་བཏང་བ་དང་། གཞན་ཡུལ་དེའི་གསར་བུ་སྐོར་རེས་མགོ་སྐོར་སོགས་ཕྱར་ཏེ་རྡུང་རྡེག་སོགས་ཀྱི་སྤྱོར་བ་བརྩམས་པའི་གནས་ཚུལ་དང་། དགོན་གྲོང་གཉིས་ཀྱིས་ལྟ་ལོག་པ་དང་དམ་ཉམས་སོགས་ཀྱི་ཞྭ་མོ་སྣ་ཚོགས་བསྐོན་ནའང་། གནས་ཚུལ་དེ་རིགས་ནི་གཉིད་ལས་མ་སད་པའི་ འབྲོག་སྡེ་ཞིག་ནས་ཆེས་སྤྱིར་བཏང་གི་ལམ་བུ་ཞིག་ཡིན་པ་ལ་ངོས་བཟུང་བ་ཁོའི་ནོར་ ནག་གི་ལྷས་འདབ་ནས་མི་ཡུལ་ལ་བྲིས་བའི་རི་མོ་ཞིག་རེད་འདོད།
                         གཉིས་པ། 
      སྤྱིར་འཇིག་རྟེན་གྱི་ཁམས་འདིར་གནས་པ་མཐའ་དག་སྐད་ཅིག་ཉིད་ལ་མི་སྡོད་པའི་རང་བཞིན་ཅན་མ་གཏོགས། མི་འགྱུར་བ་དང་མི་འཇིགས་པའི་ངང་གནས་ཐུབ་པ་ནི་གཅིག་ཀྱང་མེད་པ་རེད། དེའི་ཕྱིར་མི་རྒས་ནས་འཆི་བ་དང་། གཞོན་དུས་འཆི་བ་ཡང་ཆོས་ཉིད་ཅིག་རེད་མོད། འོན་ཀྱང་འདས་བོ་རྣོ་ཚོར་རམ་བརྩོན་འགྲུས་ ཀྱི་འཆི་རྐྱེན་ནི་བྱིས་བའི་ཚུལ་བབ་ལས་མ་གྲོལ་བའི་བླུན་རྨོངས་བ་དང་ལྟ་བ་ མཁྲེགས་འཛིན་ཅན་སོགས་ཀྱི་ལྷ་སྲུང་སོགས་ཀྱི་བཀའ་ཆད་དང་མཐུ་བྱད་སོགས་ཡིན་རབས། དུས་རྒྱུན་ཁོ་ཚོའི་མ་ཎི་རྡོ་བ་ལས་ཀྱང་མང་ཚོད་འདུག ཇི་འདྲའི་དགོད་སྤྲོ་བ་ཞིག་ལ། ང་ཚོའི་ཕ་ས་གསེར་ནག་གི་རི་བོ་འདྲ་བོ་རྒྱ་ དམར་གྱི་བཙན་འཛུལ་བྱས་ནས་ཕ་མེས་ཡང་མེས་ཚོའི་ཤ་ཁྲག་རུས་གསུམ་གཏོར་དུས་ལྷ་ སྲུང་སོགས་ཀྱི་མཐུ་བྱད་གང་དུ་ཡལ་སོང་། གཞན་ནང་དམེ་ཁྲག་གི་འཁོར་ལོ་སྐོར་ཞིང་ནང་མི་གཡོ་འཚོང་གི་ལས་ལ་བརྩོན་ཞིང་། འབྲོག་པའི་ལྷས་འདབ་ནས་རྐང་འཇབ་ལག་འཇབ་ བྱེད་པའི་རྟ་རྐུན་དང་ཟོག་རྐུན་སོགས་ལ་མཐུ་བྱད་དང་བཀའ་ཆད་སོགས་མེད་པར་ཏག་ཏག་ བདེན་པ་ལ་བློ་དཀར་བའི་སྐྱེས་བུ་ཞིག་ལ་མཐུ་བྱད་དང་བཀའ་ཆད་སོགས་ཡོད་ཟེར་ན་ ཁྱོད་ཚོས་བཤད་བཞིན་པའི་ལྷ་སྲུང་སོགས་ཀྱི་མཐུ་བྱད་དང་བཀའ་ཆད་ཡང་སྙིང་ཇི་འདྲ་ ཞིག་ཡིན་པ་ཧ་གོ་མི་ཡོང་ངམ། 
            གསུམ། 
     རྒྱལ་ཤོར་བྲན་གཡོག་ཏུ་གྱུར་བའི་མི་རིགས་ཀྱི་རྒན་རབས་པ་སྐོར་རེའི་རྔམ་སེམས་ཀྱིས་མགོ་བོ་སྦོས་ཀྱིན་འདུག་ལ། རྩོམ་འབྲི་བའམ་བསམ་བློ་བར་བསྙད་པ་རེའི་བླ་སྲོག་བཙོངས་ནས་ཁེ་དྲགས་གཉེར་བཞིན་འདུག འདིའི་རིགས་ནི་ཁོ་ཚོའི་མཚན་སྙན་གྲགས་ལ་གཅེས་སྤྲས་བྱེད་པའི་ལག་ཆ་དང་། རིགས་གནས་མེད་པའི་མི་ཕལ་བ་ལ་ཆེད་དུ་ཕུལ་བའི་ལེགས་སྐྱེས། འཚོ་བའི་ཐད་ནས་རྩ་དོན་ཁ་ཤས་ལ་བརྩི་སྲུང་བྱེད་པའི་མཐུན་རྐྱེན་དང་། ཡང་མིན་ན་ཁོ་ཚོའི་རིགས་གནས་དཔལ་ཡོན་དར་ཆེ་བའི་གཉུག་སེམས་ལ་བསྒྱུར་ཕྱོགས་བཏང་བཞག་པ་ཡིན་ན་ཐང་། གང་ལྟར། ཕྱི་ནང་གི་རླུང་བུ་དྲག་ཏུ་ལྡིང་བའི་སྐབས་འདིར། ཁྱེད་རང་བཞུད་སོང་བ་ཡང་བདེ་སྐྱིད་ཅིག་རེད་འདོད། བདེ་སྐྱིད་ཅིག་རེད་།                                              མི་ཁ་དང་བཤད་ཡམས་ཀྱི་ཀློང་ནས་སྐྱིད་སྡུག་མཉམ་གཤིབ་ཀྱི་གྲོགས་པོ་རྣོ་ཚོར་འདས་ནས་མི་ལོ་གཅིག་ལོན་པའི་ཉིན་མོ་ལ་མྱ་ངན་ཞིག་གི་ཚབ་དང་། གཞན་ཁོང་གི་འཆི་རྐྱེན་ཡང་ལྷ་འདྲེ་གདོན་གསུམ་གྱི་མཐུ་ཡིན་མདོག་གི་སྐད་ཆ་འཆད་མཁན་དག་ལ་བརྡ་ཞིག་གི་དོད་དུ།

གངས་གཡག་གམ་ཇོ་ཤེར་ཏུ་འབོད་པའི་ཁ་བཀྲམ་པའི་ཕྱུགས་ཁྱུ་དང་ལྷན་རི་སྒང་ཞིག་ཏུ་སྤྱར།  

 

 

དྲན་པ་སྔར་བཞིན། 

གྲོགས་མཆོག་རྣོ་ཚོར་རམ་གནོད་སྦྱིན་ནག་པོ་ལགས་འདས་ནས་མི་ལོ་ཧྲིལ་བོ་གཅིག་འདས་པར་བྲིས། 

      ཉིན་དེར་ཁོ་བོ་མི་མང་འདུས་སྡོད་ཆེ་ས་ཞིག་ན་ཡོད་མོད། ཏག་ཏག་གློ་བུར་དུ་ཁ་པར་གྱི་འབོད་བརྡ་ཞིག་གསལ་ལ་མི་གསལ་བར་གྲག་བྱུང་། སྐབས་དེར་མིག་གི་ཡུལ་དུ་གྱུར་པ་ནི་གྲོགས་མཆོག་ཁྲག་ཐིགས་ལགས་ཀྱི་ཁ་པར་ཨང་གྲངས་ཡིན་པ་ཤེས་འདུག་པས། ངས་ཁ་པར་ལ་སྤྲོ་སེམས་དང་བཅས་ཉན་པ་ཡིན་མོད། ཡིད་སྐྱོ་ཞིང་གློ་བུར་བའི་གཏམ་ངན་ཞིག་ཐོས་པ་ནི། ཁོ་བོ་དང་ཤ་འདྲེས་སེམས་འདྲེས་སུ་གྱུར་པའི་ན་གཞོན་པ་གྲོགས་མཆོག་རྣོ་ཚོར་རམ་གནོད་སྦྱིན་ནག་པོ་ལགས་འཇིག་རྟེན་མི་ཡུལ་དང་གཏན་དུ་གྱེས་པའི་སྐད་ངན་དེ་གོ་བྱུང་། སྐབས་དེར་ཁོ་བོ་སྟབས་སྟབས་པོར་གྱུར་ཅིང་ཐབས་ཟད་ཨུ་ཐུག་ཙམ་གྱིས་ཨ་འདྲི་གཏིང་འདྲི་ཡང་ཡང་བྱས་པ་ཡིན། ཡིན་ནའང་སྡུག་གི་མུན་པ་མགོ་ཐོག་ཏུ་ཤར་ཟིན་དུས་དེ་ལ་ལྡོག་ཐབས་ཅི་ཡོད་དེ་རྩ་བ་ནས་མེད། ཡིན་ནའང་གྲོགས་པོ་ཁོང་ཕངས་སེམས་ཀྱི་སེམས་ བྱུང་དེའི་དབང་གིས་སྐད་ཆ་དེ་བདེན་པར་འཛིན་མི་སྤོབས་པ་ལྟ་བུའི་ཚོར་བ་ཤུགས་ དྲག་ཅིག་ཀྱང་དེ་མ་ཐག་ཏུ་སྐྱེས། ཁོང་མ་འདས་ཤིང་ཕ་ཡུལ་དང་ཁ་མ་བྲལ་བའི་སྔོན་དུ་ངེད་གཉིས་མཉམ་འགྲོ་མཉམ་འདུག་གི་ཇ་ཁང་ཉུལ་ནས་རང་རང་གི་བསམ་ཚུལ་བཤད་ཅིང་། རྡོ་སྟེགས་ཁང་དག་བརྒྱུད་ནས་རྩེད་མོའི་འགྲན་འཛུག་པ་བཅས་ཁོ་བོའི་གྲོགས་དག་ལས་ཁོང་ལ་འགྲོག་པ་རྒྱུན་རིང་ཙམ་ཡིན། ཉིན་ཞིག་ཁོང་གློ་བུར་དུ་སློབ་སྦྱོང་གི་ལམ་ལ་ཆས་སོང་། ལམ་ལ་ཆས་པ་དེ་གཏན་དུ་ལམ་ལ་ཆས་སོང་བ་ཡིན་པ་སུ་ཡིས་དཔག་ནུས་སམ། 

      གང་ལྟར། ད་ནི་ཁོང་འདས་ནས་མི་ལོ་ཧྲིལ་བོ་གཅིག་འདས་སོང་ལ། འདས་སོང་གི་ལོ་ངོ་གཅིག་གི་རིང་ཁོ་བོའི་གཉོམ་སེམས་ཀྱིས་ཡང་དང་བསྐྱར་དུ་དྲན་འོས་པའི་གྲོགས་པོ་ཁོང་དྲན་གྱིན་འདུག ཁོང་གིས་ཁོར་ཡུག་ལ་བཅིངས་པའི་སེམས་པ་དང་དེས་བསྐྱེད་པའི་ན་ཟུག་གླེང་བའི་རྣམ་པ་དག་ཡང་དང་ཡང་དུ་དྲན་གྱིན་འདུག ཁོང་ནི་མི་རིགས་གླེང་ན་སྙིང་རྩ་མི་འདར་ཞིང་། ཁོར་ཡུག་བརྗོད་ན་སྤོབས་པའི་གདངས་མི་ཡལ་བའི་ན་གཞོན་རུས་པ་ཅན་ཞིག་ཡིན། དེང་སྐབས་ཀྱི་ན་གཞོན་ཡིན་ཟེར་མཁན་ཚོའི་ཁྲོད་ན་ཁོང་འདྲ་བའི་ན་གཞོན་སྤོབས་པ་ཅན་ག་འདྲ་ཡོད། ངས་བལྟས་ན་ཧ་ཅང་ཉུང་ཉུང་ཡིན། ཡིན་ནའང་ཁོང་མི་ཡུལ་དང་ཁ་གྱེས་པ་སྔ་སོང་། ང་ཚོ་དང་ཁ་གྱེས་པ་དེ་བས་སྔ་སོང་། བཞུད་སྔ་བའི་ཁོང་གིས་འོད་སྟོང་ལྡན་པའི་ཕུགས་འདུན་འཕྲོ་མ་ཞིག་བཞག་ནས་ང་ཚོ་དང་གཏན་དུ་གྱེས་སོང་། ལོ་ཟླ་ནག་པོ་ནག་པོ་ཞིག་ལ་འཁོན་སེམས་དང་བཅས་གློ་བུར་དུ་གྱེས་སོང་། ཕང་སེམས་འདི་རང་ཉིད་ཀྱི་ཀུན་རྟོགས་སེམས་ཀྱི་སྣང་ངོར་འཆར་ཐེངས་རེ་ལ། སྨྲ་བསམ་བརྗོད་བྲལ་གྱི་ན་ཟུག་ལྕི་མོ་ཞིག་གིས་ལུས་སེམས་ཡོངས་རྫོགས་སྤྲིད་པར་བྱེད་འགྲོ། དངོས་གནས་བཞུད་སྔ་བའི་གྲོགས་པོ་ཁོང་ནི་རྨི་ལམ་གསར་པ་ཞིག་གི་ལམ་སྣེ་ཟིན་མ་ཐག་པ་ཡིན་མོད། ཟླ་ངོ་ཁ་ཤས་ཀྱི་དུས་ཚོད་ནང་དུ་ཁོང་གིས་བརྡ་སྤྲོད་ཆེད་སྦྱང་གི་བརྩོན་པ་དང་གྲུབ་འབྲས་ཀྱིས། གཉོམ་ཆུང་གི་ཁོ་བོའི་སེམས་ན་སྔ་ན་མེད་པའི་རེ་བ་མཐོ་རུ་བཏེགས་མྱོང་། མ་གཞི་ཁོང་ནི་འབྲོག་ས་ནས་ཡོང་བའི་འབྲོག་ ཕྲུག་དཀྱུས་མ་ཞིག་ཡིན་ལ་ཁོང་ལ་ཁོང་ཅག་གི་ས་གནས་དང་འབྲོག་ཁུལ་གྱི་འཚོ་བའི་ རྒྱབ་ལྗོངས་ལ་རྒྱུས་མངའ་ཧ་ཅང་ཆེ་བའི་ནོར་རྫི་ཞིག་ཀྱང་ཡིན། དེའི་ཕྱིར། འཚོ་གནས་ཀྱི་ཟུར་ཁ་མང་པོ་ཞིག་ན་ཆག་གྲུམ་ཤོར་བའི་རྣམ་པ་དེ་དག་ཡིད་ལ་རབ་ཏུ་བསྣག་པས། ཁོས་ཡང་དང་བསྐྱར་དུ་ཕ་ཡུལ་དང་འབྲོག་དམངས་ཞེས་ཤུགས་རིང་འབྱིན་སྲིད། དེ་ནི་ཁོང་རང་ཉིད་ཀྱིས་རབ་ཏུ་གཅེས་པར་འོས་པའི་ལོ་རྒྱུས་ཤིག་བདག་ཉར་བྱས་པ་རེད་ལ། ཁོར་ཡུག་ཅིག་ལ་རྟོགས་པ་གང་ཞིག་སད་དགོས་པའི་བརྡ་རྟགས་ཤིག་འཛུགས་པའི་ཆེད་དུའང་ཅི་ལ་མ་ཡིན། 
ཁོང་གི་ཕ་ཡུལ་ནི་ཡིག་རྨོངས་པ་རབ་ཏུ་མོད་པའི་འབྲོག་ས་ཞིག་ཡིན་ལ། འབྲོག་ས་དེ་ནི་ཤེས་ཡོན་ལ་བརྩོན་པའི་མི་བུ་ཧ་ཅང་ཉུང་པའི་ས་ཆ་ཞིག་ཀྱང་ཡིན། ས་ཆ་དེ་ན་ཡོད་པའི་སློབ་མ་མང་ཆེ་བ་རྒྱའི་སློབ་གསོའི་གྲིབ་ནག་འགོས་པའི་རང་བཙལ་མཁན་དང་རང་རིགས་བརྗེད་མཁན་ཏག་ཏག་ཡིན་པས། ཁོང་གིས་རྟག་ཏུ་དེ་དག་སྡང་བར་བྱེད། 

        སྤྱིར་ན་ལོ་གཅིག་གི་འགོར་བའི་དེ་རིང་མང་པོ་ཞིག་བཤད་རྒྱུ་ཡོད་མོད། འོན་ཀྱང་ད་ནི་གཞི་ནས་རང་ཉིད་ལ་ཐ་སྙད་ཀྱིས་སྟོང་བ་ལྟ་བུའི་ཚོར་ཤུགས་དྲག་པོ་ཞིག་གིས་ཅི་བཤད་འདི་བཤད་མེས་པ་ལྟ་བུ་ཞིག་ཏུ་གྱུར་འདུག གང་ལྟར་ཁོང་འདས་ནས་ལོ་གཅིག་འདས་དེ་རིང་ནི་འུ་ཅག་གིས་གྲོགས་པོ་ཁོང་དྲན་འོས་ལ། ཕ་ཡུལ་ལ་དང་ཤིང་ཕ་ཡུལ་གཅེས་པའི་ཁོང་དྲན་འོས། ད་དུང་གྲོགས་པོ་དག་ཕྱི་ཐག་རིང་བའི་ཁོང་ཉིད་དྲན་འོས། 

གྲོགས་མིང་བ་གསའ་རང་འབར་གྱིས་ཐེན་ཆོན་གྲོང་ནས་མགྱོགས་པོར་བྲིས། 

 

           མུན་ནག་དང་ཁྱོད་ཀྱི་ལམ།

 

 གྲོགས་རྣོ་ཚོར་འདས་ནས་ལོ་གཅིག་འགོར་བ་ལ་དྲན་པ་ཞིག་གི་ཚུལ་དུ་བྲིས།

                    ཚེར་མ།༼རྔ་བ༽
ལོ་ངོ་གཅིག་གི་ཡར་སྔོན་དུ
མེ་ཏོག་ལྟར་སྐྱེས་ཡོང་བའི་མི་ཞིག་ཡོད
ད་དུང་  རྨི་ལམ་ལ་རྒྱང་ཐག་རིང་བའི་མི་ཞིག་ཡིན

ད་ལྟ ངས་སྲང་ལམ་དུ་ཆང་མཆོད་བྱེད་ཀྱིན་ཡོད
མཆོད་ཁྲིའི་སྟེང་ལ་དུ་བ་བསྒྲོན་ཡོད

ང་རང་ཁྱོད་ཀྱི་མུན་པ་དཀྲོག་མཁན་དེ་མ་ཡིན་ཀྱང་
ཁྱོད་རང་སོང་ཤུལ་དུ་ཆང་མཆོད་བྱེད་མཁན་དེ་ཡིན
ཆེས་སྙིང་སྡུག་པའི་མི་ཞིག་གིས
ཁྱོད་རང་སོང་ཤུལ་དུ་སྙན་ངག་འབྲི་བཞིན་ཡོད

                          2015-2-14

 


        ཁྱེད་རང་འཇིག་རྟེན་གཞན་ཞིག་ན་ཡོད་དམ། 


———————འཆི་བ་ཀུ་རེ་མི་རྩེ་མཁན་ཞིག་ཡིན་པས། འཆི་བའི་མདུན་ནས་མི་སུ་ཡང་ཕྱིར་ལོག་ཐུབ་མེད། དེ་བས། འཆི་བའི་ཞགས་ཐག་སུ་ཞིག་སྐེ་ལ་ཐོགས་པ་ཡིན་ན་མི་དེ་དུས་གཏན་དུ་ཕྱིར་ཡོང་མེད་པའི་ལམ་ཞིག་ལ་བརྫངས་བར་ངེས། འདི་ནི་ཆོས་ཉིད་བདེན་པ་ཡིན་པས་རྒོལ་བར་གཏན་ནས་ནུས་པ་མིན་ནོ།།

         དེ་རིང་ནི་ཁྱེད་རང་ཤི་ནས་མི་ལོ་གཅིག་འགོར་བའི་ཉིན་མོ་རེད།  ཏག་ཏག་ཕོ་ཚོད་དང་ལང་ཚོ་དར་བའི་ཁྱེད་རང་མི་ཡུལ་དང་ཁ་གྱེས་ནས་མི་ལོ་གཅིག་འགོར་ཟིན་པ་རེད། གལ་ཏེ་འཆི་བ་ནི་ཀུ་རེ་ཐེངས་གཅིག་ཡིན་ན་ཁྱེད་རང་གཏན་ནས་ང་དང་གྱེས་ཡོད་མི་སྲིད་ལ། སྙིང་ཉེ་བའི་ཕ་མ་དག་དང་གཏན་ནས་གྱེས་ཡོད་མི་སྲིད། དོན་གྱིས་འཆི་བ་ན་ཀུ་རེ་རྩེ་མཁན་ཞིག་གཏན་ནས་མིན་པས། ཆོས་ཉིད་ཀྱི་བདེན་པ་འདི་རྒོལ་བར་གཏན་ནས་མི་ནུས་སོ།  །

      གྲོགས་པོ་ལགས། ཁྱེད་ཉིད་འཇིག་རྟེན་གཞན་ཞིག་ན་ཡོད་སྲིད་དམ། ཡོད་ན་ཡུལ་དེ་རུ་ཆང་དང་བུད་མེད་ཡོད་དམ། ཡུལ་དེ་ནས་ཁྱེད་ཀྱི་"ཁ་བའི་མེ་ཏོག"་འཐུང་ཐུབ་བམ། སྙིང་ཉེ་བའི་དགའ་རོགས་ཤིག་རྙེད་ཡོད་དམ།   ད་དུང་སེམས་པ་ཉེ་བའི་གྲོགས་པོ་འགའ་ཡང་རྙེད་ཡོད་དམ།  ཅིག་ཐང་ན་འདི་དག་ཚང་མ་གཏན་ནས་ཡོད་མི་སྲིད། གྲང་ངར། མུ་གེ མྱ་ངན། སྡུག་བསྔལ་སོགས་ལས་ཅི་ཡང་ཡོད་སྲིད། ཅི་ཡང་མེད་ཚེ་ཁྱེད་ལ་སྡུག་བསྔལ་ཁོ་ནས་འདུག་རོགས་བྱས་ཡོད་སྲིད། 

        མི་སུ་ཞིག་ཡིན་ཡང་འཆི་བ་དང་ལེན་བྱེད་དགོས་ཡོད།   སྐྱེས་པ་ནས་མི་གསལ་བའི་ངང་ནས་འཆི་བར་བསུ་མ་བྱེད་བཞིན་ཡོད། འདི་ནི་ཆོས་ཉིད་ཟེར་བའི་ཐ་སྙད་གདུག་རྩུབ་ཅན་དེའི་ཉེས་བ་རེད། ཉེས་པ་འདི་ཁྱེད་དང་ང་ཁོ་དང་ཁོ་མོ་སོགས་སུ་ལ་གུ་ཡངས་མེད་པར་ཐམས་ཅད་ལ་འདྲ་མཉམ་དུ་ཡོད་དོ།།

ཁྱེད་རང་བུད་སོང་ན་ཡང་ད་དུང་ཁྱེད་ཀྱི་འཛུམ་མདངས་ཤིག་ཤུལ་དུ་ལུས་ཡོད་པས། ང་གཏན་ནས་གྲང་གིན་མེད།

    ༡༠༡༥/༢/༡༥ཉིན་མི་ཁོམ་པའི་བར་ནས་འདས་པོ་རྣོ་ཚོར་ལ་བརྫངས་པ།
        
  ཁྱེད་ཀྱི་རྐང་རྗེས་གཏན་དུ་གཟིམ་པ་མེད་པར་ཤོག
                  2015.1.15__

__སོ་རུ་ཐོགས་མེད།
       སྤྱིར་མི་ཞིག་སྐྱེས་པའི་ལན་དུ་འཆི་བ་ཡོད་པ་ནི། བཙན་པོའི་སྟོབས་དང་། ཕྱུག་པོས་བསླུ་བྲིད། དཔུང་གིས་གཡོ་ཇུས་སོགས་མ་རུང་མ་འགྲིག་པའི་ཐན་ལྟས་གང་ཡང་མིན་པར་མཆོག་དམན་ཀུན་གྱི་ཐོག་ཏུ་ཡོད་པའི་ཆོས་ཉིད་རྡོག་རྡོག་ཅིག་རེད། དེ་བཞིན་བཞུད་ཚར་བའི་གྲོགས་ཀྱང་མ་འདས་མ་འཇིག་པའི་སྔོན་དུ་ཤ་ཁྲག་གདོས་བཅས་ཀྱི་གྲུབ་པ་ཤ་སྟག་ཡིན་ཙང་། དུས་ཀྱི་སྔ་ཕྱི་ཙམ་ལས་ནམ་ཞིག་བཞུད་དགོས་པ་ཆོས་ཉིད་ལོས་ཡིན་ཨང་།  ངས་ཀྱང་དོན་དེ་དང་གནས་ལུགས་དེར་གཞིག་ སྟེ་དེ་རིང་འདི་ནས་བཞུད་སྔ་སོང་ཞེས་སྡུག་ངག་དིར་དིར་འདོན་གྱིིན་པ་ལས་ཚོར་བ་ དང་ཡང་ན་སེམས་ཁྲལ་གང་ཡང་མེད་པར་བཙན་དང་ཤེད་ཀྱིས་མྱ་ངན་ཞུ་གི་རྦད་དེ་མེད། ཅི་ལ་བཞུད་སྔ་སོང་ཟེར་ན་གཏོས་ཆེ་ལ་ཕུགས་རིང་པའི་རྨི་ལམ་མཐུག་པོ་ཞིག་མ་འགྲུབ་མ་རྫོགས་གོང་། འཇིག་རྟེན་གྱི་ཉི་འོད་དང་ཡང་ན་འཚོ་བ་ལ་བཞི་ཤད་འབྲི་སྔ་སོང་ཞེས་ཡང་དང་བསྐྱར་དུ་ཟློ་ཡི་ཡོད། ཉིད་ཀྱི་གཉེན་ཉེ་དང་ངོ་ཤེས་མ་ཤེས་ཀྱི་རྐང་ གཉིས་མངས་པོ་ཞིག་ལ་ཕོག་ཐུགས་སམ་ཡང་ན་ཟུག་གཟེར་མང་པོ་མང་པོ་བསྟབས་ཏེ་རྐང་ གཉིས་དེ་ཚོའི་མིག་ལམ་དུ་ཆུང་ཆུང་ལས་ཆེ་ཆེ་ཞིག་མ་གྱུར་སྔོན་བཞུད་སྔ་སོང་ཞེས་ དབུགས་རིང་འཐེན་གྱིན་ཡོད། ཁྱེད་ཉིད་གོ་ལ་འདིར་ཡོད་དུས་གདོང་ལ་མཆིལ་ བཞགས་དང་མགོ་ལ་རྡོག་ཐོ་སྦྲན་མཁན་གྱི་མ་རུང་གཏེ་བོ་དེ་ཚོ་ལ་བདེན་པའི་ཨ་ལན་ ཞིག་མ་བྲིས་སྔོན་བཞུད་སྔ་སོང་ཞེས་རྔམ་པ་བརྡོལ་གྱིན་ཡོད། མདོར་ན་སྐུ་ཉིད་ནི་བཤད་ཕོད་པ་དང་། སྒྲུབ་ཕོད་པ། ལས་ཕོད་པ། བསམ་ཕོད་པའི་སྟག་ཤར་དར་མ་ཞིག་ཡིན་པས་ང་ཚོ་ལ་ཤིན་ཏུ་རབ་ཏུ་མཁོ། ཡིན་ན་འང་........བཞུད་སྔ་སོང་། ད་ཅི་བྱེད་ཀྱེ་...གྲོགས་རྣོ་ཚོར་ལགས་ཁྱེད་ཀྱི་རྐང་རྗེས་གཏན་དུ་གཟིམ་པ་མེད་པར་ཤོག   གཏན་ནས་གཏན་དུ་..........།........།།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
urjx བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བདེན་འཚོལ། སྤེལ་དུས:2015/2/16
རྗེས་སུ་དྲན་པར་བྱ།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41571865
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1