རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་དྲུག་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་དྲུག་པ།
རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་དྲུག་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/23ལྟ་ཀློག (2409)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༈ རི་གྲོང་གི་སྙན་ངག

           __
དྷཱིཿཚ། རྨོག་སངས་རྒྱས་རྒྱ་མཚོ།

དེ་རིང་སྐྱིད་སྡུག་སྣང་བ་མཁའ་རུ་ཟགས།།
ཉི་མ་སུམ་བརྒྱ་དྲུག་བཅུའི་དུས་ཡུན་འདས།།
ཕར་དང་མར་ལ་རླུང་རྟའི་མེ་ཏོག་བཙུགས།།
མི་ཚེའི་དབྱངས་རྟའི་ཆོ་ག་ཟབ་མོར་དཀྲོལ།།

དཀར་དཀར་རུས་པའི་སྟེང་ལ་མུ་ཏིག་ཕབ།།
ནག་ནག་སྐྲ་ལོའི་འདབ་མ་རླུང་ལ་བསྐྱོད།།
མེ་ལྕེ་དམར་པོའི་སྟེང་གི་བསང་མེ་འདི།།
མི་ཚེ་བཀྲ་ཤིས་གཡང་གི་འཁོར་ལོ་ཡིན།།

འཇིག་རྟེན་སྣང་བའི་འགྲོ་ཕྱོགས་ཙམ་ཡིན་ཀྱང་།།
འདི་ལ་རྟེན་འབྲེལ་འགྲིག་པའི་གཞི་གཅིག་ཡོད།།
ཚེ་རབས་ལས་འཕྲོ་སྔོན་མོའི་རྒྱུ་དང་བཅས།།
ཡི་དམ་སངས་རྒྱས་ཞིང་དུ་མཆོད་པ་འབུལ།།

ཉི་མའི་འོད་ཟེར་ཐིགས་པ་ས་གཞིར་འཕྲོས།།
ཟླ་བའི་དག་གཙང་མེ་ལོང་ངོས་ལ་སྣང་།།
སྐར་ཚོམ་ཁྲ་ཁྲ་མང་པོའི་དཀྱིལ་གྱི་ང་།།
ད་ནི་དགུང་དུ་བརྒལ་བའི་སྣང་བ་འདྲ།།

གངས་སེང་གཡུ་རལ་སྔོན་མོ་གཡས་སུ་འཁྱིལ།།
ཚེ་ཡི་གཤོག་པའི་འདབ་མ་ཡར་ལ་འཕུར།།
གསེར་གྱི་མདའ་མོའི་སྐེད་ཀྱི་དར་ལྕོག་འདི།།
རླུང་ལ་བསྐྱོད་ན་བསམ་དོན་དེ་བས་འགྲུབ།།

དེ་རིང་སྡོང་གི་བྱེའུ་འི་ཚང་མལ་འཇམ།།
རི་གྲོང་སྐྱ་བོའི་མདོག་ལ་ཚོན་ཞིག་སྤྲས།།
ཤེལ་དམ་དྭངས་མའི་ནང་གི་འོ་མ་ཡང་།།
དཀར་ཡོལ་འབྲུག་རིས་ནང་ལ་ལྷོད་ཀྱིས་ཆགས།།

ང་ནི་ཟླ་བའི་སྐེད་དུ་ཞོན་པ་འདྲ།།
ཁོ་ཡང་སྐར་མའི་ཚོམས་སུ་བཞད་པ་འདྲ།།
བརྩེ་བ་དར་ཚོན་རི་མོའི་འཇའ་ཚོན་ཡང་།།
མཁའ་དབྱིངས་དྭངས་མའི་ངོས་སུ་ལྷོད་ཀྱི་ཤར།།

               2015/12/29/
ཉིན་རྨོག་རུ།
༈ རྨི་ལམ་གྱི་གཡང་།

            __
རྨོག་སངས་རྒྱས་རྒྱ་མཚོ།

ལམ་ཕྲན་གྱ་གྱུའི་སྨྱུག་ལྗོངས་དུས་ཚོད་འདས།།
ཚོར་འདུའི་ཕྱིར་དྲན་སྐོར་ཞིག་ཕྱོགས་སུ་ཡལ།།
རེས་དཀར་ཆོས་འཁོར་བརྩེགས་མའི་ལྷ་དར་འདི།
འཛུམ་དང་སྣང་སྟོང་བཀྲ་ཤིས་གཡང་ལ་བསྐྱོད།།

བྱེའུ་ཚོགས་གཤོག་སྒྲོ་ཟད་པོ་ས་རུ་ཟགས།།
མི་ཚེ་རབ་རིབ་རང་གཤིས་རྒྱང་དུ་ཟློག།
འཚོ་བའི་མེ་ལོང་སེར་པའི་བཤུལ་ལམ་དུ།།
དེ་རིང་ཉི་ཟེར་ཐིགས་པ་ཏོག་ཙམ་འཆར།།

ཆགས་སྡང་སྣ་མང་ལོ་ཟླའི་ཁམས་སུ་སྐྱེས།།
ལས་སྐལ་རྟེན་བཟང་མི་ལུས་ཙམ་ཞིག་ཐོབ།།
མྱ་ངན་ལྕི་མོའི་རི་ཆུའི་ནགས་གསེང་དུ།།
བརྩེ་ཆེན་བྱམས་པའི་མེ་ཏོག་སྙིང་ཁར་སྐྱེས།།

ཟབ་བརླིང་སྒོམ་པའི་སྣང་བ་དབྱངས་སུ་འདྲེས།།
སྟོང་འཇགས་མར་ཁུའི་རྒྱ་མཚོ་འོད་དུ་སྒྲོན།།
དྭངས་གསལ་ཤེལ་སྒྲོམ་ནང་གི་སྟོན་སྐུ་ལ།།
དོན་ལྡན་མཆོད་པའི་མེ་ཏོག་སྨོན་ལམ་བཏབས།།

སེམས་ཁྲལ་གྲངས་མེད་སྐྱོ་བ་གཟུགས་སུ་གྲུབ།།
སྐྱེ་འཆིའི་ངེས་མེད་འཕོ་འགྱུར་རླུང་དང་བསྲེས།།
སེམས་ཉིད་རྩེ་གཅིག་མདའ་མོའི་རྣོ་ཁ་དེས།
སྨྲེང་སྐྱོ་ཤམ་ཤམ་ལོ་ཟླ་འདས་སུ་བཅུགས།།

བར་སྣང་མེ་ཏོག་ཕོ་བྲང་དེ་རིང་བཞེངས།།
རང་སེམས་སྤྲོ་སྐྱིད་སྣང་བ་དེ་རིང་སྒྲིག།
ལྷིང་འཇགས་རྨི་ལམ་དཀར་པོའི་རི་ཁ་ན།།
སྡེར་ཁའི་མུ་ཏིག་ཕྲེང་བ་སྒྲིག་པ་འདྲ།།

གླག་རྒོད་སྡེར་ལྕགས་རྣོ་ཁའི་བྲག་རི་གཞོམ།།
སྤྱང་ཀིའི་ངུ་སྐད་ཟུག་རྔུའི་ས་གཞི་འདར།།
རྫ་རྒྱུད་ཟིལ་བ་ཁྲོམ་ཁྲོམ་རླུང་གིས་གཏོར།།
ལས་སྐལ་རི་གྲོང་སྤྲོ་འཛོམས་དགའ་བས་བསུ།།

  
༢༠༡༥/༡༢/༣༠/ཉིན་ལོ་སར་ལེགས་སྐྱེས་སུ་རྨོག་རུ་ནས་སྦྱར།

༈ ངས་འདོད་པའི་སྙན་ངག

___
གཟི་མིག་གསུམ་པའི་སྙན་ངག་བཀླགས་རྗེས།

          
རྨོག་སངས་རྒྱས་རྒྱ་མཚོ། ( མཚོ་ཤར།)
ཚིག་སྦྱོར་བདེ་ཞིང་ཀུན་གྱིས་སྨོན་ས་ཞིག།
ཁ་ལྕེའི་བར་ནས་མེ་ལྕེ་འབར་འདྲ་ཞིག།
ཚོར་བས་བསླངས་ན་ཤར་མར་ཕྲིས་པ་ཞིག།
མེ་ཏོག་བཞིན་དུ་རློན་ཤ་འཛིན་ནི་ཞིག
ང་ཡིས་འདོད་པའི་སྙན་ངག་དམ་པ་ལགས།།པ
དགའ་སྐྱོ་ཆགས་སྡང་ཚོར་བས་བསླངས་པ་ཞིག།
འབྱུང་བཞིའི་རེག་བྱའི་སྟེང་དུ་སིམ་པ་ཞིག།
ཡིག་འབྲུ་ཉུང་ལ་བརྗོད་བྱ་སྟོབས་པོ་ཞིག།
གནམ་གྱི་སྐར་མ་བཞིན་དུ་བཀྲ་བ་ཞིག།
ངས་ལ་དགོས་པའི་མཆོག་གི་སྙན་ངག་ཡིན།།

སྙན་འགྱུར་སྟོང་གི་ཚིག་རྒྱན་ཡོད་པ་ཞིག།
ལན་བརྒྱར་བཏོན་ན་ཤེས་རབ་འཕེལ་ནི་ཞིག།
ཨ་ཐང་ཆད་དུས་ངལ་དུབ་སོས་ནི་ཞིག།
དངོས་བྲིས་རྨི་ལམ་འདྲ་བའི་འཆར་སྣང་ཞིག།
ང་ལ་མཁོ་བའི་ངག་གི་ནོར་བུ་ཡིན།།

སྐྱེ་བ་སྔ་ཕྱི་འདྲ་བའི་ཕྲ་མོ་ཞིག།
སྒྱུ་མའི་མི་རྟག་ཆོས་ལ་འབྱར་ནི་ཞིག།
བཟུང་ན་ལག་པས་མཐིལ་དུ་ཤོང་བ་ཞིག།
བཏང་ན་རྟ་སྤུ་བཞིན་དུ་བསྐྱོད་པ་ཞིག།
ང་ཡིས་འཚོལ་བའི་ངག་གི་འགྱུར་ཁུགས་ཡིན།།

ཐོགས་རེག་མེད་པའི་བར་སྣང་སྐྱ་བོ་ཞིག།
འཇའ་ཚོན་སྣ་ལྔ་བཞིན་དུ་ཤར་བ་ཞིག།
མིག་ཀོང་རྟེན་འབྲེལ་ལྟ་བུར་འགྲིག་པ་ཞིག།
མཐོང་ན་བདེ་བའི་དངོས་གྲུབ་སྩོལ་བ་ཞིག།
ང་ཡིས་བསྔགས་པའི་ངག་གི་སྒྲོན་མེ་ཡིན།།

བཀླགས་ན་མེ་དྲོད་བཞིན་དུ་བ་ཞིག།
བལྟས་ན་མེ་ཏོག་བཞིན་དུ་མཛེས་པ་ཞིག།

རེག་ན་ཆུ་སྐྱེས་བཞིན་དུ་འཇམ་པ་ཞིག།
འཐུང་ན་བདུད་རྩི་བཞིན་དུ་མངར་བ་ཞིག།
ང་རང་དགའ་བའི་ངག་གི་གསོས་སྨན་ཡིན།།

བྱམས་པར་བསྐུར་ན་མིག་ཆུ་འཆོར་ནི་ཞིག།
དགྲ་ལ་བསྐུར་ན་ཐབས་བཅོས་ནོར་ནི་ཞིག།
དགེན་ལ་བསྐུར་ན་སློབ་བུར་དགའ་ནི་ཞིག།
སྤྲང་བོར་བསྐུར་ན་ཕྱུག་པོར་འགྱུར་ནི་ཞིག།
ང་ཡིས་སྦྱང་བར་འདོད་པའི་སྙན་ངག་ཡིན།།

རང་གིས་བཀླག་ན་བདེ་བའི་སྣང་བ་ཞིག།
གཞན་ལ་གནང་ན་ནོར་གྱི་མཆོག་ཡིན་པའི།།
ང་ཡིས་འདོད་པའི་སྙན་ངགའདི་དག་ཀུན།།
གཏན་དུ་ནུབ་པ་མེད་པའི་བཀྲ་ཤིས་ཤོག།
བཀྲ་ཤིས་བདེ་ལེགས་རྟག་ཏུ་འབྱུང་བར་ཤོག།

                   
༢༠༡༥/༠༢/༡༢/རྨོག་རུ།

༈ མགུར།

                «
སྤྲང་ཀོག»
____________________
རྒྱུ་འདི་སྔོན་ནས་བསགས་སོང་།།
འབྲས་འདི་ད་ཚོད་སྨིན་བྱུང་།།
མི་དགེ་འབྲས་བུ་སྣ་ཚོགས།།
ད་ཚོད་གཅིག་སྨིན་གཉིས་སྨིན།།
____________________
སྒྲོ་ཡག་ལྷ་བྱ་དཀར་པོ།།
སྤུ་གདུགས་མངོན་རྒྱུ་མི་འདུག།
དུངས་སེམས་ཕར་ལ་གཏད་ཀྱང་།།
སྙིང་ཆུང་སྟོན་རྒྱུ་མི་འདུག།
____________________
འཁོར་བ་དུག་གི་ན་བུན།།
རློམ་ཀྱང་མི་རྟག་ཆོས་རེད།།
སྟོང་ཉིད་ལྟ་བ་གཅིག་པུ།།
ཀུན་ལ་ཕན་པའི་རྒྱུ་རེད།།
____________________
ནང་སྔ་ཉི་རྩེ་རྒྱབ་དུས།།
བྱིས་ཆུང་སྐད་སྒྲ་ཅོར་ཅོར།།
དགོང་ཁའི་ཉི་འོད་ཡལ་དུས།།
སེམས་འདི་ཇེ་འཁྱག་ཇེ་འཁྱག།
____________________
སེམས་འདི་སྐྱིད་དུས་སྡུག་དུས།།
སྐྱིད་དུས་ཨ་སྔོན་ཐང་རེད།།
སྡུག་དུས་སྣང་བའི་དབྱངས་འདི།།
དཀྲོལ་ཀྱང་སྡུག་བསྔལ་དབྱངས་རེད།།
____________________
མཚན་ཙམ་འཐོས་པའི་དྲན་པ།།
བསླུ་མེད་སྟོན་པའི་དྲིན་ཡིན།།
ཞི་བསིལ་ཆོས་ཀྱི་སྦྲང་ཆར།།
རེ་འདོད་བདག་ལ་སྩོལ་ཅིག།
____________________
རེ་བཞག་བརྩེ་བའི་སྐུད་པས།།
རེ་བ་ཅན་འདི་སྡོམ་འདོད།།
རེ་བ་ཅན་གྲོང་འདིར།།
རེ་བའི་ཕྲག་དོག་མང་སོང་།།
____________________
                              
མུ་འགོད།
            
༢༠༡༥\༠༢\༡༡\ རྨོག་རུ།

༈ ལྷུག་མ་རང་གྲོལ་ཁག་འགའ།

                 
དྷཱིཿཚ། རྨོག་སངས་རྒྱས་རྒྱ་མཚོ།
                    -1-
      
ཆོས་ཐམས་ཅད་ནི་སྣུམ་གྱིས་བཞེངས་པའི་ལམ་ཐབས་ཅད་གསལ་བོར་སྣང་ཐུབ་པའི་ཞག་སྒྲོན་ལྟ་བུ་ཡིན། རང་གི་ཡིད་གྱི་ལོག་རྟོག་ནི་མུན་པ་འཁེབས་པའི་ལམ་བུ་རེ་རེ་ཡིན། བརྩོན་འགྲུས་ཀྱི་རིང་རྒྱུན་ནི་དེ་སྒྲོན་བྱེད་ཀྱི་མེ་ཡིན་པས། བརྩོན་འགྲུས་རིང་བོར་ཇི་ལྟར་བསྟེན་ན་མུན་པ་འཁེབས་པའི་ལམ་བུ་རེ་རེ་དེ་ལྟར་འོད་ཀྱིས་ཁེངས་འོང་།
  
                     -2-
      
ཆེས་བཟོད་སྲན་བྱེད་མི་ཐུབ་པའི་དུས་དེར། ཧ་ཅང་བཟོད་སྲན་བྱེད་དགོས། ཧ་ཅང་བཟོད་སྲན་བྱེད་ཐུབ་པའི་དུས་དེར། ཅིས་ཀྱང་བཟོད་སྲན་བྱེད་མ་ཐུབ་པར་སྐྱོན་ཆེན་པོ་མེད་དོ།།
                     -3-
       
ཕམ་ཁ་དང་ཕམ་ཁ་ལ་གདོང་གཏད་དུས། རྒྱལ་ཁ་དང་རྒྱལ་ཁ་ཁོ་ན་བསམ་དགོས། རྒྱལ་ཁ་དང་རྒྱལ་ཁ་ལ་གདོང་གཏད་དུས། ཕམ་ཁ་དང་ཕམ་ཁ་མྱོང་བའི་ལོ་ཟླ་དྲན་དགོས།
                     -4-
       
དཔེ་ཀློག་དང་དཔེ་ཆ་བལྟ་མི་ཐུབ་པའི་དུས་ཚོད་དང་སྐར་ཆ་རེ་རེ་ནི་རང་ཉིད་ཆེས་དམའ་སར་བསྐྱེད་བྱེད་ཀྱི་རྒྱུ་ཐ་ཤད་པ་ཞིག་དང་དཔེ་ཆ་དང་དཔེ་ཀློག་གནང་ཐུབ་པའི་དུས་ཚོད་དང་སྐར་ཆ་རེ་རེ་ནི་རང་ཉིད་ཆེས་མཐོ་ཤོས་ཀྱི་ཚད་ལ་བསྙེགས་པའི་རྒྱུ་ཕུལ་དུ་བྱུང་བ་ཅིག་གོ།།
                     -5-
       
ཤེས་ལྡན་གྱི་མི་དག་ནི་ཆེས་མཐོ་བའི་བསམ་བློའི་སྒྲོམ་གཞི་ཡིན་པས། དེ་དག་གི་རྒྱུད་ཀྱི་ཡོན་ཏན་ནི་ཆེས་རྨད་དུ་བྱུང་བླང་དོར་གྱི་ཤེས་རབ་ཡིན། དེས་ན་དེ་དག་ལ་གུས་པར་བྱ་བ་ནི་དེ་དག་གི་ཡོན་ཏན་ལ་གུས་པར་བྱ་བའོ།།
                      -6-
       
རང་ཉིད་དགའ་བའི་མི་དེ་དང་། རང་ལ་དགའ་བའི་མི་དེ་དང་། རང་ལ་དགའ་ཞིང་རང་ཉིད་མི་དགའ་བའི་མི་དེ་དག་ནི་རང་ཉིད་ལ་ཆེས་གློ་སེམས་དཀར་བའི་གྲོགས་བཟང་བོ་ཡིན་ནོ།།
                      -7-
ཆེས་བརྗོད་པར་དཀའ་བའི་བརྗོད་བྱ་ནི་རང་ཉིད་ལ་ཆེས་སྒྲོ་འདོགས་ཆེ་བ་ཡིན་ཏེ། སྒྲོ་འདོགས་མི་ཆེ་ན་དེ་བརྗོད་པར་ཧ་ཅང་སླའོ།།
                     
                                  
དྷཱིཿཚ།
༈ རྩམ་དྲི་འཐུལ་བའི་ཁྱོད།

རི་དང་རི་རྒྱུད་འགྲིམ་དུས།
ཆུ་དང་ཆུ་མོ་བརྒལ་ནས།
མེ་ཏོག་དྲི་བསུང་སྣུམ་ཏེ།
རྐང་རྗེ་ཕྲ་མོ་ཕབ་དུས།
སེམས་པ་ནི་གཤོག་ཐོགས་ཀྱི་རྟ་ཕོ་ཞིག་དང་འདྲ།
གཞན་གྱིས་འགོག་ཐབས་བྲལ་བ་ཞིག
རང་དབང་མེད་པར་འདི་ལ་དུངས།
སྐབས་དང་སྐབས་ལ།
སྤྲིན་གྱི་བང་རིམ་རེ་རེར་བརྟོལ་ནས།
མཐའ་བྲལ་བའི་ནམ་མཁའ་ཞིག་ན་འཕུར་བ་འདྲ།
འདི་ལྟར་འཕུར་བཞིན་རྒས།
རྒས་ཚམ་འདིའི་རྒྱབ་ལྗོངས་སུ།
འགྱུར་ལྡོག་མེད་པ་ཞིག་ནི།
ལག་ཟུང་སྣུམ་གྱིས་ཟིན་ཕྲེང་བ་འཛིན་མཁན་དེ་ཚོ་ཁོ་ན་འོ།

    
2

རྣ་བ་གཤགས་པའི་རླུང་སྒྲ།
རྐང་རྗེས་བསྟར་སའི་ཁ་བ།
མིག་ཀོང་གཤེར་བའི་ཆར་བ།
རྨི་ལམ་རྨོ་སའི་གཞི་གཅིག་པུ།
ལྗང་ནེམ་ནེམ་གྱི་ས་གཞི་རིང་མོ།
ལྗིད་ཏིག་ཏིག་འཁྱག་སོབ་སོབ་ཀྱིི་གངས་རི།
རྔམ་བརྗིད་ཀྱིས་འགྲེང་བའི་ཆུང་དུས་ཀྱི་རྨི་ལམ།
ཞོགས་པའི་རྩྭ་ཐང་གི་ཆུ་ཐིགས་དྭངས་མོ།
སྦྲ་ནག་གི་གོང་ཁ་ནས་འཕྱུར་བའི་དུ་བ་སྔོན་པོ།
ལྕགས་ཐག་གི་སིལ་སྒྲ་ལྷང་ལྷང་བྱེད་པའི་སྒོ་ཁྱི།
ལུག་གི་སུག་གིས་བཅད་པའི་སྨན་རྩྭ།
ནོར་གྱི་རྭ་ཁོས་གཤགས་པའི་གད་པ།
རྟ་ཡིས་གོམ་པ་གླན་སའི་ཐང་རྒྱུད་རིང་མོ།
ངའི་སྙིང་ཁུང་ན་འདར་བཞིན་པའི་སྐར་མ་སྨིན་དྲུག
མཚོ་སྔོན་པོའི་ཉིན་སྲབ་ཀྱི་རྨོག་རུ།

 
བར་མ་གཉིས།

 
       -༣-
རླུང་བུ་དང་ཉི་འོད་ཀྱི་ཐིགས་པ།
ལུག་རྫི་དང་རྩྭ་ཐང་གི་མེ་ཏོག
སྦྲ་ནག་དང་འབྲོག་མོ་ཚོའི་རྣམ་ཤེས།
ནོག་ནག་གི་འོ་མའི་ཤག་རྒྱུན་ན་མཆེད།
རེ་བ་ཉག་གཅིག་གི་སྐད་ཆ་ནི།
ང་ཚོ་ཐུན་མོང་ལ་ཕན་པའི་འབྲི་མར་དེ་གའོ།།
འདི་ནས་གངས་རིའི་གཟི་ཉམས་མཐོང་ཞིང་།
རྫ་རྒྱུད་ཀྱི་སྤྱང་ཀིའི་ངུ་སྐད་ལྷང་།
ཟིལ་བ་དང་ཟིལ་བའི་ཁྲོད།
བཤད་དཀའ་བའི་སེམས་ཀྱི་ཚོར་བ་ཅིག་གྲུབ།
རྩྭ་ཐང་བ་ཅིག་གི་རྣམ་ཤེས་ནི།
ཉིན་མཚན་མེད་པར་འདི་ལ་དུངས།
སྙན་ངག་དང་སྙན་ངག་གི་ཚིག་འབྲུ་རེ་རེ།
ངོ་བོ་དབྱེར་མེད་ཀྱིས་འདི་ན་འགྱེང་།
ལེན་འདོད་པས་ལེན་དཀའ།
འབྲི་འདོད་པས་འབྲི་དཀའ།
སྙན་ངག་གི་ས་ཞིང་གཤིན་པོ།
མཚོ་སྔོན་པོའི་ཉིན་སྲབ་ཀྱི་རྨོག་རུ།

        -
༤-
ཕ་ཡུལ་གྱི་ནམ་མཁའ་དྭངས་ལ།
ནམ་མཁའ་ཟླ་བ་ལྷག་ཏུ་དྭངས།
ཕ་ཡུལ་ན་བརྩེ་བ་མང་ལ།
བརྩེ་བ་ངོ་མ་ལྷག་ཏུ་མང་།
ངའི་ཕ་ཡུལ་ཡག་དྲགས་པས།
གཞན་གྱི་བསླུ་བྲིད་མང་པོ་ཐེབས།
ངའི་ཕ་ཡུལ་མི་གསོད་མཁན་གྱི་ལག་དམར་མིན་ལ།
མགོ་གཡོགས་འདེབས་མཁན་གྱི་ཐ་ཤད་པ་དེའང་མིན།
ཕྲག་དོག་དང་ཕྲག་དོག་བརྩེགས་ཤིང་།
སྐད་ཆ་དང་ཚིག་འབྲུ་བསྒྲིགས་སྟེ།
ངའི་ཕ་ཡུལ་ལ་ཚོགས་གཏམ་ཟེར་བ་ཅིག་བཏང་སོང་།
འདིས་ཕ་ཡུལ་ངུ་རུ་མ་བཅུགས་ལ་དགོད་དུ་ཡང་མ་བཅུགས།
ཡོད་ཚད་གཞན་གྱི་བསླུ་བྲིད་ཐེབས་པ་ལས།
ཕ་ཡུལ་གྱི་རྨང་གཞི་རྡོག་རྡོག་པོ་དེ་སླར་ཡང་མཛེས།
ཕ་ཡུལ་ལ་འགྱུར་ལྡོག་མེད་ལ།
ཕ་ཡུལ་ནི་སྔར་བཞིན་མཛེས་སོ།
མཚོ་སྔོན་པོའི་ཉིན་སྲབ་ཀྱི་རྨོག་རུ།

     
ཕྱི་མ་གཉིས། 
 
       -
༥-
གནའ་དུས་སུ།
ཕ་ཡུལ་ན་གཏམ་གྱི་གྲི་ཁ་རྣོ།
ད་དུང་། གཏམ་གྱི་གྲི་ཁ་དེ་ཡལ་མེད།
རེ་བ་ཁྲི་སྟོང་གི་ས་སྲོད་འདིར།
ཡ་ང་བའི་དུས་དེ་བསླེབས་རྗེས།
འཛུམ་དམུལ་དམུལ་གྱི་ཕ་ཡུལ་རྒས་འདུག
དུས་དེ་ནས་བཟུང་།
ས་འདིར་ཆགས་པའི་སྲོག་ཆགས་ཐམས་ཅད་རྒས།
རྒས་མཚམས་འདིའི་རྒྱབ་ལྗོངས་སུ།
མི་ཆ་མེད་ཅིག་ལག་པ་བསྲིངས་བཞིན།
རི་མོ་ཆ་མེད་ཅིག་གང་འདོད་དུ་བརྐོས།
བརྐོས་མཚམས་མ་བཞག་པར།
མུ་འཐུད་དུ་བརྐོས།

      -
༦-
འབྲོག་ཐང་གི་སྤང་ལྗོངས་སུ།
འབྲོག་ཐང་གི་རྣམ་ཤེས་གསོན་ཡོད་ན།
འབྲོག་ཐང་འདིའི་བདག་པོ་འབྲོག་པ་ལས་མེད།
རྒྱུ་མཚན་འདི་དག་ལས།
འབྲོང་ཐང་འདི་ནས་གསོན་དགོས་པའང་།
འབྲོག་པ་གཅིག་པུའོ།
དེ་ནི་འབྲོག་པ་ཞིག་གི་ཁ་ཆེམས་ཡིན།
ཁ་ཆེམས་དེའང་། འབྲོག་པ་ལ་དབང་ངོ་།།
 
2015\02\09\
རྨོག་རུ་ནས་བྲིས་པ་དགེའོ།


རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་ལྔ་བ།

                      རྨོག་སངས་རྒྱས་ཀྱི་བཏུས་རྩོམ་ཁག་བཞི་བ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
0wo3 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41986885
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1