༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་འགན་འཁྲི་དང་འཇོན་ཐང༌གི་སྐོར་གསུངས་པ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 10 ཚེས 15 རེས་གཟའ་མིག་དམར་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» སློབ་གསོ།» སྤྱི་ཚོགས་སློབ་གསོ། »༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་འགན་འཁྲི་དང་འཇོན་ཐང༌གི་ས
༧རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་འགན་འཁྲི་དང་འཇོན་ཐང༌གི་སྐོར་གསུངས་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/2/23ལྟ་ཀློག (15376)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

༄༅། །འགན་འཁྲི་དང་འཇོན་ཐང་།

        འགན་འཁྲི་ནི་རང་གི་ཕྲག་ཏུ་བབས་པའི་ལས་ཀའི་མིང་སྟེ། འགན་འཁྲི་དང་དུ་མི་ལེན་པའི་མི་ཞིག་ཡིན་ན་དེའི་བྱ་བར་འབྲས་བུ་བཟང་བོ་ཞིག་གཏན་ནས་འབྱུང་མི་སྲིད། འགན་འཁྲི་དང་ལེན་མི་བྱེད་པའི་མི་ཞིག་ལ་འཇོན་ཐང་གཏན་ནས་ཡོད་མི་སྲིད་དེ། འཇོན་ཐང་ནི་འགན་འཁྲི་ལས་འབྱུང་བ་ཡིན།

འགན་འཁྲི་ནི་བྱ་ལས་གང་ཞིག་བསྒྲུབས་ཀྱང་འདུན་པ་སྐྱེ་བའི་གཞི་རྟེན་ཡིན་ལ། མཐའ་རུ་སྐྱོང་བའི་སྟོབས་ཤུགས་ཀྱང་ཡིན། འགན་འཁྲི་ནི་ལས་ལ་འཇུག་པའི་སྐུལ་མ་དང་བྱ་བ་ཚུལ་བཞིན་སྒྲུབ་པའི་སྒྲིག་ཁྲིམས་ཤིག་ཡིན་པས་བྱ་བ་གང་ཞིག་ལེགས་འགྲུབ་ཡོང་བའི་བདག་རྐྱེན་གྱི་གཙོ་བོ་ཡིན།

རང་གི་འགན་འཁྲི་དང་དུ་བླངས་ནས་རང་གི་ལས་ལ་འབད་པ་བྱ་རྒྱུ་ནི་མི་ཚེ་དོན་ལྡན་དུ་ འགྱུར་བའི་སྒོ་མོ་ཡིན་ལ། མི་དང་དུད་འགྲོའི་ཁྱད་པར་འབྱེད་བྱེད་ཀྱི་ཚད་ཤིང་རིང་མོ་ཞིག་ཀྱང་ཡིན། དེའི་ཕྱིར། འགན་འཁྲི་མེད་པའི་མི་རྣམས་ནི་ནང་སྙིང་རུལ་བའི་སིལ་ཏོག་བཞིན་ཡིན་པས་ནམ་ཡང་རང་འབྲས་སྐྱེད་པའི་རྒྱུ་རུ་འགྱུར་མི་སྲིད་ལ། འཇིག་རྟེན་འདི་རུ་འཚོ་བའི་ལམ་འཕྲང་ཡང་ཙི་གུའི་རྒྱུག་ལམ་ལས་དོག་ཅིང་འཇིག་རྟེན་འདི་རུ་སྡོད་པའི་དོན་སྙིང་ཡང་རྟ་རྔ་བཞིན་ཕྲ་བར་འགྱུར།

འགན་འཁྲི་ལ་གཞི་རྒྱ་ཆེ་ཆུང་དང་ངོ་བོའི་ཁྱད་པར་སོགས་དབྱེ་བའི་རྣམ་གྲངས་མང་དུ་ ཡོད་ཀྱང་འགྲོ་བ་མིའི་རིགས་ལ་མཚོན་ན་འགན་འཁྲི་མེད་པ་གཅིག་ཀྱང་ཡོད་མི་སྲིད། ཡིན་ན་ཡང་འགན་འཁྲི་དང་ལེན་བྱེད་མཁན་བརྒྱ་ཆའི་ཉུང་ཙམ་ལས་མི་འདུག དཔེར་ན། སློབ་མ་རིག་ལྡིབ་རྣམས་ལ་དཔེ་ཁྲིད་བྱེད་མི་འདོད་པའི་དགེ་རྒན་ནི་འགན་འཁྲི་དང་ལེན་མི་བྱེད་པའི་དགེ་རྒན་ཡིན་ཏེ། འགན་འཁྲི་དང་ལེན་བྱེད་མཁན་ཞིག་ཡིན་ན་རང་ཉིད་བྱ་བ་དེ་ལ་སྤྲོ་བ་ཡོད་མེད་དང་དཀའ་སྡུག་ཆེ་མིན་ལ་མི་བལྟ་བར་བྱ་བ་དེས་ཕ་རོལ་བ་ལ་ཕན་པ་ཡོད་མེད་དང་རང་ཉིད་ལ་ བྱ་བ་དེའི་འགན་འཁྲི་ཡོད་མེད་གཙོ་བོར་བྱེད་པ་ཡིན།

དེ་བཞིན་དུ་ཕ་མས་རང་གི་བུ་ཕྲུག་གི་མདུན་ལམ་མི་སེམས་ཤིང༌། འགོ་ཁྲིད་ཀྱིས་མི་དམངས་ཀྱི་འཚོ་ཚིས་མི་སེམས་པ། རྒྱལ་བོས་འབངས་མིའི་བདེ་སྡུག་མི་སེམས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་སོ་སོའི་བདེ་འཇགས་སོགས་འཛམ་གླིང་ཞི་བདེ་མི་སེམས་པ་ལྟ་བུ་ཤིན་ཏུ་མང༌། དེ་དག་ནི་རང་གི་འགན་འཁྲི་ལ་འགན་འཁྲིར་མི་བསམ་པ་ཁོ་ནའོ། །

འགན་འཁྲི་མེད་པའི་མི་ལ་ནུས་པ་ཇི་འདྲར་ལྡན་ཡང་འཇོན་ཐང་ཅན་གྱི་མི་རུ་འགྱུར་མི་ སྲིད་ལ། འགན་འཁྲི་ཅན་གྱི་མི་ལ་ནུས་པ་ཆུང་ཡང་འཇོན་ཐང་ཅན་དུ་འགྱུར་བར་ངེས། ཕྱིའི་རྒྱལ་ཁབ་མང་བོའི་ནང་དུ་མི་ལ་འཇོན་ཐང་གི་སྒོ་ནས་རིམ་པ་གསུམ་དུ་དབྱེ་སྟེ། དང་བོ་རླབས་ཆེན་གྱི་ཁེ་ལས་པ། གཉིས་པ་དགེ་རྒན་དང་ཚན་རིག་པ། གསུམ་པ་གླ་རྔན་ལ་བརྟེན་ནས་འཚོ་བའི་ལས་བྱེད་པ་བཅས་ཡིན། དེ་བཞིན་དུ་ནང་བསྟན་ཆོས་ལུགས་ལས་སྐྱེས་བུ་ལ་རབ་འབྲིང་ཐ་གསུམ་ཕྱེས་ཏེ། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་གསུངས་སོ། །རྒྱལ་ཁབ་ཕྱི་ནང་གི་དབྱེ་བ་འབྱེད་སྟངས་གང་ལ་གཞིགས་ཀྱང་འཇོན་ཐང་ཡོད་མེད་ཀྱི་ གཙོ་བོ་ནི། བྱ་བ་དེས་སྤྱི་ཚོགས་དང་སེམས་ཅན་ལ་ཕན་རླབས་ཆེ་ཆུང་དང་ཕུགས་འདུན་རིང་ཐུང༌། བསམ་པའི་འཛིན་སྟངས་བཅས་ལ་བལྟ་སྟེ། འཇོན་ཐང་ནི་རང་གི་འགན་འཁྲི་སྲོག་བཞིན་དུ་བཟུང་ནས་ཐོན་པ་ལས་འགན་འཁྲི་བོར་ན་ནི་འཇིག་རྟེན་འདིར་སྐྱེས་བུ་ཆེན་པོ་འམ་ཆེས་མི་འཇོན་ཐང་ཅན་དུ་འགྱུར་བ་ཕར་ཞོག་ཐ་ན་སྐྱེས་བུ་འབྲིང་ཙམ་གྱི་གྲས་སུའང་བརྩི་བར་འོས་པ་མིན་ནོ། །

འགན་འཁྲིའི་རིན་ཐང་ལ་ངེས་པ་རྙེད་ན་ད་གཟོད་རང་གི་འགན་འཁྲི་ལ་བརྩོན་པ་བྱེད་དེ། དཔེར་ན། སློབ་མའི་འགན་འཁྲི་ནི་སློབ་སྦྱོང་བྱེད་པ་དང་དགེ་རྒན་གྱི་འགན་འཁྲི་ནི་སློབ་ མ་ལེགས་པར་སྐྱོང་བ་དེ་ཡིན་ལ། དཔོན་པོའི་འགན་འཁྲི་ནི་དམངས་ཚོགས་ལ་དོན་བཟང་བསྒྲུབ་རྒྱུ་དེ་ཡིན། ཐ་ན་ཕྱུགས་རྫི་ལ་ཕྱུགས་རྫིའི་འགན་འཁྲི་ཡོད་ལ། ཞིང་བར་ཞིང་བའི་འགན་འཁྲི་ཡོད་པས། མི་རེ་རེས་རང་གི་འགན་འཁྲི་ལེགས་པར་སྐྱོང་ཐུབ་ན་ནི་རང་ཉིད་མི་ཞིག་ཡིན་པའི་ དོན་གོ་འཁྱོངས་པ་ཡིན།

      མདོར་ན་འཇོན་ཐང་ཅན་ཡིན་མིན་ནི་ཡིད་ལ་བསམ་པ་ཙམ་མ་ཡིན་པར་དོན་དངོས་སུ་ལག་ལེན་བྱེད་མིན་ལ་བལྟ་དགོས། དོན་དངོས་ཀྱི་ལག་ལེན་དེར་འབྲས་བུ་ག་འདྲ་འབྱུང་མིན་ནི་རང་གིས་རང་གི་འགན་འཁྲི་ལ་བརྩི་སྲུང་བྱ་ཐུབ་མིན་ལ་ཐུག་ཡོད། མི་མང་བོ་ཞིག་གི་སེམས་སུ་རང་ཉིད་ཀྱིས་ཅི་ཡང་མི་འཇོན་སྙམ་སྟེ་རང་ནུས་གང་ཡོད་ཀྱི་ཉམས་དམན་པར་བྱེད་མོད། དེ་ནི་བདག་ཉིད་བརྙེས་པའི་ལེ་ལོ་ཡིན་པས་རེ་བ་ཅན་གྱི་ན་གཞོན་དག་གིས་འདི་ལ་ངེས་པར་དུ་གཟབ་པར་འཚལ། མི་ཚང་མའི་ནུས་པ་འདྲ་མཉམ་ཡིན་མི་སྲིད་ཀྱང་ཐམས་ཅད་ལ་རང་ནུས་གང་ཡོད་འདོན་པའི་སྙིང་སྟོབས་ཡོད་ན་རང་རང་གི་མི་ཚེ་དོན་ལྡན་དུ་འགྱུར་ལ། རྒྱལ་ཁབ་དང་མི་རིགས་ལའང་ངང་གིས་ཕན་པར་འགྱུར། དེ་བས་ང་ཚོས་རང་རང་གི་འགན་འཁྲི་དམ་ལྷོད་མེད་པར་སྲུང་བའི་མི་ཞིག་བྱས་ནས་མི་རིགས་དང་རྒྱལ་ཁབ། ཕ་ཡུལ་བཅས་ཀྱི་ཆེད་དུ་བརྩོན་པའི་མི་འཇོན་ཐང་དང་ལྡན་པ་ཞིག་ལ་བརྩོན་པ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ནོ། །

ཞེས་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱིས་སྐྱེ་རྒུའི་དགེ་རྒན་ལྷག་བསམ་ཅན་སྦྱིན་པ་ལགས་ཀྱིས་བསྐུལ་ངོ་མ་བཟློག་པར་གནའ་མཁར་སྲས་གླིང་དུ་བྲིས།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
2yr6 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ལྡེ་མིག སྤེལ་དུས:2015/2/23
རྒན་ལགས་ཀྱི་སྐུ་ཚེ་བརྟན་པར་སྨོན།
 སྤེལ་མཁན: ནོར་བུ། སྤེལ་དུས:2015/2/23
དགེན་ལགས་སྐུ་ཚེ་རྒྱལ་མཚན་བརྟན།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
15320327
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号