བོད་ཀྱི་གློག་བརྙན་གསར་པ་«ངེས་གཏན་མེད་པའི་མི་ཚེ» འི་ཐད་ཀྱི་གཏམ།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2019 ལོའི་ཟླ 9 ཚེས 15 རེས་གཟའ་ཉི་མ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» གླེང་སྟེགས་བཅར་འདྲི། »བོད་ཀྱི་གློག་བརྙན་གསར་པ་«ངེས་གཏན་མེད་པའི་མི་ཚེ» འི་ཐད་ཀྱི་གཏ
བོད་ཀྱི་གློག་བརྙན་གསར་པ་«ངེས་གཏན་མེད་པའི་མི་ཚེ» འི་ཐད་ཀྱི་གཏམ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/3/7ལྟ་ཀློག (7526)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


  བོད་ཀྱི་གཞས་པ་གྲགས་ཅན་ཨ་མཆོག་མགོན་པོ་དོན་འགྲུབ་ལ་བཅར་འདྲི་བྱས་པ།
           བཅར་འདྲི་བ། སྙུག་བཅུད་ལེན།


དྲི་བ།

      ཐོག་མར་ཉིད་ཀྱིས་ཁོ་བོའི་བཅར་འདྲི་འདི་དང་ལེན་བྱས་པར་གུས་པ་ཆེན་པོས་བཀའ་དྲིན་ཞུས་པ་ཡིན།

ལན།

     བཀའ་དྲིན་ཆེ།
དྲི་བ།

     རེད། ཉེ་ཆར་ཉིད་ཀྱིས<ངེས་གཏན་མེད་པའི་མི་ཚེ>ཞེས་པའི་གློག་བརྙན་ཞིག་ཕབ་བསྐྲུན་ལེགས་འགྲུབ་བྱུང་སྟེ་སྤྱི་ཚོགས་སུ་འགྲེམས་སྤེལ་བྱེད་ལ་ཉེ་བའི་གཏམ་ཞིག་དྲྭ་བ་སོགས་སུ་རྒྱུ་བཞིན་འདུག་པས། ཁོ་བོས་དེའི་སྐོར་ནས་ཉིད་ལ་བཅར་འདྲི་ཐུང་ཙམ་ཞིག་ཞུ་འདོད་སྐྱེས་སོང་།   
 དེས་ན་ཐོག་མར་ཉིད་ཀྱིས་<ངེས་གཏན་མེད་པའི་མི་ཚེ>ཞེས་པའི་གློག་བརྙན་དེ་དུས་ནམ་ཞིག་ལ་ཕབ་བསྐྲུན་བྱེད་འགོ་བརྩམས་ཤིང་དུས་ཡུན་ག་ཚོད་ཅིག་གི་རིང་ལེགས་འགྲུབ་བྱུང་བ་དང་། དེའི་རིང་གི་དཀའ་ཁག་གཙོ་བོ་དག་ག་འདྲ་ཞིག་ལ་འཕྲད་མྱོང་བའི་སྐོར་ནས་སྐད་ཆ་འགའ་གསུངས་རོགས།
 ལན། 

      སྤྱིར་ང་ལ་མཚོན་ན། གླུ་གར་རིག་གནས་སྒྱུ་རྩལ་གྱི་ཕྱོགས་ལ་འབད་པ་དང་དེའི་ཕྱོགས་ནས་རང་གི་མི་རིགས་ལ་ཞབས་ཞུ་ཕྲན་བུ་རེ་བསྒྲུབ་ཐུབ་ན་བསམས་ནས་ད་བར་དུ་ཕྱིན་པ་རེད། འོན་ཀྱང་། ང་འདི་བཞིན་མི་རིགས་འདྲ་མིན་དང་། རྒྱལ་ཁབ་འདྲ་མིན་སྣ་ཚོགས་ཤིག་ཏུ་འགྲོ་སྐྱོད་བྱེད་བཞིན་ཡོད་དུས། ངས་ནམརྒྱུན་ང་ཚོའི་ཕྱོགས་ལ་སྟོང་ཆ་མང་བོ་ཞིག་མཐོང་མྱོང་ཡོད། དེའི་ནང་ནས་གློག་བརྙན་བསྒྲིགས་སྦྱོར་དང་འཁྲབ་གཞུང་འབྲི་རྩོམ་ཐད་ཀྱི་སྟོང་ཆ་འདི་ཅི་ནས་ཀྱང་བསྐངས་དགོས་པའི་སྟོང་ཆ་ཞིག་ཏུ་མཐོང་སྟེ། ང་རང་ལ་དེའི་ཕྱོགས་སུ་སྦྱངས་པའི་ཡོན་ཏན་དང་བསྒྲུབས་པའི་ཉམས་མྱོང་དེ་ཙམ་མེད་ན་ཡང་། རང་གི་མི་རིགས་ལ་བཅངས་པའི་ལྷག་བསམ་རྣམ་དག་དེས་ཀུན་ནས་བསླངས་ཏེ། ཚད་དང་ལྡན་པ་ཞིག་དང་ཕུན་སུམ་ཚོགས་པ་ཞིག་བྱུང་མེད་ཀྱང་། རང་ཉིད་ཀྱི་མཐོང་སྣང་མང་བོ་ཞིག་གཞིར་བཞག་ནས་༼ངེས་གཏན་མེད་པའི་མི་ཚེ་༽ཞེས་པའི་འཁྲབ་གཞུང་ཐུང་ངུ་འདི་བྲིས་རྗེས། ད་གཟོད་ཕྱིར་རྒྱ་གར་ལ་སོང་ནས་བོད་གཞུང་ཟློས་གར་ཁང་གི་དགེ་སློབ་དག་དང་། འབྲེལ་ཡོད་གྲོགས་པོ་ཁག་གཅིག་གིས་རོགས་སྐྱོར་འོག་འཁྲབ་གཞུང་འདི་གློག་བརྙན་གྱི་ལམ་ནས་དེ་རིང་ངོས་སུ་ང་ཚོ་ཚང་མར་ལྟ་ས་ཞིག་དང་བསྟན་རྒྱུ་ཞིག་ཡོད་པ་འདི་རེད། འོན་ཀྱང་། དཀའ་ཁག་གི་ཕྱོགས་ནས་བཤད་ན། དེ་ལ་དཀའ་ལས་ལོས་ཡོད། མང་བོ་ཞིག་ཡོད་པ་རེད། དཔེར་ན། འཁྲབ་གཞུང་འབྲི་བཞིན་པའི་སྐབས་ལྟ་བུར་ཆ་མཚོན་ན། ང་ཚོ་ལ་འཁྲབ་གཞུང་འབྲི་སྟངས་དང་དེའི་ཕྱོགས་ནས་དཔེ་ཆ་མིག་དཔེ་ལྟ་ས་མེད་པའི་དཀའ་ངལ་དང་། དེ་བཞིན་འཁྲབ་སྟོན་བྱེད་པའི་སྐབས་ལྟ་བུར་མཚོན་ན། རང་ཉིད་ཚུད་པའི་ང་ཚོ་ཚང་མར་གློག་བརྙན་འཁྲབ་སྟོན་ཕྱོགས་ལ་སློབ་སྦྱོང་དང་ཉམས་མྱོང་མེད་པ། དེ་བས་ཀྱང་། ང་ཚོ་ལ་དབུས་སྐད་དང་། ཁམས་སྐད། ཨམ་སྐད་གསུམ་ཡོད་པ་ལས་འཁྲབ་སྟོན་པ་དག་གིས་གཅིག་གྱུར་གྱི་སྐད་ཆ་ཞིག་བཤད་དགོས་ཚེ། དེའི་ཕྱོགས་ནས་ཀྱང་དཀའ་ངལ་མང་བོ་ཞིག་འཕྲད་སོང་། ཁྱད་པར་དུ་དཔལ་འབྱོར་གྱི་ཕྱོགས་ནས་ཀྱང་། གློག་བརྙན་དེའི་མགོ་མཇུག་ཚང་མའི་འགྲོ་སོང་ཚང་མ་རང་ངོས་ནས་གཏང་དགོས་བྱུང་ཡོད་སྟབས། དཔལ་འབྱོར་གྱི་ཕྱོགས་ནས་ཀྱང་འགྲོ་སོང་ཉུང་ཉུང་མ་རེད།  

དྲི་བ།

     ཁྱེད་རང་ལ་མཚོན་ན་མི་ཚེ་གང་བོར་གླུ་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་ཤ་འབད་རུས་འབད་བྱས་ཏེ་གྲུབ་འབྲས་ཀྱང་དམིགས་བསལ་ཐོབ་པའི་གཞས་པ་ཞིག་ཡིན་པའི་ཆ་ནས། ཐེངས་འདིའི་ཉིད་ཀྱི་གློག་བརྙན་<ངེས་གཏན་མེད་པའི་མི་ཚེ> ཞེས་པ་དེ་ལྟ་བུ་ཞིག་ཀུན་སློང་ག་འདྲ་ཞིག་གི་སྟེང་ནས་བཟོ་འདོད་སྐྱེས་པ་དང་། བརྗོད་དོན་གྱི་ཆ་ནས་གཙོ་བོ་གཞི་ག་འདྲ་ཞིག་བཟུང་བ་ཡིན། 
ལན། 

     སྐད་ཆ་དེ་བདེན་པ་རེད། ཕལ་ཆེར་ང་ལ་མཚོན་ན་མི་ཚེ་གང་བོར་བོད་ཀྱི་གླུ་གར་རིག་གནས་ཀྱི་ཕྱོགས་ལ་འབད་པ་བྱས་ནས་ད་བར་དུ་ཕྱིན་པ་རེད། འོན་ཀྱང་། གྲུབ་འབྲས་དམིགས་བསལ་བ་ཞེས་བཤད་ཡོང་དུས། ང་རང་སྟངས་ནས་ད་བར་འདོད་པ་ཡོངས་སུ་ཁེངས་མེད། དེར་བརྟེན་ད་རུང་མུ་མཐུད་ནས་དེའི་ཕྱོགས་ལ་འབད་དང་འབད་མུས་སུ་ཡིན། འོན་ཀྱང་། ཀུན་སློང་ག་འདྲ་ཞིག་ཁུར་ནས་གློག་བརྙན་འདི་བཟོ་འདོད་སྐྱེས་སོང་ཞེས་དྲིས་པ་ཡིན་ན། ངས་ད་ལྟ་གོང་དུ་བཤད་ཟིན་པ་ལྟར། ང་ཚོ་ལ་ད་རུང་འདིའི་ཕྱོགས་ནས་སྟོང་ཆ་ཆེན་པོ་ཞིག་ལྷག་འདུག་པ་མ་ཟད། གང་ཞིག་ཡོད་པ་དེ་ཡང་ཕྱོགས་གང་ཐད་ནས་འཐུས་མ་ཚང་བའི་རྣམ་པ་ཞིག་ཏན་ཏན་ཡོང་གི་འདུག སྤྱིར་ལྟོས་ས་ལྟོས་འཇོག་གི་ཆ་ནས་བཤད་ན་ངའི་གློག་བརྙན་ལས་ཚད་ལྡན་དང་འཐུས་ཚང་ཡོད་ནི་རེད། དེ་ལོས་ཡོད། རྒྱུ་མཚན་ནི། ང་ཚོ་རིག་གནས་དང་སྐད་ཡིག་གཉིས་ཀ་ཡོད་སའི་མི་རིགས་ཤིག་རེད། འོན་ཀྱང་། ང་ལ་མཚོན་ན། གོང་དུ་བཤད་ཟིན་པ་ལྟར། རང་གི་མི་རིགས་ལ་བཅངས་པའི་ལྷག་བསམ་རྣམ་དག་དེས་ཀུན་ནས་བསླངས་ཏེ། གཞན་ལ་སྐྱོན་བརྗོད་དང་མེད་རབས་དང་མི་ཐུབ་རབས་རྐྱང་རྐྱང་བཤད་འདུག་པ་ལས། རང་སྟེང་ནས་གོམ་པ་གཅིག་སྤོ་ཐུབ་སོང་བ་ཡིན་ན། ད་གཟོད་མེད་པ་ཞིག་ཡོད་པར་ཆགས་སོང་བ་རེད་ལ། མི་རབས་རྗེས་མ་དག་གིས་ཀྱང་ཡོད་པ་ཞིག་ཡར་རྒྱས་གཏོང་དགོས་ན་སྟབས་བདེར་ཆགས་འགྲོ་གི་རེད་བསམས་ནས། ལས་གཞི་འདི་བསྒྲུབས་པ་རེད། དེ་བཞིན་བརྗོད་བྱའི་ཆ་ནས་ཀྱང་། གཙོ་བོ་བོད་རང་གི་ཁྱིམ་ཚང་དཀྱུས་མ་ཞིག་གི་འགྲོ་ཆགས་ཉལ་འདུག་གཞིར་བཞག་ནས། ད་གཟོད་གྲོང་གསེབ་དང་གྲོང་ཁྱེར་བར་གྱི་ཁྱད་པར། ཡ་རབས་དང་མ་རབས་ཀྱི་ཁྱད་པར། དེ་བཞིན་དེ་རིང་ཁ་སང་གི་སློབ་གྲྭ་བ་དང་ཁྱིམ་ཚང་གི་ཕ་མའི་བར་ལ་གནད་དོན་ཅི་ཞིག་བྱུང་གི་ཡོད་མེད་སོགས་གང་ཐུབ་ཐུབ་ཀྱིས་ང་ཚོར་འཁྲད་བཞིན་པའི་དཀའ་ངལ་མང་བོ་ཞིག་གློག་བརྙན་འདི་བརྒྱུད་ནས་གཟུགས་རིས་སུ་འགོད་ཨེ་ཐུབ་བལྟས་ཡོད། 
དྲི་བ།

      ཁྱེད་རང་ལ་མཚོན་ན་ཕྱི་སྡོད་བོད་མི་ཞིག་ཡིན་པར་མ་ཟད་བོད་མི་ཧ་ཅང་ཉུང་སའི་རྒྱལ་ཁབ་དག་ཏུ་གནས་སྡོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས།   ཁྱེད་ཀྱི་གློག་བརྙན་དེའི་འཁྲབ་སྟོན་མི་སྣ་དག་མི་རིགས་གཞན་པ་ཡིན་ནམ། དེ་བཞིན་དུ་ཁྱེད་ཀྱི་འདོད་བློ་དང་མཚམས་པའི་འཁྲབ་སྟོན་པ་ཞིག་འཚོལ་བར་དཀའ་ཁག་འདྲ་བྱུང་སོང་ངམ།  

ལན།

   ང་འདུག་ས་དང་འགྲོ་ས་ལ་བོད་རིགས་ཉུང་ཉུང་རེད། དེར་བརྟེན། ང་ཕྱིར་རྒྱ་གར་ལ་སོང་ནས་འཁྲབ་གཞུང་འདི་འཁྲབ་དགོས་བྱུང་བ་རེད། སྤྱིར་སྟངས་འཁྲབ་སྟོན་པ་ཚད་ལྡད་ཞིག་གམ་ཡང་ན་དེའི་ཕྱོགས་ལ་ཆེད་ལས་བྱེད་མཁན་ང་ཚོ་ལ་མཚོན་ན་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་ནི། ང་ཚོ་སྒེར་གཞུང་གཉིས་ཐད་ནས་འཁྲབ་སྟོན་པ་སྐྱེད་བསྲིང་དང་དེའི་ཕྱོགས་ལ་དོ་སྣང་ཆེན་པོ་མེད་ཚོད། འོན་ཀྱང་། ང་ལ་མཚོན་ན། བློ་འདོད་དང་འཚམས་པ་ཞེས་བཤད་མི་ཐུབ་ཀྱང་། གློག་བརྙན་འཁྲབ་གཞུང་འདིའི་ནང་གི་འཁྲབ་སྟོན་པ་ཚང་མས་དཀའ་ཁག་ལ་མ་འཛེམས་པར་ཕྱོགས་གང་ཐད་ནས་མཐུན་རྐྱེན་དང་རྒྱབ་སྐྱོར་མི་དམན་པ་ཞིག་བྱས་སོང་། ངས་ནམ་རྒྱུན་ཁོང་ཚོའི་བཀའ་དྲིན་བརྗེད་ཀི་མེད། ཞོར་འཕྲོས་ཀྱི་ཚུལ་དུ་བཤད་ན། ང་ཚོས་ད་བར་འཁྲབ་སྟོན་པ་སྐྱེད་བསྲིང་དང་གསོ་སྐྱོང་མ་བྱས་པ་འམ། ཡང་ན་སྣང་མེད་བྱས་བསྡད་པ་ཙམ་ལས། ང་ཚོ་ལ་འཁྲབ་སྟོན་པ་མེད་སོང་བ་ཞིག་གཏད་ནས་མ་རེད། 
དྲི་བ།

    སྐབས་བབ་འདིར་མཚོན་ན་བོད་མི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ། ཡང་ན་བོད་ཀྱི་གློག་བརྙན་སོགས་ལྟོས་བཅས་ཀྱིས་ཡར་རྒྱས་གོང་འཕེལ་དང་གྲངས་ཀྱི་ཆ་ནས་ཀྱང་མང་ཙམ་ཞིག་འབྱུང་གིན་ཡོད་པའི་གནས་སྟངས་འདིའི་ཁྲོད་ནས། བོད་ཀྱི་ཉེ་བའི་ཆར་སྤྱི་ཚོགས་སུ་འགྲེམས་སྤེལ་བྱས་ཟིན་པའི་གློག་བརྙན་དག་གི་ཁ་ཕྱོགས་སྟངས་དང་། བརྙན་མིག་བསྐོལ་སྟངས། ཡང་ན་བོད་ཀྱི་འཁྲབ་སྟོན་མི་སྣ་དག་གི་སྒྱུ་རྩལ་གྱི་རྣམ་འགྱུར་སྟོན་ལུགས་སོགས་ཀྱི་ཐད་ནས་ཁྱེད་ལ་བསམ་ཚུལ་ག་འདྲ་ཞིག་ཡོད། དཔེར་ན་བོད་ཀྱི་ཉེ་རབས་ཀྱི་གློག་བརྙན་དག་གི་ཁྲོད་ནས་དཔེར་མཚོན་འདྲ་དྲངས་རྒྱུ་ཡོད་དམ།

ལན། 

     དྲི་བ་འདི་དྲིས་ནོ་བཀའ་དྲིན་ཆེ། འོན་ཀྱང་། འདིའི་ཕྱོགས་ནས་ངས་སྐད་ཆ་མང་བོ་ཞིག་བཤད་མི་ཐུབ་ཀི རྒྱུ་མཚན་ནི། ང་རང་ད་རུང་གོམ་པ་དང་བོ་སྤོ་ནས་འགྲོ་བཞིན་ཡོད་དུས། གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་ད་རུང་སྔ་དྲག་པ་རེད། ཡིན་ན་ཡང་། མི་རིགས་གཞན་གྱི་གློག་བརྙན་བསྒྲིགས་སྦྱོར་བྱེད་སྟངས་དང་། འཁྲབ་གཞུང་འབྲི་སྟངས། འཁྲབ་སྟོན་པའི་ཉམས། པར་རྒྱག་སྟངས། སྐད་ཆའི་སྒྱུ་རྩལ། ཐ་ན་གློག་གི་མཛེས་བཀོད་སོགས་ཕྱོགས་གང་ཐད་ནས་མི་རིགས་གཞན་དང་བསྡུར་ན། ད་རུང་ང་ཚོ་ལང་ཚོ་མ་སྨིན་པའི་བྱིས་པ་ལོ་གསུམ་ཞིག་དང་འདྲ་བས། མུ་མཐུན་ནས་འདིའི་ཕྱོགས་ལ་དོ་སྣང་དང་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་ན་ནི། དེ་ནི་ང་ཚོ་ཚང་མའི་གཟི་བརྗིད་ཅིག་རེད་བསམ་བསྡད་ཡོད།
དྲི་བ།  

      ཁྱེད་ཀྱིས་བསམ་ན་སྐབས་བབ་འདིར་བོད་ཀྱི་གློག་བརྙན་དག་གི་ཁ་ཕྱོགས་སྟངས་དེ་རྣམ་པ་ག་འདྲ་ཞིག་གི་སྟེང་ནས་ལམ་ལ་ཆས་ན་ལེགས་སྙམ། ཁྱེད་ལ་མཚོན་ན་ནམ་རྒྱུན་ཕྱིའི་རྒྱལ་ཁབ་མང་པོ་འགྲིམ་མཁན་ཞིག་ཡིན་པའི་ཆ་ནས། གློག་བརྙན་གྱིས་མིའི་རིགས་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་ཀྱིན་འདུག་པ་དང་། དེའི་དགེ་མཚན་གཙོ་བོ་དེ་རྣམ་པ་ཅི་འདྲ་ཞིག་གི་སྟེང་ནས་མཐོང་གིན་འདུག  

ལན། 

     གློག་བརྙན་གྱིས་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནས་ཚུལ་མང་བོ་ཞིག་རི་མོ་བཞིན་ང་ཚོའི་མིག་ལམ་ལ་བསྟན་ཡོང་དུས། འདིའི་ནང་ལ་ལེགས་བཤད་དང་བསླབ་བྱ་མང་བོ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེར་བརྟེན། གློག་བརྙན་ནི་སྤྱི་ཚོགས་ཀྱི་ལེགས་ཉེས་མང་བོ་ཞིག་གཟུགས་བརྙན་བཞིན་ང་ཚོའི་མིག་ལམ་ལ་སྟོན་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་རེད། གློག་བརྙན་གྱིས་ང་ཚོ་བོད་ཙམ་མ་ཟད་སྤྱིར་འགྲོ་བ་མིའི་རིགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་། རྣམ་པ་གང་ཞིག་གི་ཕྱོགས་ནས་ཤུགས་རྐྱེན་ཐེབས་མིན་དྲིས་ཡོང་དུས། དེ་ནི་བརྗོད་བྱ་ལ་བལྟས་ཏེ་བཤད་དགོས་ཞིག་ལས། གློག་བརྙན་ཚང་མ་གཅིག་པ་མ་རེད།

དྲི་བ།

      མཐར་ཁྱེད་ཀྱིས་བོད་ཀྱི་གློག་བརྙན་ཕབ་བསྐྲུན་པ་དག་ལ་དམིགས་བསལ་གྱིས་བཤད་འདོད་པ་ཅི་ཞིག་ཡོད། 
ལན། 

      དམིགས་བསལ་ཞུ་རྒྱུ་མེད། འོན་ཀྱང་། རྗེས་ཕྱོགས་ང་ཚོས་མཉམ་འབྲེལ་དང་། ཕན་ཚུན་བར་ལ་བསམ་བློ་བརྗེ་རེས། དེ་བཞིན་གཅིག་གིས་གཅིག་ལ་རོགས་སྐྱོར་དང་། མཉམ་འཛོམས་བྱས་ནས་འདི་ཕྱོགས་ལ་བགྲོ་གླེང་རེ་བྱ་ཐུབ་ན། དེ་ནི་ང་ཚོའི་མིག་སྔར་ལྷག་པའི་སྟོང་ཆ་དེ་དག་བསྐངས་བར་ཕན་པ་མ་ཟད། མཐུན་སྒྲིལ་གྱི་ཕྱོགས་ལ་ཡང་ཕན་པ་ཆེན་པོ་ཞིག་ཡོང་གི་འདུག 
དྲི་བ།

     མཐར་ཁྱེད་ཀྱི་མི་ཚེའི་ཕུགས་འདུན་དང་ལུས་སེམས་མཐའ་དག་དོན་སྨོན་འབྱུང་བའི་སྨོན་འདུན་ཞུ། ཞལ་དྲོ།    

ལན། 

       བཀའ་དྲིན་ཆེ།

སྤྱི་ལོ་2014ལོའི་ཟླ10བར།


དྲྭ་ཚིགས་གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
oler བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
15087486
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号