རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བརྒྱད་པ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 19 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བརྒྱད་པ།
རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་བརྒྱད་པ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/16ལྟ་ཀློག (2662)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༈ ཟླ་ངོགས་ཀྱི་བརྩེ་བ།


ཟླ་ངོགས་ཀྱི་སྒེའུ་ཁུང་གི་མེ་ལོང་དུ་བཤམས་པའི།
གསེར་གྱི་སྐར་མ་ཁེར་འགྲོ་དེས།
མེ་ཏོག་གི་ལང་ཚོ་གྱོན་ནས།
རྒྱུད་དྲུག་གི་པི་ལྦང་དཀྲོལ་གྱིན།

ངའི་བརྩེ་བའི་དབེན་གྲོང་དུ་བསླེབས་ནས།
དཀར་གཉེན་གྱི་འཇམ་པའི་འཛུམ་ཆུང་མངོན་ཞིང་།
རེས་གཟན་དམར་པོའི་སྣེ་མོར་བཟུང་བ་འདྲ་ལ།
མིག་མདངས་ན་གཏན་དུ་ང་གླེང་གིན་གདའ།

རྨི་ལམ་མཚར་པོའི་རྒྱབ་ལྗོངས་ཀྱི་ཧྲག་བར་ན།
སྒྲོ་མདོངས་ཀྱི་མེ་ཏོག་གི་འདབ་མའི་འཕག་འཚག་རྒྱག་གིན།
ཟེའུ་འབྲུ་གཡོ་གྱིན་གཡོ་གྱིན།
ལྷིང་འཇགས་ཀྱི་སྐར་མ་དཀྲོགས་སོང་།

སྦྲང་རྩི་གཞིབ་པའི་ངའི་མཆོད་ཡོན་གྱི་སྟེགས་བུ།
ཞེན་ཆགས་ཀྱི་སྐར་མའི་ཁྱེར་ནས་རྒྱང་ལ་བཞུད་དེ།
བསམ་གཞིག་གི་སྒོ་མོ་ནས་འཁྲིད་ཅིང་།
རྟེན་འབྱུང་གི་རྨི་ལམ་དང་འདྲེས་སོང་།
དེ་ནས། ངའང་ཚོན་མདངས་ཀྱི་སྨུག་སྤྲིན་དུ་གྱུར་བ་འདྲ།

         ༢༠༡༥/༠༣/༡༨/ཉིན།                
       ༈ ཁེར་རྐྱང་།
                           
ནམ་རྒྱུན། ཁེར་རྐྱང་གིས།
བྱེ་མའི་རིལ་བུ་སྤུངས་བཞིན།
རང་ཉིད་ཀྱི་སྒྲོམ་གཞི་ཁོ་ནའི་ནང་དུ་བསྡད།
ཁེར་རྐྱང་ནི་བྱེ་ཐང་གི་ལྗང་མྱུག་ལྟ་བུར་ཆགས་ཡོད།
ཁེར་རྐྱང་ནི་རྫ་རྒྱུད་ཀྱི་སྤྱང་ཀི་ལྟ་བུར་ཆགས་ཡོད།
ད་དུང་། ཁེར་རྐྱང་ནི་མཁའ་དབྱིངས་ཀྱི་ཟླ་བ་ཇི་བཞིན།
གསལ་ལེར་རང་ཉིད་ཀྱི་གདོང་ཁོ་ན་རུ་འཚེར་ཡོད།
ཁེར་རྐྱང་། རྩིག་ལྡེབས་ངོས་སུ་བྲིས་པའི།
རི་མོ་བཞིན། གཞན་དང་འབྲེལ་བ་མེད།
ཁེར་རྐྱང་། སྤྲིན་གསེང་གི་རྣམ་ཤེས་ལྡོམ་པོ་ཞིག
ཁེར་རྐྱང་། མི་ཚོགས་ཀྱི་མགོ་བོ་དམའ་ས་ཞིག་ནས།
ངག་མི་སྨྲ་བར། སྡུག་བསྔལ་གྱིས་གནར་བཞིན།
སེན་འབྲེད་ཀྱིས་ཡིག་ཆུང་འགའ་བྲིས།
ད་དུང་། སྟོང་བའི་ཕྱི་ནང་གི་བར་དུ་ཟུག་སྟེ།
རྨི་ལམ་ཁེར་རྐྱང་གི་ས་སྒང་མྱུལ་ནས།
རྟེན་བཟང་གི་ལུས་ཕུང་ལྕི་མོ་དྲུད་དེ།
རང་ཉིད་ཀྱི་ལམ་མཐོང་བྱེད་ཀྱི་འོད་ཆུང་ཆུང་དེ་གས།
ཚང་ཚང་གི་དབེན་གནས་ཤིག་ནས་འཚོས་ནས།
ཁེར་རྐྱང་གི་གཟུགས་བརྙན་ཙམ་མངོན་ནས།
ཁ་གསོ་བྱེད་ཀྱི་ཆེས་ཐོག་མའི་འབར་ཞུན་སྒྲོན།
ཁེར་རྐྱང་། གློ་བུར་བའི་གྲགས་སྙན་གྱིས།
གནས་ལུགས་རྟོགས་སོང་ཟེར་ན་ཆོག་གམ།
ད་དུང་། སྟོང་ལྷིང་ལྷིང་གི་བེམ་པོས།
ཤེས་བྱ་ཐམས་ཅད་མཚོན་ནས་སམ།
ཁེར་རྐྱང་།
                 ༢༠༡༥/༠༢/༤/

                      ༈ བོད་དྲན་པ། •
________________________________
བོད་དྲན་དུས།
ཀ་ལི་དང་ཨ་ལིའི་དབྱངས་རྟ། 
བཅུ་ཕྲག་རིག་པའི་མེ་ཏོག་གི་ཟུང་ཤུགས།
ད་དུང་། དཔྱད་མི་ཚར་བའི་རྡོ་རིང་གི་ཡི་གེ།
གླེང་མི་ཚར་བའི་རྒྱལ་རབས་ཀྱི་གོ་རིམ་དང་བཅས། 
རིག་པའི་དཔའ་བའི་མཛད་རྣམ་དྲན་འོང་།
བོད་དྲན་དུས།
སེང་དཀར་མོ་གཉིས་ཀྱི་དཔའ་ངར་དང་བཅས།
གདོང་སྨུག་པོ་དང་རྟུལ་ཕོད་ཀྱི་གཤིས་ཀ
རང་བཞིན་བྱང་སེམས་དང་སྙིང་རྗེ་ལྡན་པ།
ད་དུང་། གཡོ་སྒྱུ་ལས་མ་འཁྲུངས་པའི་གཏམ་རྒྱུད་བཅས།
དོན་སྤྱི་རབ་རིབ་ཅིག་གི་མགོ་རྔ་དྲན་འོང་།
བོད་དྲན་དུས།
སྙིང་ཁར་འཛེར་མ་བརྡེབས་པ་དང་འདྲ་ལ།
བཟོད་མི་ཐུབ་པའི་ཁྲག་དྲིའི་གཏམ་རྒྱུད་དང་བཅས།
ད་དུང་། མེ་དཔུང་གི་ལེའུ། རྡེའུའི་ལེའུ། བཀྲེས་སྐོམ་གྱི་ལེའུ།
བཙོན་ཁང་གི་ལེའུ། མིག་ཆུའི་ལེའུ་དང་བཅས། 
རང་དབང་མེད་པར་སེམས་ཀྱི་ཡང་རྩེ་ནས་དྲན་འོང་། 
ད་དུང་། བོད་དྲན་དགོས།
བོད་དྲན་པའི་སྙིང་གསེང་གི་ན་ཟུག་ལེན་དགོས།
དེའི་ཕྱིའི། ངས་རྟག་ཏུ་བོད་དྲན་བཞིན་ཡོད།

                                                ༢༠༡༥-༠༢-༡༣-
 
                ༈ ཕྱིར་མིག 

ཁུ་བྱུག་གི་དབྱངས་རྟ་སྙན་མོ་གྲགས་སྐབས་དེར།
རྫ་རིའི་སྨུག་གསེང་དུ་མེ་ཏོག་རྐང་གཅིག་གི་ལེགས་སྐྱེས་ཙམ་ལས།

དབང་ཤེད་ཆུང་བའི་ངའི་མི་ཚེ་ལ་ཅི་ཡང་མེད།
ཡིན་ནའང་། མཇུག་མཐའི་ཕྱི་མིག་གི་དྲན་ཤིང་ལས།
ངས་གཏན་ཐག་པ་ནས་འདས་སོང་གི་གཏམ་རྒྱུད་བརྗེད་མེད།

ཞེ་སྨྲེང་དང་ཁེར་རྐྱང་གི་གྲིབ་མ་འཁྲིད་དུས།
ལྷིང་འཇགས་ཀྱི་རྒྱ་མཚོའི་འགྲམ་དེ་ན།

ཁྲུང་ཁྲུང་གི་གཤོག་རྡེབ་དང་སྐྱོ་ངལ་གྱི་རྐང་རྗེས་ལས།
ད་བཟོད། ངས་མཇུག་མཐའི་ཕྱི་མིག་གི་ལོ་རྒྱུས་རྙེད།
དེ་དུས། ད་བཟོད་ངའི་མི་ཚེ་དང་རྨི་ལམ་གྱི་གོ་རིམ་ཤེས།

ལས་དབང་གི་རང་གཤིས་དང་འགྱོད་སེམས་ཀྱི་རྐང་གཞི།
དཀྱོགས་མཚམས་ལས་མ་བརྒལ་བར།
ཆེས་མཐའ་མཇུག་གི་དབུགས་ཀྱི་སྣང་བའི་སྐབས།

བདེན་གླུ་རེད་ཅེས་གླེང་བར་བྱ་བ། 
ཅིའི་ཕྱིར་རེད་དམ། ངས་གཏན་ནས་ཤེས་མ་ཐུབ། 
མིག་ཆུ་སྤུངས་པའི་རྒྱ་མཚོ་ལ་འདུར་དགོས།
ཕྱིར་མིག་ཡ། ཕྱིར་མིག།

                      ༢༠༡༥/༠༣/༣༠/ཉིན་དྷཱིཿཚ།
                      
       
          ༈ གཟི་མིག་གསུམ་པ།

བླ•་ཆེན་དཔོན་པོའི་མིང་ཅན་ཁྱེད་མིན་ལ།།
ནག•་པོ་ཧྥེ་གྲུག་ཕྱོགས་ཀྱི་ཁྱེད་མིན་ནོ།།
སྐལ•་ལྡན•་ལས་ཀྱི་རྒྱ་མཚོའི་རྦ་རླབས་ཁྲོད།།
ཁྱེད་ནི་གསེར་མིག་ཉྭ་བཞིན་མཆོང་ནས་འོང་།།
རི་ཆེན་ཧི་མ་ལ་ཡའི་ཚུར་རྒྱབ་དང་།།
བྱམས་སེམས་བོད་ཀྱི་མདོ་སྨད་འབྱུང་ཁུངས་ཀྱི།།
འབྲོག་སྡེ་ཕྱུག་མོ་མང་ཡུལ་ཞེས་བྱ་བར།།
ཁྱེད་ཀྱི་ཐོག་མའི་ངུ་སྐད་འུར་འུར་གྲགས།།
སྐྱེས་གཟུགས་དྲང་མོ་གསེར་མདའ་གཟི་ཅན་འདྲ།།
གདོང་མར་སྨུག་པོ་བོད་ཀྱི་རུས་རྒྱུད་ཅན།།
ཁྱེད་ཀྱི་སྐྲ་ལོའི་ཉག་མའི་ཡང་རྩེ་ན།།
ངེས་འབྱུང་མུ་ཏིག་དཀར་པོའི་འོད་ཟེར་འཕྲོ།།
གཤིས་རྒྱུད་འཇམ་ལ་གཞན་གྱིས་མ་བསླུས་པའི།།
ཨ་མདོ་འབྲོག་ཕྲུག་ཁྱེད་ཀྱི་སྙན་ངག་ནི།།
ས་སྒང་པདྨའི་ཁྱོན་དུ་འཐུལ་བ་ལས།།
ཁྱེད་ནི་གཤོག་པ་ཐོགས་པའི་གཡུ་སྦྲང་འདྲ།།
དབྱངས་ཀྱི་ལག་པའི་སེན་མོང་འདར་བ་དང་།།
རུས་རྐང་ཕྲ་མོའི་ཉིང་བཅུད་འཐུང་བཞིན་པའི།།
བློ་ཆེན་གཟི་མིག་གསུམ་པའི་པུར་མིང་ཅན།།
འཇིག་རྟེན་དཀར་ངོགས་ཕྱོགས་ནས་རྒྱས་པར་གྱུར།།
དད་སེམས་བླ་མའི་ལུང་དང་མ་འགལ་བའི།།
དྲིན་ཆེན་ཕ་མའི་ཐུགས་ཉིད་མ་དཀྲུགས་པའི།།
ཁྱེད་ཀྱི་རང་སེམས་མེ་ཏོག་ཟེའུ་འབྲུ་ཉིད།།
ང་དང་ང་འདྲའི་རྟག་ཏུ་ལེན་པར་འདོད།།
མདོར་ན་དྲི་བྲལ་འཇམ་མགོན་ལུགས་བཟང་གི།།
གྲོགས་སུ་གྱུར་བའི་ཤེས་ལྡན་སྣོད་ཅན་གྱི།།
ཚེ་ལ་སྨོན་ལམ་བཟང་པོའི་མཐུ་བྱིན་གྱིས།།
རླུང་རྟ་ལེབ་མོས་བཀྲ་ཤིས་བདེ་ལེགས་འབྱུང་།།


                ༈ རི་ཁྲོད་ཀྱི་དྲན་པ།
                              
      རྩེ་གཅིག་ཏིང་འཛིན་གྱི་ཀློང་དུ་ཟུག་ཅིང་།།
      འཇིག་རྟེན་འུར་བསྟོད་ཀྱི་གནས་དང་བྲལ་བའི།།
      ས་ཕུག་བྲག་ཕུག་གི་ཟུར་ན་འཚོལ་ཞིང་།།
      མེ་ཏོག་དཀར་དམར་གྱི་གསེབ་ཏུ་འཁྲུངས་པའི།།
      རི་ཁྲོད་དབེན་འཇེམ་གྱི་གནས་འདི་སྐྱིད་པ།།
      སྔོན་བསངས་ནམ་མཁའ་ཡི་སྤྲིན་དཀར་གཡོ་ཞིང་།།
      འདབ་ཆགས་སྣ་ཚོགས་ཀྱི་སྐད་སྒྲ་ཅོར་ཅོར།།
      རྦབ་ཆུའི་ཤག་སྒྲ་དང་སྡོང་བོའི་ནེམ་ལོས།།
      དྭངས་གཙང་མཁའ་དབུགས་ཀྱི་སྣང་ཚུལ་སྐྲུན་ན།།
      རི་ཁྲོད་གནས་མཆོག་འདི་ལྷ་ཡུལ་འདྲ་བྱུང་།།
      གྱེས་བྲལ་ཕ་མ་ཡི་ཞལ་རས་སྒོམ་ན།།  
      མི་རྟག་འཁོར་བ་ཡི་གནས་ལུགས་དྲན་འོང་།།
      མིག་ཆུའི་ལོ་ཟླ་ལ་རེ་ཞགས་འཕངས་ནས།།
     འདུ་བྲལ་ལྗོན་གསེང་ལོ་མ་གྱོན་ཡང་།།
     དྲན་པ་སྟོང་གྲངས་ཀྱི་སྡུག་བསྔལ་མ་ཆོད།།
     མཚམས་སྤྲིན་དཀར་དམར་གྱི་ནམ་མཁའི་ཁྱོན་དུ།།
     སྒྲོ་གདུགས་སྐོར་བ་ཡི་སྣང་བརྙན་མ་མཐོང་།།
     འཇའ་ཚོན་སྣ་ལྔ་ཡི་གུར་ཁང་དབུས་སུ།།
     སྐད་ཅིག་དབང་ངོ་ལ་སྣང་བའི་གྲུབ་ཆ།།
     དུས་ཀུན་ཡིད་བློ་ཡི་རྟོག་པས་མི་བརྗེད།།
     ཕར་ནང་ལུང་བ་ན་རྐང་རྗེས་མེད་ཅིང་།།
     ཚུར་ནང་རི་གྲོང་ན་སྣ་ཚོགས་མེད་པའི།།
     སེམས་གཙང་འདུ་ཤེས་ཀྱི་སྣང་བ་བཟུང་ནས།།
     རྒས་རྟགས་མི་ཉུང་བ་ཤར་མར་མངོན་པའི།།
     རི་ཁྲོད་དྲན་པ་འདིར་སུན་རྒྱུ་མི་འདུག།
     ཚེ་ཡི་དབུགས་རྒྱུན་འདི་ཇེ་ཆུང་ཇེ་ཆུང་།།
     ཞེན་ཆགས་འདུ་ཤེས་དེ་ཇེ་རྒོད་ཇེ་རྒོད།།
     མི་རྟག་རང་བཞིན་གྱི་ངོས་སུ་གྲུབ་ནས།།
     དུར་ཐང་རྣམ་ཤེས་ལ་གཤོག་པ་ཐོགས་ཀྱང་།།
     སྐུད་པ་ཁེར་རྐྱང་གི་བདག་འཛིན་མ་ཆོད།།

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
41t7 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41131283
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1