རྨེ་གྲྭ་ཚེ་རིང་བསམ་འགྲུབ་ངོ་སྤྲོད་མདོར་བསྡུས།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 20 རེས་གཟའ་སྤེན་པ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» ཤེས་ཡོན་པའི་སྡེ། »རྨེ་གྲྭ་ཚེ་རིང་བསམ་འགྲུབ་ངོ་སྤྲོད་མདོར་བསྡུས།
རྨེ་གྲྭ་ཚེ་རིང་བསམ་འགྲུབ་ངོ་སྤྲོད་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/17ལྟ་ཀློག (26285)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

རྨེ་གྲྭ་ཚེ་རིང་བསམ་འགྲུབ་ཀྱི་ཕྱག་ལས་ངོ་སྤྲོད།


༡༽  སྐྱེས་ཡུལ།

དངོས་མིང་།    རྨེ་གྲྭ་ཚེ་རིང་བསམ་འགྲུབ།  

སྐྱེས་ཡུལ།  སི་ཁྲིན་ཞིང་ཆེན་ཁྱུང་མཆུ་རྫོང་སྟེ་མདོ་སྨད་ཨ་མདོའི་ཁོངས་གཏོགས་ཤར་དུང་རིའི་ཉེ་འགྲམ།

༢༽  སློབ་གཉེར་གྱི་བརྒྱུད་རིམ།

༡༩༨༨ ལོར་རང་ཡུལ་ཕ་ཡུལ་གསེར་དེའུ་ཡུལ་ཚོ་ནས་སློབ་ཆུང་མཐར་ཕྱིན།  

༡༩༨༩ ལོ་ནས་རོང་ཐ་དགོན་པར་ཞུགས་ཏེ་འདོན་ཆའི་སྐོར་དང་བཅའ་འབུད་བརྡུང་གསུམ་སོགས་དཔྱིས་ཕྱིན་པར་བསླབས་ཏེ་རང་དགོན་ནས་དབུ་ཆེན་དང་དགེ་སྐོས་སོགས་ཀྱིས་འགན་བཞེས། 

༡༩༩༨ ལོར་རྒྱལ་སྤྱིའི་སྟེང་གི་ནང་བསྟན་སློབ་གྲྭ་ཆེས་ཆེ་བ་ཁམས་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་ནས་ནང་བསྟན་ཆེད་སྦྱང་བྱས།  

༢༠༠༣ ལོར་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་ནས་རིག་གནས་ཆེད་མཁས་པའི་མཐོ་རིམ་མཐར་ཕྱིན།

༢༠༠༩ ལོ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་ཆེན་མཐར་ཕྱིན།  

༢༠༡༢ པེ་ཅིང་མཐོ་རིམ་ནང་བསྟན་སློབ་གླིང་དུ་ཞུགས་ནས་ནང་རིག་ཆེད་སྦྱོང་བྱས།  

༢༠༡༣  ལོ་སི་ཁྲོན་ཞིང་ཆེན་བོད་ཀྱི་རིག་གནས་ཞིབ་འཇུག་ཆེད་མཁས་རབ་འབྱམས་པའི་མིང་རྟགས་ཐོབ།

༣༽ བརྩམས་ཆོས་ཀྱི་སྐོར།

     ༡  《སུམ་རྟགས་དག་གསུམ་རྩ་འགྲེལ།》 ༢  《དུས་རབས་ཀྱི་སྟེགས་བུ།》    ༣  《གདན་རབས་ལོ་རྒྱུས།》      ༤  《རྒྱུན་ཤེས་གླིང་ག》  ༥ 《འཚོ་བའི་ལག་རྟེན།》 ༦《འགྲོ་འདུག་ལག་དེབ།》   མིག་སྔར་དེབ་དྲུག་དཔར་དུ་བསྐྲུན་ཟིན་པ་དང་། འགྲུབ་ལ་ཉེ་བའི《མི་ཚེའི་རྒྱང་མཐོང་》བཅས་ཁོང་གིས་མཛད་པའི་དེབ་བདུན་ཡོད།

༤༽ བརྩམས་ཆོས་ཀྱི་སྒུལ་ཤུགས།

     《སུམ་རྟགས་དག་གསུམ་རྩ་འགྲེལ》གྱི་དཔེ་ཆ་དེ་སྤྱི་ཚོགས་ཁྲོད་ཧ་ཅང་དར་སྤེལ་དུ་སོང་ཡོད་པར་མ་ཟད་ཕྱོགས་སོ་སོ་ནས་ཚད་མཐོ་བའི་གདེངས་འཇོག་དང་དགའ་བསུ་ཆེན་པོ་ཐོབ་པ་དང་།  ཚིག་དོན་འགྲེལ་ཆགས་པ་གོ་བདེ་བ་སོགས་ལས་ད་སྐབས་གསེར་ཐང་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དང་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་སོགས་ནང་བསྟན་སློབ་གྲྭ་དང་དགོན་སྡེ་བཤད་གྲྭ་ཟབ་སྦྱོང་འཛིན་གྲྭ་སོགས་མི་ཉུང་བ་ཞིག་གི་ཁྲིད་གཞིའི་དཔེ་ཆ་ཉིད་དུ་གྱུར་ཡོད། 《དུས་རབས་ཀྱི་སྟེགས་བུའི་》དཔེ་ཆ་དེ་དེང་རབས་སློབ་གསོའི་ཚད་གཞིར་སོན་པའི་དཔེ་དེབ་ཀྱི་དགའ་རྟགས་ཐོབ་པ་དང་།  མཚོ་སྔོན་རླུང་འཕྲིན་ཁང་སོགས་ནས་གདེངས་འཇོག་ཆེན་པོ་ཐོབ་ཡོད་པར་མ་ཟད། དུས་རབས་དང་མཐུན་པའི་ན་གཞོན་སློབ་གསོ་བ་ཞེས་ཁོང་ལ་བསྔགས་བརྗོད་གནང་བ་མ་ཟད་བཅར་འདྲི་ཡང་གནང་།   《རྒྱུན་ཤེས་གླིང་ག》དཔེ་དེབ་དེའི་ནང་འཛམ་གླིང་གི་རྒྱུན་ཤེས་གལ་ཆེན་དག་རྩལ་འདོན་བྱས་རྐྱེན་དྲ་ལམ་ཀློག་པ་པོ་མང་པོས་ལྷག་ཏུ་དེང་གི་ཤེས་བྱ་སློབ་འདོད་དག་གིས་དགའ་བསུ་མི་དམན་པ་ཐོབ་པར་མ་ཟད། རྩོམ་པ་པོ་གང་མང་ཞིག་གིས་དོ་སྣང་ཆེན་པོ་བྱ་ཡུལ་གྱི་བརྩམས་ཆོས་ཤིག་ཡིན།     

     《འཚོ་བའི་ལག་རྟེན》དང་《འགྲོ་འདུག་ལག་དེབ》 ཀྱི་དེབ་འདི་གཉིས་ནི་དུས་རབས་གསར་བའི་མིའི་འགྲོ་འདུག་སྤྱོད་ལམ་ལ་ཉེ་བར་མཁོ་བའི་འཕྲོད་བསྟེན་སྐོར་དང་འཛམ་གླིང་ངོ་མཚར་བའི་ཤེས་བྱ་གལ་ཆེན་ཏེ་མ་ཤེས་ཐབས་མེད་ཀྱི་རྒྱུན་ཤེས་སྐོར་ཚིག་ཉུང་དོན་འདུས་ཀྱི་ལམ་ནས་བྲིས་ཡོད།  

     དེ་བས་སྤྱི་ཚོགས་ལ་ཁ་གཏད་ཅིང་བོད་ཡིག་ཀློག་ཤེས་པ་ཙམ་གྱི་ཚིག་དོན་གོ་སླ་ལ་བརྗོད་བྱ་མིའི་འཚོ་བ་དང་ཁ་བྲལ་ཐབས་མེད་ཅིང་དངོས་ཕན་ཆེ་བའི་རྐང་པ་ཡ་གཅིག་ལྟ་བུ་ཞིག་ཡིན། དེ་བས་ཁོང་གི་བརྩམས་ཆོས་ལ་ཡིད་མཁྲེང་ཞིང་མིའི་བྱ་བ་དང་། འབྲེལ་བ། འཚོ་བ་སོགས་འགྲོ་འདུག་སྤྱོད་ལམ་གྱི་འཚོ་བའི་རྒྱུན་ཤེས་བསླབས་ཏེ་རང་ཉིད་མི་བུ་ཚད་ལྡན་དུ་བཅོས་པ་དང་། འཕྲོད་བསྟེན་གོམས་པར་བྱས་ཏེ་རང་ལུས་ནད་མེད་བདེ་ཐང་ཞིག་སྐྱེད་སྲིང་འདོད་པའི་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ལ་དེབ་ཆུང་འདི་དུས་རབས་གསར་བའི་མིའི་ལམ་སྟོན་ཅིག་ཏུ་མཐོང་སྟེ་ཆེད་དུ་དཔེ་ཀློག་བྱ་བར་སྐུལ་མ་བཏང་བ་ཡིན། ཉེ་ཆར་བོད་ཆོལ་ཁ་གསུམ་དུ་ཆེས་རྒྱུག་ཆེ་བའི་དེབ་ཀྱི་གྲས་སུ་ཐོན་ཡོད།

༥༽ ཧི་མ་ལ་ཡའི་རིག་མཛོད་ཁང་གི་ཕྱག་ལས། 

       རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ནི་ཧི་མ་ལ་ཡའི་རིག་མཛོད་ཁང་གི་སྤྱིའི་གཙོ་གཞོན་དང་། 《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》ཡི་དཔེ་ཚོགས་བསྡུ་སྒྲིག་དང་རྩོམ་སྒྲིག་སོགས་ཀྱི་ལས་གཞི་སྤྱིའི་ལྟ་སྐུལ་བའི་འགན་ཡོངས་བཞེས་ཏེ་ཕྱག་ལས་གནང་བཞིན་ཡོད་ལ།

༦༽   རིག་མཛོད་རྩོམ་སྒྲིག་གི་ཕྱག་ལས། 

       《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》དཔེ་ཚོགས་འདི་ནི་མིག་སྔར་འཛམ་གླིང་སྟེང་བོད་ཀྱི་རིག་གཞུང་ཀུན་བསྡུ་སྒྲིག་བྱས་ཡོད་པའི་རིག་མཛོད་ཕོན་ཆེ་ཤོས་གཅིག་པུ་དེ་ཡིན་ལ། ད་སྔོན་བོད་ལ་མཚོན་ན་བཙན་པོའི་དུས་སྐབས་ཀྱི་ཕོ་བྲང་ལྡན་དཀར་གྱི་དཔེ་ཚོགས་དང་། ཏུན་ཧོང་དཔེ་ཚོགས་སོགས། བསྟན་པ་ཕྱི་དར་དུས་ཀྱི་བཀའ་བསྟན་དཔེ་ཚོགས་དང་། སྐྱེས་ཆེན་དང་མཁས་པ་སོ་སོའི་གསུང་འབུམ་དཔེ་ཚོགས། བསྟན་པ་ཡང་དར་སྐབས་ཀྱི་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་ཆོས་བརྒྱུད་སོ་སོ་དང་མི་སྣ་སོ་སོའི་དཔེ་ཚོགས་ཅི་རིགས་ཤིག་གྲུབ་མོད། བོད་གངས་ཅན་གྱི་རིག་གཞུང་ཡོངས་རྫོགས་ཕྱོགས་བསྡུས་ཀྱི་དཔེ་ཚོགས་ཏེ་བོད་སྤྱིའི་རིག་གནས་ཀྱི་ཚབ་མཚོན་ཐུབ་པའི་རིག་མཛོད་ཅིག་གྲུབ་ཐུབ་མེད་པར་མ་ཟད། དཔེ་རྙིང་ཕལ་མོ་ཆེ་ནི་དཔེ་ཚོགས་སུ་ཡང་མ་གྲུབ་པར་ཡུལ་སོ་སོར་ཁ་འཐོར་གྱི་ཚུལ་དུ་བཞུགས་ཡོད་པ་ལགས་ཤིང་། མིག་སྔར་དཔར་དུ་བསྐྲུན་ཟིན་པའི་དཔེ་ཚོགས་ཐོར་བུ་རྣམས་རྫོགས་པར་ཕྱོགས་བསྡོམས་བྱས་ན་ཡང་བོད་ཀྱི་རིག་གཞུང་ཡོངས་ཀྱི་བཅུ་ཆའི་གཅིག་ཙམ་ལས་མི་ཟིན་པར་སྣང་།  

       སླད་ཀྱང་འདི་མུར་ལུས་ན་མི་རིགས་རིག་གཞུང་གི་ཚབ་མཚོན་དཔེ་ཚོགས་ཆེན་མོ་ཞིག་འགྲུབ་དཀའ་བར་མ་ཟད་། བོད་ཀྱི་སྔོན་བྱོན་མཁས་པའི་གསུང་རབ་རིན་ཐང་བྲལ་བ་མང་པོ་ཞིག་གབ་སྦས་དང་འཐོར་གྱར་ཆུད་ཟོས་སོགས་སུ་འགྲོ་བའི་ཉེན་ཁར་ཡང་གྱུར་ཡོད།

      དེས་ན་བོད་ཡུལ་གྱི་རིག་གཞུང་ཆ་ཚང་ཕྱོགས་བསྡུས་སྒོ་ནས་བོད་གངས་ཅན་གྱི་རིག་མཛོད་ཆེན་མོ་ཞིག་ལེགས་སྒྲིག་བྱ་རྒྱུ་ནི་དགོས་གལ་ཆེས་ཆེ་བའི་དུས་མཚམས་སུ་སླེབས་ཡོད་ལ། དགོས་དོན་དེར་ཆེད་དམིགས་ཀྱིས་ཁཧི་མ་ལ་ཡའི་རིག་མཛོད་ཁང་གིས་མ་བསྐུལ་དང་བླངས་སྒོས་གཞི་རྒྱ་ཆེ་བའི་ལས་གཞི་སྟེ《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》འདི་ཉིད་བསྡུ་སྒྲིག་དང་ཞུ་དག་པར་སྐྲུན་བཅས་ཀྱི་ལས་རིགས་འདི་ལ་ཞུགས་པ་ཡིན།     

      སྤྱིར་རྒྱལ་ཁབ་དང་མི་རིགས་ཤིག་གི་རིག་མཛོད་དམ་དཔེ་ཚོགས་ནི་རྒྱལ་ཁབ་དང་མི་རིགས་རང་གི་རིག་གནས་ཧྲིལ་བོ་མཚོན་ཐུབ་པའི་རིག་གཞུང་ཀུན་འདུས་ཤིག་ཡིན་དགོས་པར་མ་ཟད། རྒྱལ་ཁབ་དང་མི་རིགས་གཅིག་ལ་ཚབ་མཚོན་གྱི་རིག་མཛོད་དང་དཔེ་ཚོགས་ཤིག་ཅིས་ཀྱང་ཡོད་དགོས་ངེས་སུ་ཡང་གྱུར་ཡོད།      

      ཚུལ་དེ་བཞིན《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》འདི་ནི་བོད་མི་རིགས་ཀྱི་རིག་གཞུང་སྤྱིའི་ཚབ་མཚོན་ནུས་པའི་རིག་མཛོད་དཔེ་ཚོགས་ཆེན་མོ་ཞིག་ཡིན་ལ། ཡུལ་དུས་དང་ཆོལ་ཁ་ཆོས་བརྒྱུད་ཀྱི་དབྱེ་མཚམས་མེད་པར་བོད་ཡིག་ཐོག་ཏུ་ཡོད་པའི་རིག་གཞུང་རྫོགས་པར་ཕྱོགས་གཅིག་བསྡུས་ཀྱི་དཔེ་ཕྲེང་ཆེས་རིང་མོ་ཞིག་ཏུ་གྲུབ་ནས་ཡོད།

      དཔེ་ཚོགས་འདི་ཚོད་རྩིས་ལྟར་ན་པོད་གྲངས་སྟོང་ཕྲག་འགའ་ཡོད་ངེས་ཤིང་།   དེ་ནི་འཛམ་གླིང་གི་ལོ་རྒྱུས་སྟེང་མཐོང་དཀོན་པའི་པར་སྐྲུན་གྱི་ཟིན་ཐོ་གསར་བ་ཞིག་ཡིན་པར་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་རྡོ་རིང་ལྟ་བུའི་རིག་མཛོད་ཆེན་མོ་བཞེངས་སྐྲུན་ཞིག་ཡིན་པས། དེ་ནི་བསྐལ་བའི་བར་དུ་ཡང་ཉམས་མེད་ཀྱི་གཟི་བརྗིད་དང་རིན་ཐང་མཚན་སྙན་ཅན་གྱི་བཞེངས་སྐྲུན་ཞེས་ཀྱང་བརྗོད་ཆོག

རིག་མཛོད་ཀྱི་རིག་ཚན་བཅོ་བརྒྱད།

     སྤྱི་ལོ 2017ཟླ7 པའི་ནང་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་གཙོ་སྒྲུབ་འོག་གྲོང་ཁྱེར་སྤོས་ལྡན་དུ་ས་དགེ་བཀའ་རྙིང་ཇོ་བོན་བཅས་ཀྱི་སྐྱེས་ཆེན་མཁས་པའི་དབང་པོ་དང་། བོད་ཀྱི་གནའ་དེང་རིག་གནས་ལ་མཁས་པའི་མདོ་དབུས་ཁམས་གསུམ་གྱི་དགེ་རྒན་ཆེན་མོ་དང་ཆེད་མཁས་པ་བཅས་མི་སྣ་བརྒྱ་ཕྲག་ལྷག་བསྡུ་སྐོང་གིས་རིག་ཚན་དབྱེ་བསྡུ་སྐོར་ལ་ཆེད་དམིགས་ཚོགས་འདུ་དང་བགྲོ་གླེང་བྱས་ཤིང་། 2019 ལོར་རྨང་གཞི་དེའི་སྟེང་རྒྱལ་ཡོངས་བོད་ཡིག་དཔེ་རྙིང་རིགས་དབྱེ་བྱ་ཐབས་ཀྱི་ཆེད་མཁའི་མི་སྣའི་གྲོས་ཚོགས་སྐབས་སུའང་དགོངས་གཞི་བཏོན་པ་ལྟར། མཇུག་མཐར་སྤྱིའི་དབྱེ་བ་རིག་པའི་གནས་ཆེན་བཅོ་བརྒྱད་དུ་གཏན་འབེབས་བྱུང་དོན་ལྟར། བསྡུ་བྱ་བོད་ཀྱི་རིག་གཞུང་ཡོངས་རྫོགས། སྡུད་བྱེད་རིག་པའི་གནས་ཆེན་བཅོ་བརྒྱད། བསྡུ་ཚུལ་མ་ལུས་ཀུན་འདུས་ཚུལ་གྱིས《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》འདི་ཉིད་ལེགས་སྒྲིག་བྱེད་རྒྱུའི་གཏན་འབེབས་བྱུང་།

 

      རིག་ཚན་བཅོ་བརྒྱད་ནི།  ཀ༽ སྒྲ་རིག་པ།        ཁ༽ ཚད་མ་རིག་པ།      ག༽ བཟོ་རིག་པ། ང༽ གསོ་བ་རིག་པ།     ཅ༽ ནང་དོན་རིག་པ།     ཆ༽ སྙན་ངག་རིག་པ། ཇ༽ མངོན་བརྗོད་རིག་པ།  ཉ༽ སྡེབ་སྦྱོར་རིག་པ།    ཏ༽ ཟློས་གར་རིག་པ། ཐ༽ རྩིས་རིག་པ།    ད༽ ལོ་རྒྱུས་རིག་པ།    ན༽ བོན་རིག་པ། པ༽ གེ་སར་རིག་པ།   ཕ༽ གཏེར་ཆོས་རིག་པ།  བ༽ དཀར་ཆག་རིག་པ། མ༽ ཁྲིམས་ཡིག་རིག་པ།  ཙ༽ ཡུལ་སྲོལ་རིག་པ།   ཚ༽ མི་ཆོས་རིག་པ་བཅས་སོ། །

 

ཉེ་ལམ་རིག་མཛོད་ལེགས་འགྲུབ་བྱུང་ཟིན་པའི་སྐོར།

       སྤྱི་ལོ2012ལོ་ནས2019ལོའི་བར་གྱི་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་རིག་མཛོད་ཆེན་མོ་ལས་བསྡུ་སྒྲིག་དང་པར་སྐྲུན་འགྲེམས་སྤེལ་བཅས་བྱས་ཟིན་པའི་རིག་ཚན་གྱི་སྐོར།  

༡《བོད་ཀྱི་བརྡ་སྤྲོད་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།63 

༢《བོད་ཀྱི་སྙན་ངག་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།54

༣《བོད་ཀྱི་སྡེབ་སྦྱོར་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།2

༤《བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།69

༥《བོད་ཀྱི་མངོན་བརྗོད་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།9

༦《བོད་ཀྱི་ཟློས་གར་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།12

༧《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཡི་དཔེ་ཚོགས་ལ་པོད།300 

ད་དུང་《བོ་དོང་གསུང་འབུམ་ཆེན་མོ》སྤུས་ལེགས་པོད་ཆེན 95ཅན།  

《 ཧི་མ་ལ་ཡའི་ཆེད་བསྒྲིགས་པོད་ཕྲེང་》དེབ 16 པར་སྐྲུན་བྱས་པ་སོགས་ཁྱོན་པོད 620 ལེགས་འགྲུབ་བྱུང་ཟིན། 

 རིག་མཛོད་བསྡུ་སྒྲིག་བྱེད་བཞིན་པའི་སྐོར། 

མིག་སྔར《བོད་ཀྱི་ལོ་རྒྱུས་ཀུན་འདུས་ཆེན་མོ་》ལེགས་འགྲུབ་བྱུང་ལ་ཉེ་བར་མ་ཟད་རིག་ཚན་གཞན་《བོད་ཀྱི་སྒྲ་རིག་ཀུན་འདུས་ཆེན་མོ།》      《བོད་ཀྱི་ཚད་མ་ཀུན་འདུས་ཆེན་མོ།》      《བོད་ཀྱི་བཟོ་རིག་ཀུན་འདུས་ཆེན་མོ།》 《བོད་ཀྱི་གསོ་རིག་ཀུན་འདུས་ཆེན་མོ།》    《བོད་ཀྱི་ནང་རིག་ཀུན་འདུས་ཆེན་མོ།》  《བོད་ཀྱི་བོན་རིག་ཀུན་འདུས་ཆེན་མོ།》  《བོད་ཀྱི་གཏེར་ཆོས་ཀུན་འདུས་ཆེན་མོ།》 《བོད་ཀྱི་དཀར་ཆག་ཀུན་འདུས་ཆེན་མོ།》 《བོད་ཀྱི་ཁྲིམས་ཡིག་ཀུན་འདུས་ཆེན་མོ།》 《བོད་ཀྱི་ཡུལ་སྲོལ་ཀུན་འདུས་ཆེན་མོ།》 《བོད་ཀྱི་མི་ཆོས་ཀུན་འདུས་ཆེན་མོ》བཅས་རིག་ཚན་གཞན་རྣམས་ཀྱང་མུ་མཐུད་དུ་བསྡུ་སྒྲིག་བྱེད་མུས་སུ་ཡོད།

༧༽ རྒྱུན་ཤེས་ལམ་སྟོན་གྱི་ཕྱག་ལས།

       དུས་རབས་ཀྱི་འགྱུར་བ་མགྱོགས་དྲགས་ནས་འཛམ་གླིང་གི་ས་ཆ་དང་རྒྱལ་ཁབ་གང་ཡིན་རུང་དུས་རབས་དང་བསྟུན་པའི་འགྲོ་འདུག་སྤྱོད་ལམ་གྱི་རྒྱུན་ཤེས་མེད་པའི་མི་ཡིས་མི་གྲལ་མི་ཐོན་པའི་ཚད་ལ་ཐོན་པ་ན། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་རྒྱུན་ཤེས་ཀྱི་སྟོང་ཆ་ཤོར་ཏེ་མི་རང་རང་གི་ཟ་ཉལ་འགྲོ་འདུག་གི་སྐབས་ཀུན་དང་། མི་དང་མིའི་བར་གྱི་འབྲེལ་བ། སྤྱོད་ལམ་སོགས་མིག་ལ་འགེར།རྣ་བར་གཟན།ཞེ་འཚེར་དགོས་པའི་ཀུན་སྤྱོད་ངན་པ་རབ་དང་རིམ་པ་འགྲེམ་སྟོན་བྱས་རྐྱེན་འཛམ་གླིང་གི་ཤེས་ལྡན་མི་སྣ་དང་མི་རིགས་གཞན་པས་མཐོང་ཆུང་ཟུར་ར་དམའ་འབེབས་སོགས་བྱེད་པའི་མཚམས་འདིར། རྨེ་གྲྭ་ཚེ་རིང་བསམ་འགྲུབ་ལགས་ཀྱིས་ཆེད་དུ་ང་ཚོའི་འཚོ་བའི་བར་གསེང་ཀུན་ན་མེད་དུ་མི་རུང་བའི་དུས་རབས་གསར་བའི་སྟབས་བདེའི་རྒྱུན་ཤེས་གལ་ཆེན་སྐོར་གྱི་ཤེས་བྱ་སྣ་ཚོགས་དང་།   མ་ཟད་ཟས་རིགས་ངན་ངོན་སྣ་ཚོགས་དར་བ་དང་ཁོར་ཡུག་འབགས་བསླད་སོགས་ཕྱི་ནང་གི་འཕྲོད་བསྟེན་མ་ལེགས་པའི་རྐྱེན་གྱིས་ནད་ངན་སྣ་སོགས་ཀྱིས་མི་རྣམས་ཀྱི་ཚེ་སྲོག་གྲངས་མེད་འཕྲོག་པའི་ཡ་ང་བའི་དོན་རྐྱེན་འདི་དག་ལ་དགོངས་ཏེ་ཟས་གོས་འཕྲོད་བསྟེན་གྱི་སྐོར་སོགས་མང་ཚོགས་སྤྱི་ལ་ཕན་ཞིང་ཐུན་མོང་གི་གོ་བདེ་བའི་འཚོ་བའི་ལག་རྟེན་སོགས་འཕྲོད་བསྟེན་རྒྱུན་ཤེས་སྐོར་གྱི་དེབ་མང་དུ་བྲིས་པར་མ་ཟད་བྱ་བའི་བར་གསེང་ནས་ཉན་པ་པོ་ཁྲི་སྟོང་མང་པོར་སློབ་ཁྲིད་དང་གཏམ་བཤད་ཀྱིས་བོད་མི་རིགས་ཀྱི་འཚོ་བའི་ཁ་ཕྱོགས་བསྟན་ཡོད་པ་དང་། ཁོང་གི་བརྩམས་ཆོས་དག་ཀྱང་རྒྱལ་ཕྱི་ནང་གི་ཀློག་པ་པོ་ཁྲི་མ་འབུམ་སྟེ་སྐྱེ་བོ་མཆོག་དམན་ཀུན་གྱིས་མ་བཀླགས་ཐབས་མེད་ཀྱི་བརྩམས་ཆོས་ཤིག་ཏུ་ངོས་འཛིན་དང་གདེངས་འཇོག་གྱི་ཚད་མཐོན་པོར་བསླེབས།

      དེ་བས་ཁོང་ནི་ངེས་པ་དོན་གྱི་བོད་ཀྱི་རིག་གཞུང་བརྒྱུད་འཛིན་དར་སྤེལ་དང་སྤྱི་ཚོགས་ལ་ལྷག་བསམ་དཀར་བའི་སྣེ་ཁྲིད་བྱེད་བཞིན་ཡོད་པའི་ཤེས་འཇོན་དང་ལྷག་བསམ་ཟུང་ལྡན་གྱི་སྐྱེས་བུ་ཞིག་ཡིན་ཞེས་བརྗོད་ཆོག  ད་དུང་བྱ་བའི་བར་གསེང་ཀུན་ཏུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་པ་དང་།  བོད་ཡུལ་གྱི་ས་ཆ་སོ་སོར་ཕེབས་ཏེ་རིས་མེད་ཡར་སྐུལ་སློབ་གསོ་སོགས་མི་ཁྲི་སྟོང་སོགས་ལ་སློབ་གསོའི་ཕྱག་ལས་ཀྱང་མི་ཉུང་བ་སྤེལ་གྱིན་ཡོད། སྤྱི་ཚོགས་ཀྱི་འཚོ་བ་དང་མཐུན་སྒྲིལ་ལ་ཕན་ནུས་ལྡན་པའི་རྩོམ་ཡིག་ཀྱང་མང་དུ་སྤེལ་བཞིན་ཡོད་པས་སྤྱི་ཚོགས་དང་བོད་ཀྱི་ཆོས་རིག་འཕེལ་རྒྱས་ལ་ཁ་བཤད་ཙམ་མིན་པར་དངོས་ཡོད་ལག་ལེན་ལ་བརྩོན་པ་ལྷོད་མེད་གནང་བཞིན་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན། ད་དུང་མུ་མཐུད་དུ་ཁོང་གིས་བོད་ཀྱི་ཆོས་རིག་དར་སྤེལ་གྱི་ཆེད་དུ་བྱ་བ་སྣ་ཚོགས་ལ་དགོངས་འཆར་བཟོ་བཞིན་འབད་པ་ཁྲི་སྟོང་གིས་བརྩོན་པ་བསྐྱེད་དེ་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་ལགས།


༨༽ གཙོ་སྒྲུབ་གནང་བཞིན་པའི་ཕྱག་ལས།

ཧི་མ་ལ་ཡའི་རིག་མཛོད་ཁང་གི་གཙོ་གཞོན།  

ཧི་མ་ལ་ཡའི་རིག་མཛོད་ཆེན་མོའི་དཔེ་ཚོགས་བསྡུ་སྒྲིག་པ། 

ཧི་མ་ལ་ཡའི་དགེ་ལས་ཐེབས་རྩ་ཚོགས་པའི་འགན་མི།    

རིས་མེད་ཡར་སྐུལ་སློབ་གསོ་འགན་འཛིན་པ།  

 

༩༽ བརྡ་འཕྲིན་གྱི་ཕྱག་ལས་སྐོར།  

གཤམ་གྱི་འཕྲིན་ལམ་དག་གི་འཆར་འགོད་དང་བཀོད་འདོན་པ།

རིག་མཛོད་དྲ་ཚིགས།   www.himalayane.com

འདི་ནི་བོད་ཀྱི་རིག་མཛོད་ཆེད་ལས་དྲ་ཚིགས་ཆེ་ཤོས་དེ་ཡིན་ལ་འདི་ནས་བོད་གྱི་རིག་གཞུང་དག་གློག་རྡུལ་གྱི་རྣམ་པའི་ལྟ་ཀློག་བྱ་ཐུབ། 

རིག་མཛོད་ལྟ་ཀློག་དང་འཕྲུལ་དེབ། APP   Himalaya Lib

    APPའདི་ནི་ཁ་པར་སོགས་ལག་དེབ་ཀྱི་ནང་དུ་ཕབ་ལེན་བྱས་ཚེ་བོད་ཀྱི་རིག་གཞུང་མཐའ་དག་འཕྲུལ་དེབ་དང་ལྟ་ཀློག་གཉིས་ཀྱི་རྣམ་པ་རིན་མེད་དུ་ཀློག་ཐུབ་པ་དང་ཕབ་ལེན་ཡང་བྱ་ཐུབ།
རིག་མཛོད་འཕྲིན་སྟེགས།    himalayane

གསར་འགྱུར་འཕྲིན་སྟེགས།    hmlywk

འཕྲིན་སྟེགས་འདི་དག་ལས་ཧི་མ་ལ་ཡའི་རིག་མཛོད་ཁང་གི་ཆེད་དུ་འོས་སྦྱོར་བྱས་པའི་རིན་ཐང་ཅན་གྱི་དཔེ་ཆ་གསར་རྙིང་དང་ཆ་འཕྲིན་རྩོམ་ཡིག་སོགས་ལྟ་ཀློག་གནང་ཐུབ།  


རྒྱུན་ཤེས་འཕྲིན་སྟེགས།  sangzhi8866  

      འདི་ནི་བོད་ཕྱི་ནང་ཀུན་ན་གྲགས་པ་འབར་ཞིང་རིན་ཐང་ལྡན་པའི་འཕྲིན་སྟེགས་ཤིག་ཡིན་ལ། འདིར་དེང་རབས་འཕྲོད་བསྟེན་དང་རྒྱུན་ཤེས་སྐོར་ཆེད་བཀོད་བྱས་ཡོད།   འདི་ལས་མཁོ་འདོན་བྱས་པའི་རྒྱུན་ཤེས་དག་ནི་ཁོང་གིས་ཆེད་དུ་བརྩམས་གནང་མཛད་པར་མ་ཟད། དེང་རབས་སྤྱི་ཚོགས་ཀྱི་མིའི་འཚོ་བ་ལ་མཁོ་གལ་རང་བཞིན་ལྡན་པའི་རྒྱུན་ཤེས་གལ་ཆེན་དག་ཀློག་ཐུབ་པ།   ཀློག་པ་པོ་ཁྲི་མ་འབུམ་གྱིས་དགའ་བསུ་ཆེན་པོ་ཐོབ་དང་འཐོབ་བཞིན་ཡོད།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
qngt བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41155385
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1