རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་དགུ་བ།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 17 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» རྩོམ་རིག» བདམས་བཀོད་རྩོམ་ཡིག »རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་དགུ་བ།
རྨོག་སངས་རྒྱས་རྒྱ་མཚོའི་བཏུས་རྩོམ་ཁག་དགུ་བ།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/25ལྟ་ཀློག (2286)རྩོམ་ཁུངས: ངེད་དྲ་བ།པར་འདེབ།



             དྷཱིཿཚ། རྨོག་སངས་རྒྱས་རྒྱ་མཚོ།
 
   ༈ ཁྱོད་རང་དྲན་བྱུང་།
 
ལྷག་བསམ་གསེར་གྱི་དབུ་འཕང་མཐོ་བའི།།
མགྲིན་པ་དབྱངས་ཀྱི་ཆོ་གའི་རྒྱན་པའི།།
ཞི་དུལ་གཤིས་ཀའི་སྣང་བརྙན་དྲན་ན།།
ཁྱོད་རང་དྲན་པ་འགོག་ཐབས་མི་འདུག།
ཡུན་རིང་འདྲེས་ཤིང་གློ་རྡེག་བྲལ་བའི།།
དབུ་སྐྲའི་རྩེ་ན་མེ་ཏོག་འཕུར་བའི།།
ཐོག་མའི་ཁྲག་རྒྱུན་འདྲེས་སའི་ཁྱོད་ཉིད།།
དྲན་པའི་གདུང་བ་འགོག་ཐབས་མི་འདུག།
རྨི་ལམ་གཅིག་གི་མགོ་རྔ་འཇུས་པའི།།
མེ་ཏོག་གཅིག་གི་རྩ་ནས་བཟུང་བའི།།
སེམས་ཀྱི་སྐར་མ་སྨིན་དྲུག་ཁྱོད་ཉིད།།
དུས་ཚིགས་རེ་ལ་དྲན་ཐེངས་མི་འདྲ།།
ལྷིང་འཇགས་མཚན་མོར་ཟླ་འོད་གསལ་བ།།
མཉམ་དུ་འགྲེང་སྟེ་དེ་ལ་བལྟས་རྗེས།།
མིག་ཆུ་ཤབ་ཤུབ་སྙིང་རྩར་འདྲེས་པའི།།
དམར་དམར་བརྩེ་བའི་སྤྲིན་དཀར་བརྟོལ་བ།།
སྐོམ་གདུང་མེ་ལྕེ་དྲག་ཏུ་འབར་བ།།
བར་ཐག་མེད་ལ་གཅིག་ཏུ་འདྲེས་པའི།།
སེམས་ཀྱི་ཀུ་ཤུ་དམར་པོ་དྲན་ན།།
ཕྱི་གཙང་ནང་གཙང་རྫ་ཆུ་འཐུང་འདྲ།།
ཉི་ནུབ་མཚམས་སྤྲིན་དམར་པོའི་འོག་ཏུ།།
ལྷད་མེད་བྱིའུ་ཚོགས་མགོ་རུ་འཕུར་སྐབས།།
ཁུ་སིམ་གཙང་འགྲམ་དྭངས་མའི་ཁ་རུ།།
མི་ཚེ་གྲུ་གཟིངས་གཅིག་ལ་སྒུག་པ།།
ལྗང་ནེམ་སྡོང་ལོ་གཅིག་གི་སྐེད་དུ།།
དྭངས་གཙང་ཆུ་ཐིགས་གཅིག་གི་སྤུབས་སུ།།
འཛུམ་དཀར་མེ་ཏོག་རླུང་དུ་གཏོར་བའི།།
ལྷན་སྐྱེས་ཕུང་བོའི་མཛེས་སྡུག་དྲན་བྱུང་།།  
མིག་གི་མདངས་སུ་སྐར་མ་འཆར་བའི།།
སྐྲ་ལོའི་ཡང་རྩེར་མེ་ཏོག་བཀད་པའི།།
བཅོས་མིན་འཛུམ་མདངས་ལྷུག་ལྷུག་བཞད་པའི།།
གཡུ་ཆུང་དྲུག་དཀར་སྙིང་ནས་དྲན་བྱུང་།།
ཡིད་གཅུགས་མཛའ་བའི་གྲོགས་ཀྱི་དྭངས་མ།།
ལམ་ཕྲན་ཀྱ་ཀྱུའི་སྣེ་མོར་འཇུས་ནས།།
ཁ་བའི་མེ་ཏོག་འཕུར་བའི་དུས་དེར།།
ས་མཐའི་ཡུལ་ལ་གོམ་པས་བསྐྱོད་སོང་།།
འཁྱར་བའི་ལོ་ཟླ་ཉིན་གྱིས་དེད་ཅིང་།།
ཉིན་གྱི་དུས་ཚོད་ཁྱོད་ཀྱིས་དེད་དེ།།
འཁྲེང་བའི་སེམས་པ་གློག་ལྟར་འཁྱུག་ཀྱང་།།
མི་ཚེ་ལས་དབང་ཁྱོན་ནས་མི་འདུག།
སྐྱོ་སྡུག་མཆི་མ་རླུང་གིས་གཏོར་བའི།།
དུངས་སེམས་མེ་ཏོག་སྙིང་ཁར་སྐྱེས་པའི།།
ང་ཡི་རྣམ་ཤེས་འཁྱར་འཁྱོར་བྱེད་བཞིན།།
ཁྱོད་ཉིད་དྲན་པ་ཕྱིར་མིག་གཅིག་མིན།།
ལོ་ཡི་དུས་ཚུགས་སྟོན་ཁའི་དུས་དེར།།
ཁྲུང་ཁྲུང་དཀར་མོས་གཤོག་ཟུང་བསྐྱོད་ཀྱིན།།
ལྷོ་རུ་བཞུད་པའི་སྤྲིན་དཀར་བརྟོལ་ན།།
ངས་ཀྱང་སེམས་ཀྱི་མེ་ཏོག་བསྐུར་འདོད།།
སེམས་ཀྱི་སྐར་མ་རང་གིས་རྩིས་ནས།།
སྨྲེ་སྔགས་རི་རིབ་རང་གིས་རྩིག་ནས།།
བརྩེ་ཞེན་སྙིང་གི་མུ་ཏིག་དམར་ཆུང་།།
དྲན་གྱིན་དྲན་གྱིན་མིག་ཆུ་མང་བ།།
མཐོན་པོ་རི་བོའི་རྩེ་མོའི་ཏོག་ལ།།
སེམས་ཀྱི་རྡོ་རིང་འཇམ་པོ་བཞག་སྟེ།།
མི་འབྲལ་སེམས་ཀྱི་ཡིག་ཆུང་དམར་དམར།།
གསལ་ལེར་བརྐོས་ནས་ཁྱོད་ལ་སྒུག་ཡོད།།
གཅེས་ཤིང་ཕངས་པའི་སེམས་པ་དཀར་ཞིང་།།
འཛུམ་གྱི་དུང་ཟླ་དམུལ་དམུལ་བཞད་པའི།།
བདག་སྙིང་དྲོད་ཀྱི་ཆུ་ཐིགས་རྡོག་གཅིག།
རྒྱང་ནས་དྲན་ན་དྲན་གདུང་སྡུག་པ།།
རི་ཆེན་ཧི་མ་ལ་ཡའི་རྒྱབ་ཀྱི།།
མཉེན་ལྕུག་པདྨ་ལག་ཏུ་བཟུང་བའི།།
སེམས་ཀྱི་མེ་ལོང་ངོས་སུ་ཕབ་པའི།།
གྲོགས་ཁྱོད་འབྲེལ་ཐག་རིང་བས་སྡུག་པ།།
བརྩེ་ལ་འཛུམ་པའི་སྣང་བརྙན་མོག་མོག།
དམར་ཆུང་སྙིང་གི་མཐིལ་དུ་བྲིས་ཡོད།།
ལས་སྐལ་ཞིག་གི་འཛོམས་པ་ཡག་ན།།
རྨི་ལམ་ཞིག་ལ་གཤོག་པ་ཐོགས་ཆོག།
དཔྱིད་ཀྱི་མེ་ཏོག་ལྡེམ་ནས་འཁྱུག་དུས།།
སྙན་པའི་ཚིག་གི་སྒྱུ་རྩལ་མེད་ཀྱང་།།
ཤིན་ཏུ་ལྕི་བའི་ཁྱེད་རང་དྲན་པ།།
ལ་ཁའི་ཉི་འོད་བཞིན་དུ་བྲིས་ཆོག།
ཕྱོགས་སུ་མ་ལྷུང་ང་ཡི་འཇིག་རྟེན།།
ཇི་འདྲར་ཆུང་ཡང་ཁྱེད་ལ་དབང་བ།།
དུས་བཞིའི་བ་སྤུའི་སྲུབས་ཀའི་བར་ནས།།
གསེར་མདོག་དྲན་པ་རླུང་ལ་སྐུར་འདོད།།
རི་འདབ་གཡེར་ཁའི་དྲིལ་ཆུང་འགུལ་དུས།།
དགའ་སྐྱོའི་མིག་ཆུ་སྤྲིན་པར་འདྲེས་ཡོད།།
ལྷིང་འཇགས་དབྱངས་ཀྱི་ཆོ་ག་སྤེལ་ནས།།
ཤེལ་སྒྲོལ་ནང་དུ་ཁྱེད་ཉིད་སྒོམ་ཡོད།།
རུས་རྐང་མ་འཐོར་བརྩེ་བའི་མིག་ཞགས།།
རེ་སྒུག་ཁྲོད་ཀྱི་བརྩེ་འདང་ཟབ་མོ།།
སྐར་ཚོམ་དབེན་པའི་ང་ཡི་བྲང་གཞུང་།།
གཏན་ནས་དུ་གཏན་དུ་ཁྱེད་ལ་ཤོར་ཡོད།།

                   2015/03/06/

        ༈ ལྷན་སྐྱེས་དང་སྙན་ངག
 
    རི་རྩེར་སྨུག་ལུང་འཇམ་པོའི་དབུ་ཞྭ་གྱོན།།
    བྱ་ཆེན་རྒོད་པོའི་གཤོག་ཟུང་སྤྲིན་དུ་འདྲེས།།
    ཀྱེ་མ་ང་ཡི་མཐོང་ལམ་རི་རབ་ཁྲོད།།
    སུས་ཀྱང་རྟོགས་ཐུབ་བྲལ་བའི་ཚོར་བ་ཅིག།                
    ལྷིང་འཇགས་རྩྭ་ཟིལ་ཐིགས་པའི་རླན་གཤེར་གྱིས།།
    དྲོད་འཇམ་རྐང་བའི་ཆ་དག་བསིལ་དུ་བསྒྱུར།།
    བྱེའུ་ཆུང་ཚང་མལ་འཇམ་པོ་འགྲགས་སྒྲས་དཀྲོགས།།
    རྩྭི་ཤིང་མགོ་ལྕོག་བཅད་དེ་རྒྱང་དུ་བརྒལ།།
   
    དྭངས་གཙང་སེམས་ཀྱི་སྤུབས་སུའི་འཆར་སྣང་ལ།།
    ང་ནི་གངས་ཀྱི་ཞབས་རྗེས་འཚོལ་མཁན་ཞིག།
    མ་འོངས་འགྲོ་ལམ་རིང་མོའི་དུས་ཡུན་ལ།།
    གསེར་གྱི་ཉི་མའི་ཞབས་རྗེས་གསལ་བར་ཤོག།
    བསླུ་མེད་ཞེ་འདང་དཀོན་མཆོག་ཡིད་དུ་སྒོམ།།
    མ་རྙེད་སྟོང་ཉིད་ལྟ་བ་རིག་པས་བཙལ།།
    ང་ལ་འོད་ཟེར་འཆར་བའི་ཉི་མ་ལ།།
    སྐྱེ་བ་མཐའ་མེད་རྫིག་པའི་ཉམས་ཀྱིས་བསྐྱོད།།
 
    མཛེས་དཔྱོད་མེ་ཏོག་ཕྲེང་བ་རྒྱན་དུ་འཕོས།།
    སྣང་བ་སྨུག་སྒྱུ་འཁྲིགས་པའི་ལོ་ཟླ་འདས།།
    སྤྲིན་གྱི་དབྱིངས་ལ་འཁྱམས་པའི་མི་ཚེ་འདི།།
    དཀོར་གཟན་གྲྭ་རྐྱང་ཞིག་གི་རྨི་ལམ་འདྲ།།
    ཟབ་བརླིང་མི་འཇིགས་སྤོ་པའི་ཁྲི་སྟེང་དུ།།
    རང་ཚོད་རང་ལ་གདམས་པའི་གསེར་བྲིས་འགས།།
    ཚེ་ཡི་ཉི་མ་རིང་མོའི་འཕོ་འགྱུརད་ཁྲོད།།
    དོན་གྱི་འབྲས་བུའི་གཏམ་གྱི་ཚིག་ལ་སྒུག།

      ༈  བགྲེས་པོ་ཞིག་དྲན་པ།
                            
ཆུ་ཕོར་བ་གང་རྒྱ་མཚོ་ལ་བསྒྱུར་མཁན།།
ཚེ་མུན་ཁམས་ཤིག་འོད་སྣང་ལ་སྒྲུབ་མཁན།།
ཕྱག་གཡས་གཡོན་ནི་ཆུ་སྐྱེས་བཞིན་འཇམ་མཁན།།
ལུས་སྐྱིལ་ཀྲུང་གི་ཏིང་འཛིན་ལ་བཞུགས་ཡོད།།

ཐུགས་ལང་ཚོ་ལ་སྙིང་རྗེ་ཡི་རྒྱན་པའི།།
དགྱེས་ཞལ་འཛུམ་ནི་སྟོན་ཟླ་བཞིན་དཀར་པའི།།
གསུང་ཡིག་འབྲུ་ནི་མེ་ཏོག་བཞིན་བཀད་པའི།།
གསེར་མདོག་ཆེན་གྱི་སྙིང་གདན་ལ་བཞུགས་ཡོད།།

གོམ་འཇམ་པོ་ཡིས་ས་ཆེན་འདི་དཀྲོགས་མཁན།།
བཀའ་ལུང་ཚིག་གི་གསེར་སྐུད་ཀྱིས་བསྡམས་པའི།།
ཚེར་མེ་ཏོག་གི་བཅུད་ལེན་ལ་རོལ་བའི། 
ནང་བསྟན་པ་ལ་གསེར་ཏོག་བཞིན་འཚེར་ཡོད།།

ཐོགས་རེག་མེད་ཀྱི་ལྷ་ལམ་ན་འཆར་བའི།།
འོད་རྒྱུ་སྐར་གྱི་གསལ་ཆ་ལས་གསལ་བའི།།
སེམས་གངས་དཀར་གྱི་འདབས་རོལ་ནས་འཁྲུངས་པའི།།
ཚེར་འདུལ་བྱ་ལ་བྱམས་བརྩེ་ལས་ཕེབས་སམ།།

རྣམ་དཔྱོད་ལྡན་ནི་རི་ཆེན་ལས་མཐོ་བའི།།
རིག་མྱུར་མགྱོགས་ཀྱི་བརྩེ་ཆེན་གྱི་བདག་པོ།།
སྐུ་ཕུང་བོའི་དྲི་བྲལ་གྱི་མཚན་དཔེ་ལ།།
གཏན་མི་འགྱུར་དམ་ཚིག་གིས་བསྐོར་ཡོད་དོ།།

 ༈ མེ་ཏོག་སྐྱེས་བྱུང་།

དེ་རིང་། མེ་ཏོག་སྐྱེས་བྱུང་།
ངའི་སེམས་པ་དམར་པོ། མེ་ཏོག་དང་ལྷན་དུ་སྐྱིད་སོང་།
སྨུག་པ་དང་ལྷན་དུ། མེ་ཏོག་གི་འཛུམ་མདངས་མངོན་འདུག
ངས་ཀྱང་། མེ་ཏོག་གི་འཛུམ་མདངས་ལ་བལྟས་རྗེས།
མེ་ཏོག་ལྟ་བུའི་སྙན་ངག་ཅིག་འབྲི་མགོ་བརྩམས།
ལོ་ཟླའི་ཞེ་སྨྲེང་གི་གཏམ་རྒྱུད་དག 
ངས་མེ་ཏོག་ལ་བརྗོད་འདོད། རང་སེམས་ཀྱི་བདེན་གླུ་
མང་པོ་མང་པོ་ཞིག ངས་མེ་ཏོག་ལ་བླང་འདོད། 
དེ་དག་ལས། མེ་ཏོག་གི་འདབ་ལོ་འཐོར་ངེས།
འདབ་ལོ་རེ་རེའི་ངོས་སུ། ངས་འདོད་པའི་མེ་ཏོག་དེས།
 ངའི་རྨི་ལམ་གྱི་མགོ་མཇུག་བྲིས་ཡོད་པ་ཁོ་ཐག་ཡིན།  

མེ་ཏོག་སྐྱེས་བྱུང་། བྱིའུའི་རྐན་སྒྲ་ཇི་འདྲའི་མཐོ་འང་།
འཇའ་ཚོན་ལྟ་བུའི་མེ་ཏོག་གི་འཇིག་རྟེན་ནས།
ངའི་དྭངས་གཙང་གི་མཆི་མའི་དོ་ཤལ་སྒྲིག་འདོད།
གྲངས་མེད་པའི་ལག་སྙོབ་བྱེད་འདོད།
ཆེས་དྲོད་བའི་སེམས་པས་གླན་འདོད།
མེ་ཏོག་དྲི་བསུང་འཁྱིལ་ན།
ངས་མི་ཚེའི་དབྱངས་རྟ་ལ་མེ་ཏོག་གི་མཆོད་ཕྲེང་འབུལ་འདོད།   མེ་ཏོག་སྐྱེས་བྱུང་། གཏན་དུ་མི་ནུབ་པར་གྱུར།
    
            ༈ འཁོར་བའི་འགྲོ་རིམ་གྱི་ལེའུ།

འཁོར་བ། སྐྱེ་འཆི་ངེས་མེད་ཀྱི་བཙོན་ཁང་ཞིག།
བདེ་སྡུག་གཉིས་འདྲེས་ཀྱི་ཚོར་བ་ཅིག
སྐྱེས་ནས་བཟུང་། ཟུག་ངུ་རྒོད་པོའི་ཉེར་ལེན་དང་།
ལྷན་གཅིག་བྱེད་རྐྱེན་གང་རུང་གི་སྟོབས་ཀྱིས།
ཚབ་ཚུབ་ཀྱི་རྨི་ལམ་ནག་པོ་ཞིག་གི་ནང་དུ་ལྷུང་བ་འདྲའི།
ཚོད་མེད་ཀྱི་མི་རྟག་པའི་རང་གཤིས་ཀྱི་ཆོ་ག་ལས།
དམ་ཚིག་གི་མདུད་པ་སྲ་མོ་ཞིག་སྙིང་དུ་རྒྱག་པར་དཀའ།
བག་ཆགས་ཕྲ་མོ་ཞིག་ཤར་མི་ཤར་གྱི་གདེངས་ཀའི་མཚམས་སུ།
སྐྱེད་མཆེད་ལྔའི་ལམ་བུར་རྐང་རྗེས་ཤིག་བརྟོལ་ཐུབ་མི་ཐུབ་བྱས།
འདི་ལྟར། གཟུགས་ཀྱི་ལམ་བུ་དང་སྒྲ་ཡི་ལམ་བུ། 
ད་དུང་། དྲི་དང་རོ་ཡི་ལམ་བུ་དང་རེག་པའི་ལམ་བུ་བཅས།
ཆེས་ཐོག་མའི་སྡུག་བསྔལ་གྱི་ཕུང་བོའི་ཡན་ལག་གྲུབ།
ངུ་མ་བགད་པའི་ལོ་ཟླ་ནས་བཟུང་། ད་བཟོད་རྨི་ལམ་དེ་ལས།
འགྲོ་རིམ་གྱི་ལེའུ་ཞིག་གི་མགོ་བརྩམས་ནས་བཞུད།
                
མུན་ནག་གི་ལུང་པར་ཆས་ནས་ཁེར་བགྲོད་ཀྱི་ལམ་བུ་བཙལ་བཞིན།
མེ་ཏོག་གི་ལང་ཚོའི་རྒྱབ་ལྗོངས་མཐུག་དུས། རང་གི་གྲིབ་མ་འཁྲིད་དེ།
སྡུག་བསྔལ་བའི་རྒྱ་མཚོའི་རླབས་ཕྲེང་ལ་བརྒལ་འདོད་མཆོང་།
གཟུགས་ཀྱི་ལམ། སྒྲ་ཡི་ལམ། དྲི་ཡི་ལམ། རོ་ཡི་ལམ། རེག་བྱའི་ལམ།
མཐའ་དག་ལུང་རིགས་ཀྱི་གཏེར་དུ་གྱུར་ཡོད་ཟེར།
སེམས་ཀྱི་གཤོག་པ་དེ་དོན་དམ་དུ་གང་ལ་སྦྲེལ་ཡོད་སྐད།
དོན་དམ་དུ་གང་ལ་སྦྲེལ་འདོད།
ང་ནི་སྨྱུག་ལྗོངས་ཀྱི་ལམ་ཕྲན་ན་འགྲོ་བཞིན་ཡོད།
འོན་ཀྱང་། དེ་ནི་ལམ་ཕྲན་གང་རེད་དམ།
ངས་ད་དུང་ཁུ་སིམ་མེར། གཅིག་ཀྱང་ཤེས་མེད།
ང་དང་ལམ། ལམ་དང་ང་།
ཆེས་ཐོག་མའི་ངུ་སྐད་ཀྱི་ཉག་ག་ནས་རྒྱུད་འོང་ཏེ།
དབུགས་ཀྱི་སྣང་བ་ཆད་རག་བར་དུ།
མུ་འཐུད་དུ་མདུན་གྱི་ལམ་ལ་ཞུགས།
      
            ༈ སྡོང་ལོ།
སྡོང་ལོ། གྲང་ངར་གྱི་གཤོག་རྩལ་རྒོད་དུས།
ངས་ཁྱེད་ང་དང་གཏན་དུ་གྱེས་སོང་བ་འདྲ་བྱུང་།
སྡོང་བོའི་རྭ་ལག་གི་ཡང་རྩེ་ལ་ཁ་བའི་ལོ་མ་འཐོར་དུས།
ངས་ཁྱེད་ཀྱི་དྲོད་ཁོལ་ལྷག་ཏུ་དྲན། 
ངས་ཁྱེད་ཀྱི་དབུགས་རྒྱུན་དེ་བས་དྲན།
སྡོང་ལོ། དཔྱིད་ཀའི་སྦྲང་མ་མགོ་འཁོར་གྱི་གནས་ཚང་།
དེ་ནི་ཆར་ཆུའི་ཐིགས་པ་གཅིག་གཉིས་ཀྱིས།
གློ་རྡེག་ཏུ།    ང་དང་ང་འདྲའི་སྣང་ངོར།
གྲང་ངར་དང་རླུང་བའི་ཁྲོད་ཀྱི་རྭ་ལག་སྐམ་པོ་དེའི་སྟེང་དུ།
ཉི་ཟླ་བཞིན། སྐར་མ་བཞིན། སྤྲིན་དཀར་བཞིན།
འཇའ་ཚོན་བཞིན། གསེར་ཚོན་བཞིན།
མདོག་ཡག་པོའི་མཐུ་ལས་གྲུབ་དུས།
ངའི་སེམས་ཁམས་ལ་ལྗང་མདོག་གི་འཇིག་རྟེན་སྐྲུན།
ངའི་མཐོང་ཚད་ལ་མེ་ཏོག་གི་རྩེད་འཇོ་རྒོད།
སྐབས་དེར། སྡོང་ལོའི་སྐེད་དུ་ཡིག་ཆུང་འབྲི་འདོད།
སྡོང་ལོའི་སྐེད་དུ་གཙང་ཆབ་བཙལ་འདོད།
ད་དུང་། སྡོང་ལོའི་འོག་ཏུ་ཇ་ཞིག་འཐུང་འདོད།
རེམ་ཅིག  སྡོང་ལོའི་དུས་དེ་ཡལ་འགྲོ          

    ༈ ཐོལ་བྱུང་གི་ཚིགས་བཅད།
  
   དཔྱིད་འདི་རིང་བས་སྐྱོ་བ།།
   ངལ་དུབ་ལྕི་བས་སྡུག་པ།། 
   མུ་འབྲེལ་དབྱར་གྱི་སྡོང་ལོ།།
   མྱུར་མོར་སྐྱེས་ན་བསམ་བྱུང་།།
           _རྨོག་སངས་རྒྱས།

   མགོན་པོ་བྲག་ནག་སྐམ་པོ།།
   རྒྱ་སྤྲང་ལུང་བ་མེད་པོ།།
   དཔྱིད་ཆོས་རྩོད་མཚམས་རིང་པོ།།
   གྲྭ་རྐྱང་མལ་ཤག་འཁྱག་པོ།།
           _གཅན་རང་སད།
 
   རྒོད་རྩེ་རི་བོ་མཐོང་ན།། 
   རྒྱང་བཞུགས་ཕ་མ་དྲན་པ།། 
   དཔྱིད་ཆོས་རྩོད་མཚམས་དྲན་ན།། 
   ངལ་དུབ་ལྷག་ཏུ་ལྕིའོ།།
          _རྨོག་སངས་རྒྱས།

    སེང་གེ་གདོང་ལ་བུད་ཀྱང་།།
    སྐྱིད་ཀྱི་ཉི་མ་མི་མཐོང་།།
    གྲམ་པའི་ཆོས་རར་ཕེབས་ཀྱང་།།
    སྐྱོ་བའི་སྨུག་པ་མི་སངས།།
           _གཅན་རང་སད།
 
    སྙན་མོ་ཚིག་གི་སྒྱུ་འཕྲུལ།།
    ལྟད་མོ་འཇའ་ཡི་དབྱིབས་མདོག། 
    རྒད་པོ་ཨ་བཙུན་ལས་གཞན།། 
    དེང་སྐབས་འབྲི་མཁན་ཉུང་འདྲ།།
               _རྨོག་སངས་རྒྱས།

    དཔེ་ཀློག་གླེགས་ཐག་མདུད་ཅིང་།།
    ཤམ་ཐབས་རྡོག་ག་བརྒྱབ་ནས།།
    སྐབས་རེར་ཏཱན་ནང་ཕེབས་ཚེ།།
    སེམས་ཀྱི་ངལ་གསོ་རེག་འོང་།།
                _གཅན་རང་སད།
   
    འདི་ནས་ཡུལ་མི་དྲན་ན།།
    མིག་ཆུ་མཚོ་ལས་མང་པ།། 
    འདི་ནས་འཚོ་བ་གླེང་ན།། 
    རྗེ་བཙུན་མ་ལ་དྲན་བྱུང་།།
              _རྨོག་སངས་རྒྱས།
  
    ཆོས་ཐོག་སླེབས་ཐེངས་རེ་ལ།།
   ཕྱག་བདེ་རེས་མོས་འཁེལ་བས།།
   གོ་དམར་བཙོ་ཐེངས་རེ་ལ།།
   གཡིས་རྙིང་ཁ་གདུག་མི་བཟོད།།
               _གཅན་རང་སད།

   ཨ་བཙུན་བྱམས་པ་དགེ་ལེགས།།
   ཨ་ཁུ་བྱ་ཁྱུང་དྲན་ན།།
   དྷཱི་ཚ་ལུང་པའི་ཕྱོགས་ལ།། 
   ཕྱིར་མིག་གནང་ས་མ་རེད།།
            _རྨོག་སངས་རྒྱས།

   ཨ་རོགས་སངས་རྒྱས་རྒྱ་མཚོ།།
   ཨ་བཙུན་བྱམས་པ་དགེ་ལེགས།།
   ཨ་ཕ་རྒད་པོ་ཆགས་ཀྱང་།།
   ཨ་ཁུའི་འཚོ་བ་མི་བརྗེད།།
             _གཅན་རང་སད།

   ཨ་ཕ་རྒོད་པོ་རང་སད།། 
   ཨ་ཁུའི་འཚོ་བ་མ་བརྗེད།།
   རྗེས་ནས་མཐུན་རྐྱེན་ཡོད་ན།། 
   དྷཱིཿཚའི་རྨོག་སངས་མ་བརྗེད།།
             _རྨོག་སངས་རྒྱས།
  
    ཡར་སྔོན་ང་ཡི་འཚོ་བ།།
    དེང་སང་བཤད་ན་རྫུན་ཡིན།།
    རྨོག་སངས་སྤྲང་ཀོག་ཟེར་ཡང་།།
    ང་ལས་ལྡབ་ཀྱིས་ཕྱུག་ངེས།།
              _གཅན་རང་སད།

   དེ་དུས་འཚོ་བའི་སྡུག་འབྲས།། 
   དེང་སྐབས་ཤར་མར་སྨིན་ཡོད།།
   ད་སྐབས་ཁྱེད་ཀྱི་འཚོ་བ།། 
   དེ་དུས་བླ་མའི་སྟོབས་རེད།།
             _རྨོག་སངས་རྒྱས།

   སྐྱོ་བའི་སྐྱོ་གཏམ་བཤད་ན།།
   སེམས་པའི་ན་བུན་སངས་འགྲོ།།
   སྡུག་གི་མུན་པའི་ཁྲོད་ན།།
   སྐྱིད་ཀྱི་ཉི་མ་སྦས་ཡོད།།
              _གཅན་རང་སད།

   བཟའ་བཏུང་དཀོན་རབས་གླེང་ཞིང་།།
   གོས་གཟན་མེད་རབས་གླེང་ན།།
   དེ་དུས་གྲྭ་རྐྱང་དག་ནི།། 
   ཁྱིམ་མེད་དྭ་ཕྲུག་གཅིག་འདྲ།།
              _རྨོག་སངས་རྒྱས།

   གཟན་གྱི་ཁ་དོག་ཤོར་ཞིང་།།
   ལྷམ་གྱི་སྣེ་མོ་ཟད་ཀྱིན།།
   གྲལ་བར་ཇ་འདྲེན་བསྐྱོད་དུས།།
   ཕྱུག་པོས་ཁྲེལ་དགོད་གནང་མྱོང་།།
                _གཅན་རང་སད།

   ང་ནི་གྲྭ་རྙིང་མིན་པས།། 
   རང་གཤིས་དེ་དག་མི་ཤེས།། 
   དེ་དུས་གཏམ་རྒྱུད་གླེང་ན།།
   མ་སད་རྨི་ལམ་གཅིག་འདྲ།།
                _རྨོག་སངས་རྒྱས།

ཟུར་མཆན། སྙན་རྩོམ་འདི་ནི་གངས་རིའི་སྙན་ངག་པ་ཆེན་མོ་གཅན་རང་སད་མཆོག་དང་ལྷན་དུ་ཕྲན་གྱིས་ཁོང་གི་རྩོམ་རྩལ་དང་ཤར་མར་ཨེ་ཕྲིས་པར་འབད་པ་ཙམ་ལས། རྒྱུ་མཚན་གཞན་ཞིག་གི་དོད་དུ་བྲིས་པ་གཏན་ནས་མིན། དེ་མིན་སྙན་རྩོམ་འདི་གའི་ཁྲོད་ཀྱི་ཚིག་འབྲུ་དག་མདོ་སྨད་དྷཱིཿཚའི་ཕྱོགས་ཀྱི་འཚོ་བ་དག་རྐྱང་རྐྱང་གི་ལམ་ནས་བྲིས་ཡོད་ཅིང་།   དཔེར་ན། “ཏཱན་ནང་།”ལྟ་བུ་ཡང་དྷཱིཿཚའི་སྲང་ལམ་ཞིག་གི་མིང་དུ་འབོད་པ་ལ་གོ་དགོས།    དེ་དང་དེ་ལྟ་བུའི་ཐ་སྙད་མང་པོ་སྙན་ངག་གི་ལམ་དུ་སྦྱར་ཡོད་པ་ཀུན་གྱིས་ཤེས་གནང་མཛོད་ཅིག

གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 0 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
xvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
མིག་སྔར་འདི་རུ་དཔྱད་གཏམ་སྤེལ་མཁན་མ་བྱུང་།
ལྟ་ཀློག་གྲངས་ཀ
41987486
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1