དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་བཞུགས་སོ། །
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 4 ཚེས 26 རེས་གཟའ་པ་སངས་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» ཆོས་ལུགས།» རྒྱུན་ཤེས། ཆོས་སྤྱོད། »དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་
དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་བཞུགས་སོ། །
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/4/26ལྟ་ཀློག (17211)རྩོམ་ཁུངས: ངེད་དྲ་བ།པར་འདེབ།

དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་བཞུགས་སོ། །


༄༅། །རྒྱུད་ཆེན་སངས་རྒྱས་རྒྱ་མཚོས་ཡི་གེར་བཀོད་པའི་དགའ་ལྡན་ལྷ་བརྒྱ་མ་ཞེས་གྲགས་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པ་ལ། སྦྱོར་བ། དངོས་གཞི། མཇུག་གི་རིམ་པ་དང་གསུམ། དང་བོ་ལ་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། སྟན་བདེ་བ་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་ནས་སྐྱབས་ཡུལ་གསལ་འདེབས་ཚུལ་ནི། མདུན་གྱི་ནམ་མཁར་པད་སྡོང་ཡལ་ག་ལོ་འདབ་རྒྱས་པའི་རྩེར་པདྨ་འདབ་བཞིའི་ལྟེ་བར་རྗེ་ཡབ་སྲས་གསུམ་ལ་དངོས་བརྒྱུད་ཀྱི་བླ་མས་བསྐོར་བ་དང༌། ཤར་གྱི་འདབ་སྟེང་དུ་རྒྱུད་སྡེ་བཞིའི་ལྷ་ཚོགས། ལྷོར་སངས་རྒྱས། ནུབ་ཏུ་ཡུམ་ཆེན་མོ་ལ་ལུང་གི་ཆོས་བྲག་རི་ལྟར་བརྩེགས་པས་བསྐོར་བ། བྱང་དུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་འགོད་པའམ། ཡང་ན། ཤར་དུ་རྒྱུད་སྡེ་བཞིའི་ལྷ་དང་སངས་རྒྱས། ལྷོར་ཆོས། ནུབ་དུ་ཐེག་པ་གསུམ་གྱི་དགེ་འདུན། བྱང་དུ་གནས་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཀོད་དེ་དགེ་འདུན་ལ་ཆ་གཉིས་ཕྱེས་ན་ཡང་ཆོག་གོ །ཚོགས་ཞིང་དེ་དག་སྐྱབས་གནས་ཀུན་འདུས་སུ་བསམ་ལ། སྐྱེས་བུ་ཆུང་ངུ་ནས་སྔགས་ཀྱི་སྐྱབས་འགྲོའི་རྒྱུའི་བར་གསལ་བཏབ་སྟེ། རེ་ལྟོས་དྲག་པོ་དང་བཅས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པའི་མཐར། གཙོ་བོའི་ཐུགས་ཀའི་འོད་ཟེར་མཐའ་འཁོར་གྱི་ཞི་ཁྲོ་རབ་འབྱམས་ལ་ཕོག་པས། མཐའ་ནས་ནང་དུ་རིམ་བཞིན་ཐིམ་མཐར། སྲས་གཉིས་ཀྱང་རྗེ་བླ་མའི་སྐུ་དཔུང་གཡས་གཡོན་ནས་ཐིམ། རྗེ་བླ་མ་ཡང་རང་གི་སྨིན་མཚམས་ནས་ཐིམ་པས་རྗེ་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་བར་བསམ་མོ། །

       གཉིས་པ་དངོས་གཞི་ལ། ཚོགས་ཞིང་སྤྱན་འདྲེན་པ། དེ་ལ་ཚོགས་བསགས་པ། གསོལ་བ་འདེབས་ཅིང་དངོས་གྲུབ་ཞུ་བ་དང་གསུམ། དང་བོ་ནི། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་བ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །གསུངས་པ་ལྟར། དག་པའི་ཞིང་ཁམས་གང་ཡིན་ནས་སྤྱན་དྲངས་མི་ཆོག་པ་མིན་ཅིང༌། ལྷོ་བྲག་གྲུབ་ཆེན་ལ་གསང་བའི་བདག་པོས་ལུང་བསྟན་པ་ལས། བློ་བཟང་གྲགས་པ་འགྲན་ཟླ་ཀུན་དང་བྲལ། །ཤཱཀྱའི་རྒྱལ་བོའི་དྲུང་དུ་སེམས་མཆོག་བསྐྱེད། །ཞིང་འདིར་མདོ་དང་སྔགས་ཀྱི་གཞུང་ལུགས་སྤེལ། །འདི་ནས་འཕོས་ཏེ་དགའ་ལྡན་གནས་སུ་འགྲོ། །འཇམ་དཔལ་སྙིང་བོ་བྱམས་པའི་སྲས་མཆོག་སྟེ། །མྱུར་དུ་འཚང་རྒྱ་དེ་བཞིན་གཤེཊ་པར་འགྱུར། །ཞེས་དང༌། བློ་བཟང་གྲཊ་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་བ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ཞེས་དང༌། ཡང་ལྷོ་བྲག་པ་ལ་ཕྱག་རྡོར་གྱི་ཞལ་དངོས་སུ་གཟིགས་ནས། ནངས་པར་བྱམས་མགོན་ལ་བསླབ་བཏུས་ཞུས་ཞེས་གསུངས་པ་ན། ཕྱིར་ཉིན་རྗེ་བླ་མ་བྱོན་པ་དང་མཇལ་སྐབས་བྱམས་པ་མགོན་པོར་དངོས་སུ་གཟིགས་པ་དང༌། རྗེ་རང་གི་ཞལ་ནས་ཀྱང༌། ང་སྐྱེ་བ་ཕྱི་མར་དགའ་ལྡན་དུ་འགྲོ་བ་ལ་བླ་མ་ཡི་དམ་ཀུན་ཞལ་མཐུན་འདུག་གསུངས་པ་སོགས་ཐུན་མོང་སྣང་ཚོད་དང་སྒོ་བསྟུན་ཏེ་དགའ་ལྡན་ནས་སྤྱན་དྲངས་པ་ཡིན་ནོ། །སྤྱན་འདྲེན་ཚེ་ལྷའི་ངོས་ནས་འབད་རྩོལ་ཕྲ་རགས་མཐའ་དག་ཉེ་བར་ཞི་བའི་མཁྱེན་པ་ལྷུན་གྱིས་གྲུབ་པས་ན་གཙོ་ཆེར་རང་གིས་སྤྱན་འདྲེན་འདོད་པའི་གཞི་དེ་གཞི་གྲུབ་མ་གྲུབ་ལ་རག་ལས་ཚུལ་ཤེས་པའི་སྒོ་ནས། དགའ་ལྡན་ལྷ་བརྒྱའི་ནས་གཤེགས་སུ་གསོལ་ཞེས་པའི་བར་བརྗོད་དེ་མདུན་གྱི་ནམ་མཁར་སེང་ཁྲི་ཆེ་ཆུང་གསུམ་གསལ་བཏབ་སྟེ་དེའི་སྟེང་དུ་བཞུགས་པར་བསམ། ཚོགས་ཞིང་རྒྱས་པར་སྤྲོ་ན། རྗེ་དང་ལྷན་ཅིག་དགའ་ལྡན་ནས་སྤྱན་འདྲེན་པའམ། རྗེའི་ཐུགས་ཀ་ནས་ལྷ་སྤྲོས་ཏེ་ཡབ་སྲས་གསུམ་གྱི་མཐར་བཀོད་ཀྱང་རུང༌། བསྡུ་ན་ཡབ་སྲས་གསུམ་སྐྱབས་གནས་ཀུན་འདུས་པའི་བདག་ཉིད་དུ་བལྟས་ཏེ་ཀུན་འདུས་ནོར་བུའི་ལུགས་སུ་བྱའོ། །གང་ལྟར་རྗེ་བླ་མའི་སྐུའི་ཆ་ཕྲ་རགས་ཐམས་ཅད་གཞི་གྲུབ་པའི་ཕྱིར་ན། གཞི་དེར་སངས་རྒྱས་རྣམས་ཀྱི་མཁྱེན་པ་ནམ་ཡང་མི་འབབ་མི་སྲིད། དེས་ན་གཞི་དེ་དག་ཏུ་སྐུ་དང་ཞིང་གིས་ཁྱབ་ཀྱང་ཡེ་ཤེས་ཀྱི་སྐུ་ཡིན་པས་ཕན་ཚུན་གཅིག་གིས་གཅིག་གི་གོ་མི་འགོག་པར་ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་ཞིང༌། དེ་བཞིན་དུ་ཞིང་ཁམས་ཀུན་ཀྱང་རྗེའི་སྐུ་གསུང་ཐུགས་ཀྱིས་ཁྱབ་ཚུལ་ཤེས་ན་སངས་རྒྱས་གཅིག་ལ་བསོད་ནམས་བྱས་པ་སངས་རྒྱས་ཀུན་ལ་བསོད་ནམས་བསཊ་པར་འགྲོ་བ་ཡིན། དེའི་རིག་པ་མཆོད་པ་འབུལ་བ་ཕྱག་འཚལ་བ་སོགས་ཀུན་ལ་སྦྱར་ཤེས་ན་ཉམས་ལེན་ཟབ་པོ། །

        གཉིས་པ་ཚོགས་བསགས་པ་ལ། བརྟན་བཞུགས་ཡན་ལག་བདུན་གྱི་ཐོག་མར་སྨོས་པའི་རྒྱུ་མཚན། ནད་པ་ཉམ་ཐག་སྨན་པ་དང་བྲལ་མི་རུང་བ་བཞིན། ལེགས་ཚོགས་ཀུན་གྱི་རྩ་བ་བླ་མ་དང་ནམ་ཡང་མི་འབྲལ་བ་ཞིག་གལ་ཆེ་བའི་རྒྱུ་མཚན་གྱིས་ཡིན། མཚོན་དོན་སོགས་ནི། སྒྲུབ་པ་བོ་ལ་ཐུགས་དགྱེས་པས་ཞལ་འཛུམ་དཀར་ཅན། ཐབས་ཤེས་ཟུང་དུ་འཇུག་པའི་རང་རྟགས་དཀར་ལ་དམར་མདངས་ཆགས་པ། མདོ་སྔགས་གཉིས་དང༌། སྣང་སྟོང་ཟུང་འབྲེལ་དུ་སྟོན་པས་ཕྱག་གཉིས་ཆོས་འཁོར་མཛད་པས་འཆད་པ། རལ་གྲིས་རྩོད་པ། གླེགས་བམ་གྱིས་རྩོམ་པ། ཨུཏྤལ་གྱིས་ཀུན་སློང་བྱམས་སྙིང་རྗེ། ཚུལ་ཁྲིམས་ཀྱི་ཕུང་བོ་ཡོངས་སུ་རྫོགས་པས་ཆོས་གོས་རྣམ་གསུམ། རྒྱལ་བའི་དགོངས་པ་གསལ་བར་མཛད་པས་པཎ་ཞྭ་གསེར་མདོག ལྟ་བ་འགྲན་ཟླ་བྲལ་བས་རྩེ་མོ་རྣོ་བ། རྟོགས་པ་མཐར་ཕྱིན་པས་སྐྱིལ་ཀྲུང་ཅན་ནོ། །མདོར་ན་ལམ་རིམ་ལས། བཟུང་ན་ཚིག་མི་ཟིན། བསམ་ན་དོན་མི་གོ བསྒོམ་ན་རྒྱུད་ལ་མི་སྐྱེ་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །གསུངས་པ་ལྟར། ཚོགས་ཞིང་གི་ཡོན་ཏན་ལ་དགའ་བ་དང་བའི་དད་པ། སྐྱབས་སུ་བསྟེན་ན་ནམ་ཡང་བསླུ་བ་མེད་སྙམ་པ་ཡིད་ཆེས་ཀྱི་དད་པ། མཚོན་དོན་རྣམས་དྲན་ཏེ་གོ་འཕང་དེ་ལྟ་བུ་ཐོབ་ན་སྙམ་པ་མངོན་འདོད་ཀྱི་དད་པ་རྣམས་ཤུགས་དྲག་པོ་དང་བཅས། མདུན་གྱི་ནམ་མཁར་སེང་ཁྲི་པད་ཟླའི་སྟེང༌། །ཞེས་སོགས་བརྗོད། ཐུཊ་ཀྱི་ཕྱག་སྔོན་དུ་བླངས་པའི་རྒྱུ་མཚན། རྗེ་བླ་མ་འཇམ་དཔལ་ཞི་ཁྲོའི་རྣམ་རོལ་ཡིན་པ་དང༌། འཇམ་དབྱངས་ཞི་ཁྲོ་ཐུགས་ཀྱི་ལྷ་ཡིན་པས་ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས་པ་ལས་རྣམ་དཔྱོད་ཀྱི་ཤེས་རབ་རྒྱ་ཆེར་འཕེལ། དེས་སྟོབས་ཀྱིས་ལུས་ངག་གི་བྱ་བ་རྣམ་པར་དག་པ་ཞིག་རང་ཤུགས་ཀྱིས་འོང་ངོ༌། །སྐུ་མཐོང་བ་ཙམ་གྱིས་འདི་ནས་བྱང་ཆུབ་བར་དོན་དང་ལྡན་པར་བྱེད་པ་བཞིན། གསུང་ཐོས་པ་དང༌། ཐུགས་དྲན་པས་དོན་ལྡན་དུ་བྱེད་པ་རྣམས་འཕྲིན་ལས་ཀྱི་ཡོན་ཏན་ལ་སྦྱར་ཏེ་ཚོགས་ཞིང་གི་གྲངས་དང་མཉམ་པའི་རང་ལུས། ལུས་རེ་རེ་ལ་མགོ་དཔག་མེད། མགོ་རེ་རེ་ལ་ལྕེ་དཔག་མེད་སྤྲུལ་ནས་ལུས་ངག་ཡིད་གསུམ་གྱི་ཕྱག་དང་བཅས། ཤེས་བྱའི་ཁྱོན་ཀུན་འཇལ་བའི་སོགས་བརྗོད། ཡིད་དུ་འོང་བ་དང་སྣ་ཚོགས་པའི་དམིགས་པ་མཆོད་པ་ཀུན་ལ་སྦྱོར་དགོས་པས་མེ་ཏོག་ལྟ་བུ་ལ་མཚོན་ན། ཡིད་དུ་འོང་བའི་དབྱིབས་དང་ཁ་དོག་སྣ་ཚོགས་པའི་མེ་ཏོག མཆོད་རྫས་ཀྱི་ཁྱད་པར་ཡང༌། མཆོད་ཡུལ་རེ་རེའི་སྤྱན་སྔར་མེ་ཏོག་སིལ་མ། འཕྲེང་བ། ཆུན་པོ། འཕན་གདུཊ་བ་དན་རྒྱལ་མཚན། ཁང་བརྩེཊ། བླ་བྲེ། བཀྲ་ཤིས་རྟགས་བརྒྱད་སོགས་སྣ་ཚོགས་པའི་མཆོད་པས་སངས་རྒྱས་ཀྱི་ཞིང་ཀུན་བཀང་སྟེ་ཕུལ་བའི་དམིགས་པ་རྒྱ་གང་ཆེ་དང༌། དེའི་རིགས་པ་མཆོད་པ་ལྷག་མ་རྣམས་ལའང་སྦྱར་ཏེ། ཡིད་འོང་མཆོད་ཡོན་སོགས་བརྗོད། བཤཊ་པའི་སྐབས། རྟོག་གེ་འབར་བ་ལས། སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་སོ་ཞེས་པའི་དགོངས་པ་ལམ་རིམ་ལས། དམུས་ལོང་སོགས་རྣམ་སྨིན་གྲུབ་པའི་ཚེ་ན་ད་ལྟར་གྱི་གཉེན་པོས་སྦྱང་དཀའ་ལ་ཞེས་གསུངས་པ་ལྟར། སྐྱེ་བ་ཕྱི་མ་རྣམས་སུ་རྣམ་སྨིན་ཡིད་དུ་མི་འོང་བ་སྣ་ཚོགས་འགྲུབ་བྱེད་ཀྱི་རྒྱུ་ཐོག་མེད་ནས་བསགས་པའི་ལས་ངན་སྤྱི་དང༌། ཁྱད་པར་སྡོམ་པ་གསུམ་གྱི་བཅས་མཚམས་དང་འགལ་བའི་ཉེས་ལྟུང་དཔག་ཏུ་མེད་པ་རང་ཅག་གི་རྒྱུད་ལ་ཡོད་ཀྱང༌། ད་ལྟ་རྣམ་སྨིན་མ་གྲུབ་པ་རྒྱུའི་སྐབས་འདིར། ཞིང་ཁྱད་པར་ཅན་གྱིས་ལྷན་ཅིག་བྱེད་རྐྱེན་དང༌། རང་ངོས་ནས་གཉེན་པོ་སྟོབས་བཞིའི་སེམས་ཀྱིས་ཉེར་ལེན་ཤུགས་དྲག་ན། ངེས་པའི་ལས་ཀྱང་སྦྱོངས་ནུས་པར་རྡོ་རྗེ་འཆང་གིས་གསུངས་པ་ལ་བསླུ་བ་མེད་སྙམ་དུ་ཡིད་ཆེས་པའི་སྒོ་ནས། གང་ཞིག་ཐོག་མེད་དུས་ནས་སོགས་བརྗོད་པས་ཚོགས་ཞིང་གི་སྐུ་ལས་འོད་ཟེར་འཕྲོས། རང་གི་ལུས་གང་སྡིག་ལྟུང་མཐའ་དག་མུན་ཁུང་དུ་ཉི་ཟེར་ཞུགས་པ་བཞིན་དག་པར་བསམ་ཞིང་བཤགས་བྱ་བཤགས་ཡུལ་བཤགས་མཁན་བཅས་རང་བཞིན་གྱིས་མ་གྲུབ་པར་ལྟ་བའང་དོན་དམ་པའི་སྦྱངས་པ་ཡིན་པས་གནད་ཆེའོ། །སྙིགས་མའི་དུས་འདིར་སོགས་ཀྱི་སྙིགས་མ་ལྔ་ནི། སེམས་ཅན་སྙིགས་མ། ཚེ་སྙིགས་མ། ལྟ་བ་སྙིཊ་མ། ཉོན་མོངས་སྙིགས་མ། དུས་སྙིགས་མའམ་བསྐལ་བ་སྙིགས་མ་ལྔ་དང༌། འཇིག་རྟེན་གྱི་ཆོས་བརྒྱད་ནི། མགོན་པོ་ཀླུ་སྒྲུབ་ཀྱི་བཤེས་སྤྲིང་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །སྙན་དང་མི་སྙན་བདེ་དང་མི་བདེ་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར། འདོད་པའི་ཕྱོགས་བཞི་དང༌། མི་འདོད་པའི་ཕྱོགས་བཞིའོ། །དོན་ནི། བྱ་བ་ཡུལ་ལ་ཡོད་པ་དང༌། བྱེད་པ་བོ་རང་ལ་ཡོད་པའི་འཕྲིན་ལས་གཉིས་ཀ་རྗེས་སུ་ཡི་རང་གི་གནས་སུ་སྦྱོར་བ་བསྟན་པའི་སྒྲོན་མེའི་གསུང་རྒྱུན་ཡིན་པས། རྗེ་བདག་ཉིད་ཆེན་པོ་སྙིགས་མའི་དུསསུ་བྱོན་ཀྱང༌། གཞོན་ནུ་ཉིད་ནས་སྙིགས་དུས་སྐྱེ་བོའི་རང་བཞིན་གྱི་དྲི་ཙམ་ཡང་མེད་པར། རབ་ཏུ་བྱུང་བ་ནས་བཟུང་ངེས་འབྱུང་ཁྱད་པར་ཅན་དང༌། བྱང་ཆུབ་ཀྱི་སེམས་དང༌། ལྟ་བ་རྣམ་པར་དག་པའི་ཉམས་ལེན་གྱིས་ཆོས་བརྒྱད་དཀར་ནག་ཁྲ་གསུམ་ཀུན་ཟིལ་གྱིས་མནན་ཏེ། དང་བོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། བར་དུ་ཐོས་དོན་རྒྱུད་ལ་སྦྱར་བའི་ཉམས་བཞེས་ཀྱིས་གཞུང་ལུགས་ཀུན་གདམས་པར་ཤར། མཐར་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་དྲག་པོའི་སྒོ་ནས་སྤང་དང་རྟོགས་པའི་ཡོན་ཏན་རྣམས་མངོན་དུ་མཛད་དེ། སྐུ་གསུང་ཐུགས་ཀྱི་མཛད་པ་རླབས་པོ་ཆེ་སོགས་རྗེ་རང་གི་རྒྱུད་ལ་བཞུགས་པ་རྣམས་བྱེད་པ་བོ་རང་ལ་ཡོད་པའི་འཕྲིན་ལས་ཡིན་པས་དེ་དྲན་ནས་ཡི་རང་བསྒོམ། བྱ་བ་ཡུལ་ལ་ཡོད་པ་ནི། རྗེ་བླ་མ་ཡབ་སྲས་ཀྱི་རྣམ་ཐར་གཙང་མ་ད་ལྟའང་མཐོང་ཐོས་ཀྱི་ཡུལ་དུ་བཞུགས་པའི་དབང་གིས། སྙིགས་མའི་བརླང་སྤྱོད་འཁྲུགས་པའི་དུས་ངན་འདིར་ཡང༌། ཚ་གྲང་ལྟོགས་སྐོམ་ངལ་དུབ་སོགས་ཁྱད་དུ་བསད་དེ་འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པར་མང་ཐོས་སྒྲུབ་ལ་བརྩོན་པའི་མཁས་བཙུན་མང་བོས་ས་སྟེང་ཁྱབ་ཅིང༌། དེ་དག་གི་རྒྱུད་ཀྱི་དགེ་སེམས་ཕྲ་མོ་ཚུན་ཆད་བྱ་བ་ཡུལ་ལ་ཡོད་པའི་འཕྲིན་ལས་ཡིན། དེ་ལྟར་ཡི་རང་གི་ཡུལ་རྒྱ་ཅི་ཙམ་ཆེ་བ་དེ་ཚོད་ཀྱི་ཕན་ཡོན་ཐོབ་པར་དམ་པ་གོང་མའི་གསུང་ལས་བྱུང་བས། དེ་དྲན་ཡུལ་དུ་བྱས་ནས། སྙིགས་མའི་དུས་འདིར་མང་ཐོས་སོགས་བརྗོད། ཆོས་གསུང་བར་བསྐུལ་བའི་ཚིག་དོན། སྒྲིབ་བྲལ་གྱི་དབྱིངས་སམ་ངོ་བོ་ཉིད་སྐུ་ནམ་མཁའ། མཁྱེན་བརྩེ་ཆུ་འཛིན། གདུལ་བྱའི་ཤེས་རྒྱུད་ས་གཞི། གང་འཚམ་གྱི་ཆོས་ཆར་བའི་གཟུགས་སུ་བཀོད་པས་ཚིག་ཟིན་ཤེས་སླ། མདོར་ན་ལྷ་དང་བཅས་པའི་སྐྱེ་འགྲོའི་ཕན་བདེ་ཕྲ་མོ་ཚུན་ཆད་ཆོས་ཁོ་ནའི་འབྲས་བུ་ཡིན་ཀྱང༌། སྒྲོན་མེའི་བསྐལ་བ་ནི་མཚན་མོའི་སྨག་རུམ་དུ་གློག་སྐད་ཅིག་འགྱུ་བ་དང་ཆོས་མཚུངས་པར་གསུངས་པས་ན། བསྐལ་བ་བརྒྱ་ཕྲག་གི་བར་དུ་ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་ཏེ་ཆོས་ལ་དད་པ་སྐྱེ་བ་ཤིན་ཏུ་དཀོན། ད་རེས་སྐྱེ་བ་སྔ་མའི་ཆོས་ཀྱི་འབྲས་བུ་བླང་དོར་ལ་དྲན་པ་གསལ་བར་མ་ཟད། སྐྱབས་གནས་ཀུན་འདུས་བླ་མ་ལྷའི་མདུན་སར་ཆོས་ཞུ་བ་དང་ཉན་རྒྱུའི་སྐལ་བ་ཐོབ་པ་འདི་རྨི་ལམ་མིན་ནམ་སྙམ་དུ་ཆོས་ལ་འཕང་སེམས་དང་གཅེས་སེམས་ཤིན་ཏུ་དཀོན་པའི་འདུ་ཤེས་བཞག་སྟེ། རྗེ་བཙུན་བླ་མ་དམ་པ་སོགས་བརྗོད། དེ་ནས་བསྔོ་བ་ནི། དབུས་མཐའ་ལས། མི་ཟད་པ་དང་རྟག་འཇུག་དང༌། །གསུངས་པ་ལྟར། བསྔོ་བྱའི་རྫས་ཤིག་ཁྱད་པར་གྱི་གཞིར་བཟུང་ནས་སྨོན་གནས་དེའི་རྒྱུར་གྱུར་ཅིག་སྙམ་དུ་འདུན་པ་བསྐྱེད་པ་བསྔོ་བ་ཡིན། བྱེད་ལས་དགེ་རྩ་ཆུད་མི་ཟ་ཞིང་འཕེལ་བར་བྱེད། བསྔོ་བྱའི་རྫས་མེད་ཀྱང་སྨོན་བྱའི་གནས་དེ་ཐོབ་པའམ་དེ་དང་འཕྲད་པ་སོགས་སུ་གྱུར་ཅིག་སྙམ་དུ་འདུན་པ་གཏོང་བ་སྨོན་ལམ་དང༌། བྱེད་ལས་སྨོན་བྱ་དེ་ལ་རྟག་ཏུ་འཇུག་པའམ་དེ་དང་མི་འབྲལ་བ་ཞིག་འོང་བ་ཡིན། མཁས་གྲུབ་ནོར་བཟང་རྒྱ་མཚོས། གང་གིས་བསྔོ་བའི་རྒྱལ་བོ་འདི་ཐོས་ནས། །ཞེས་པ་ཁུངས་སུ་མཛད་དེ་བསྔོ་སྨོན་གཉིས་མི་འགལ་གསུངས་པ་ལྟར་བྱེད་ལས་སོ་སོར་ཡོད་པ་ཙམ་ལས། གཉིས་ཀའི་ངོ་བོ་འདུན་པ་གཙོ་ཆེ་བ་དང༌། སྨོན་བྱའི་གནས་ལ་སྨོན་པ་ཡང་འདྲ་བས་འགལ་བ་ནི་མ་ཡིན་ནོ། །འདིར་རང་གིས་ད་ལྟ་བླ་མའི་རྣལ་འབྱོར་བསྒོམ་པ་འདིས་མཚོན། དུས་གསུམ་བསགས་པའི་དགེ་ཚོགས་རྣམས་བསྔོ་བྱའི་རྫས་སུ་བྱས་ཏེ། གང་དུ་བསྔོ་ན། བསྟན་དང་འགྲོ་བ་ཀུན་ལ་གང་ཕན་གྱི་རྒྱུར་གྱུར་ཅིག་སྙམ་དུ་བསྔོ་བ་དང༌། ཁྱད་པར་བསྟན་པའི་ཡང་སྙིང་ཐབས་ཤེས་ཟུང་དུ་འཇུག་པའི་ལམ་བཟང་ཚང་ལ་མ་ནོར་བ་འཇམ་དབྱངས་བླ་མའི་རིང་ལུགས་རྨད་དུ་བྱུང་བ་འདི་ཉིད། འཇིག་རྟེན་ཀུན་ཏུ་ཡུན་རིང་གསལ་བའི་རྒྱུར་གྱུར་ཅིག་སྙམ་པའི་འདུན་པ་ཤུགས་ཅན་བསྐྱེད་དེ། བདག་གིས་ཇི་སྙེད་སོགས་བརྗོད། དེ་ལྟར་ཡན་ལག་བདུན་ལས། བརྟན་བཞུགས་ཕུལ་བ་བླ་མའི་སྐུ་ལ་བསྡོས་པ། གསུང་བཅག་པ། ཐུགས་དཀྲུགས་པ། མ་དད་བརྙས་སྨོད་སོགས་ཀྱི་གཉེན་པོར་འགྲོ་ཞིང༌། སྐྱེ་བ་ཀུན་ཏུ་མཚན་ལྡན་བཤེས་གཉེན་དམ་པ་དང་མི་འབྲལ་ཞིང་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་འགྲོ། ཕྱག་འཚལ་བ་ང་རྒྱལ་གྱི་གཉེན་པོ། མཆོད་པ་སེར་སྣའི་གཉེན་པོ། བཤགས་པ་དུག་གསུམ་སོགས་སྤང་བྱ་སྤྱིའི་གཉེན་པོ། རྗེས་སུ་ཡི་རང་ཕྲག་དོག་གི་གཉེན་པོ༌། ཆོས་འཁོར་བསྐོར་བར་བསྐུལ་བ་ལོག་ལྟ་དང་ཆོས་སྤོང་གི་ལས་ཀྱི་གཉེན་པོར་འགྲོ་ཞིང༌། སྐྱེ་བ་ཀུན་ཏུ་ཆོས་དར་བའི་ཡུལ་ཕྱོགས་སུ་སྐྱེས་ཏེ་ཆོས་དང་མཇལ་བའི་རྒྱུར་འགྲོ། དགེ་རྩ་བྱང་ཆུབ་ཏུ་བསྔོས་པས་དེ་ནམ་ཡང་མི་ཟད་ཅིང་འཕེལ་བར་བྱེད་དོ། །དེ་ནས་རྒྱས་པར་སྤྲོ་ན་ཚིག་རྒྱས་བསྡུས་ཅི་རིགས་ལས་མཎྜལ་ཕུལ་ནས་ས་གསུམ་མའི་མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས་ཡན་ཆད་བཏོན་ཏེ་རྗེ་བླ་མའི་ཡོན་ཏན་ལ་དད་པ་ཅྀ་འཕེལ་བྱའོ། །

       གསུམ་པ་གསོལ་བ་འདེབས་ཅིང་དངོས་གྲུབ་ཞུ་བ་ལ། གསོལ་བ་འདེབས་པ་དང༌། དངོས་གྲུབ་ཞུ་བ་གཉིས། དང་བོ་ནི། དམིཊ་བརྩེ་མ་འདི་ཉིད་རྗེ་བླ་མས་རེད་མདའ་བ་ལ་གསོལ་འདེབས་སུ་ཕུལ་བ་ཡིན་ཡང༌། རེད་མདའ་བས་འདི་ང་ལ་མི་འོས་གསུངས་ཏེ། རྐང་བ་ཐ་མ་གཉིས་བཅོས་ནས་རྗེ་ལ་གསོལ་འདེབས་སུ་ཕུལ་བ་ཡོངས་གྲགས་ལྟར་དང༌། དོན་ལ་སྤྲུལ་བའི་གླེགས་བམ་ལས། བདག་གི་སྤྲུལ་བ་དམ་པ་ཞིག །རེས་འགའ་དགེ་སློང་ཉིད་དུ་སྤྲུལ།  །རེས་འགའ་གསོལ་འདེབས་དབྱངས་ཀྱི་གཟུགས། །རེས་འགའ་ཡིག་འབྲུ་གཟུངས་ཀྱི་གཟུགས། །གསུངས་པ་ལྟར་འཇམ་དཔལ་དབྱངས་ཀྱི་མཁྱེན་དཔྱོད་གསོལ་འདེབས་སུ་ཤར་བ་ཡིན་ནོ། །ཕྱི་མཚུངས་པ་གསལ་བྱེད་སོགས་ཀྱི་དོན་ནི། རྗེའི་མཁྱེན་བརྩེ་ནུས་གསུམ་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་དང་མཚུངས་བ་ཚིག་འདིས་གསལ་བར་བྱེད་པ་དྲན་ནས་གསོལ་བ་འདེབས་པ་ལ་ཕྱི་མཚུངས་པ་གསལ་བྱེད་ཅེས་གསུངས་པའི་སྐབས་ཀྱང་ཡོད། ཡང་ན་འཇམ་དབྱངས་དང་སྤྱན་རས་གཟིགས་གཉིས་རྒྱལ་སྲས་ཡོངས་ཀྱི་ཁྲོད་ན་མཁྱེན་བརྩེ་འགྲན་ཟླ་དང་བྲལ་བ་བཞིན། གངས་ཅན་མཁས་པའི་ཁྲོད་ན་རྗེ་བདག་ཉིད་ཆེན་པོ་ཟླ་དང་བྲལ་བ་གཉིས་ཆོས་མཚུངས་སྦྱར་བ་ལ་མཚུངས་པ་གསལ་བྱེད་ཟེར། འདི་ལ་ཁྲིད་ཡིག་སོགས་སུ་རྗེ་བླ་མའི་ཕྱི་སྒྲུབ་གསུངས་པའི་དོན་ནི། ལུང་རྟོགས་ཀྱི་ཡོན་ཏན་གཉིས་ལས། མང་དུ་མཁྱེན་པ་ལུང་གི་ཡོན་ཏན་ལ་ཕྱིའི་ཐ་སྙད་སྦྱར་ཏེ། དེ་ཐུགས་རྒྱུད་ལ་ལྡན་པར་བལྟས་ཏེ་མངོན་འདོད་ཀྱི་དད་པའི་སྒོ་ནས། རང་གིས་ཀྱང་དེ་ལྟར་བསྒྲུབ་པར་བྱ་སྙམ་གསོལ་བ་འདེབས་པའོ། །ནང་ཡོན་ཏན་དེ་ལྡན་ནི། རྗེ་བླ་མའི་ཡོན་ཏན་ནམ་མཁྱེན་བརྩེ་འཇམ་དབྱངས་སྤྱན་རས་གཟིགས་གཉིས་དང་མཚུངས་པར་མ་ཟད། དེ་གཉིས་ཀྱི་ཐུགས་རྒྱུད་ལ་མཁྱེན་བརྩེ་ཇི་ཙམ་མངའ་བ། རྗེའི་ཐུགས་རྒྱུད་ལ་དམིགས་བརྩེ་མའི་ཚིག་ཟིན་ལྟར་ཡོད་པར་ཐག་བཅད་དེ། རང་གིས་ཀྱང་ནང་རྟོགས་པའི་ཡོན་ཏན་དེ་ལྟ་བུ་བསྒྲུབ་པར་བྱའོ་སྙམ་དུ་གསོལ་བ་འདེབས་པ་ནང་གི་བསྒྲུབ་ཚུལ་ཡིན། དེ་ལྟར་ཕྱི་ནང་གཉིས་ལ་འཇམ་དབྱངས་སྤྱན་རས་གཟིགས་རྗེ་དང་གསུམ་ལས། ཕྱག་རྡོར་གྱི་མཚན་དངོས་སུ་མེད་ཀྱང༌། དགེ་ལུགས་པར་ཙོང་ཁ་བ་དང་ཕྱག་རྡོར་གཉིས་མཚན་གྱི་རྣམ་གྲངས་སུ་གྲགས་པའི་གསུང་རྒྱུན་ཡོད་པ་དང༌། མཁྱེན་བརྩེ་གཉིས་ལ་སྐྱོབས་པའི་ནུས་མཐུ་ཚང་བའི་ཆ་ནས། སུམ་སྐོར་གྱི་རྐང་བ་བཞི་བོ་འདི་ལ་བཞི་སྐོར་གྱི་ཐ་སྙད་བཏགས་པའི་སྐབས་ཀྱང་ཡོད། རྒྱུ་མཚན་དེས་དམིགས་བརྩེ་མའི་བསྙེན་པ་གཏོང་སྐབས་ཡོངས་གྲགས་གསུམ་སྐོར་དེ་བགྲང་བས་ཆོག་གོ །གསང་བ་ལྷག་པའི་ལྷ་རིགས་གསུམ་མགོན་པོ་སོགས་དང་ངོ་བོ་དབྱེར་མེད་ཚུལ་ནི། འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་དུ་སྟོངས་པ་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། ཁྲོ་བོ་རྣམ་རྒྱལ་གྱི་རྟོགས་པ་ལས། ང་ནི་ལྔ་བརྒྱ་ཐ་མའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །བསྟན་པ་ཐམས་ཅད་ནུབ་པའི་ཚེ། །ང་ཡི་བསྟན་པ་འབྱུང་བར་བྱེད། །ཅེས་དང༌། མ་ཅིག་གི་ལུང་བསྟན་ལས། འཇམ་དབྱངས་དེ་ཉིད་མེ་མོ་བྱ་ལ་སྐུ་འཁྲུངས་ཏེ་སངས་རྒྱས་ཀྱི་བསྟན་པའི་སྲོལ་གཏོད།  ཅེས་དང༌། པདྨ་བཀའ་ཆེམས་སུ། འཇམ་དབྱངས་སྤྲུལ་བ་གདུལ་བྱ་བསྟན་པའི་བདག །མདོ་སྔགས་བསྟན་འཛིན་བློ་བཟང་གྲགས་པ་འབྱུང༌། །ཞེས་དང༌། བཀའ་གདམས་གླེགས་བམ་ལས། ང་ནི་སྙིང་རྗེ་ཆེན་པོ་ཉིད། །ང་ལ་སྤྱན་རས་གཟིགས་སུ་གྲགས། །ལུས་ངག་ཡིད་གསུམ་ཞི་འཇམ་པས། །འགྲོ་བ་ཀུན་གྱི་དཔལ་དུ་གྱུར།།འཇམ་པའི་དཔལ་དུ་འགལ་བ་མེད། །ཅེས་དང༌། ཀུན་མཁྱེན་ཤེས་རབ་ཆེ་བའི་རིགས། །ཕྱག་སྟོང་རེ་ན་མི་རྟོགས་པའི། །རྡོ་རྗེ་དཔའ་བོ་རེ་བཟུང་སྟེ། །གདུལ་བྱ་གདུལ་བ་ང་ཡིན་ན། །ཕྱག་ན་རྡོ་རྗེར་འགལ་བ་མེད། །དེ་ནི་དཔའ་བོ་དྲག་པོའི་རིགས། །དེ་གསུམ་རིགས་གསུམ་མགོན་པོ་ཉིད། །ཕྱོགས་སུ་མ་ཟད་དངོས་སུ་ཡིན། །ཞེས་སོགས་དང༌། རྗེ་བླ་མ་དང་བོ་འཁྲུངས་པའི་ཚེ། ཡབ་ཀྱི་མཚན་ལམ་དུ་ལྕང་ལོ་ཅན་ནས་ཕྱག་ན་རྡོ་རྗེས་འཕངས་སམ་སྙམ་པའི་གསེར་གྱི་རྡོ་རྗེ་ཞིག་ཡུམ་གྱི་སྙིང་གར་ཐིམ་པ་རྨིས་པ་ཕྱག་ན་རྡོ་རྗེའི་སྤྲུལ་བ་ཡིན་པའི་རྟགས་དང༌། རི་བོ་རྩེ་ལྔ་ནས་འོང་ཟེར་བའི་བཙུན་པ་མེ་ཏོག་གི་ཕྲེང་བ་དུ་མས་སྤྲས་པའི་ཆོས་གོས་དང༌། ཤིང་ལོ་སེར་བོའི་ཤམ་ཐབས་ཅན་པོ་ཏི་ཁྱེར་བ་ཞིག་གིས་ཁྱེད་ལ་གནས་ཤིག་གཡར་ཟེར་མཆོད་ཁང་དུ་བྱོན་པ་རྨིས་པ་འཇམ་དབྱངས་ཀྱི་སྤྲུལ་བ་ཡིན་པའི་རྟགས་དང༌། ཡུམ་གྱི་མནལ་ལམ་དུ་སྤྱན་རས་གཟིགས་ལ་བསུ་བ་བྱེད་ཟེར། སེར་སྐྱ་མང་བོས་མཆོད་རྫས་སྣ་ཚོགས་པའི་ཡོ་ལང་བྱེད་པར་གཟིགས་པ་ན། ནམ་མཁའི་མཐོངས་ནས་གསེར་སྐུ་འོད་འཚེར་བ་ཞིག་ལུས་ལ་ཐིམ་པར་རྨིས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་པའི་རྟགས་དང༌། ཆོས་རྗེ་དོན་གྲུབ་རིན་པོ་ཆེར་འཇིགས་བྱེད་ཀྱི་ཞལ་གཟིགས་པའི་ཚེ། ད་དུང་སྐུའི་སྣང་བ་མི་སྡུད་པར་མཇལ་ཆོག་པར་ཞུས་པས་སང་ཕོད་ད་ཙམ་ལུང་བ་འདིའི་མདོར་འོང༌། དེ་བར་བདེ་བར་གྱིས་གསུངས་པ་ན། སང་ཕོད་དེ་ཙམ་ན་རྗེ་འདི་སྐུ་འཁྲུངས་པ་འཇམ་དཔལ་ཞི་ཁྲོའི་རྣམ་རོལ་ཡིན་པའི་རྟགས་ཡིན་ནོ། །ད་ལྟ་རང་གཞན་གཉིས་ཀའི་ཐོབ་བྱའི་རིགས་གསུམ་མགོན་པོ་སོགས་ཀྱི་ནང་ཕན་ཚུན་ལ་བསམ་བློ་བཏང་ན། ཀ་བ་དང་བུམ་པ་བཞིན་འབྲེལ་མེད་དོན་གཞན་གྱི་སྣང་བ་འཆར་བ་འདི། གཟུང་འཛིན་གཉིས་སྣང་སོགས་སྒྲིབ་པ་མ་དག་པའི་དབང་གིས་ཡིན། ནམ་ཞིག་སངས་རྒྱས་པ་ན། རང་གཞན་གཉིས་ཀའི་དྲི་མ་གློ་བུར་བ་ཆོས་དབྱིངས་སུ་ཟད་མཐར། སེམས་རང་བཞིན་གྱི་འོད་གསལ་བའི་དབྱིངས་དེ་ཉིད། ཡེ་ཤེས་ཀྱི་ངོར་མངོན་དུ་གྱུར་ཏེ་སངས་རྒྱས་ཀུན་གྱི་དབྱིངས་དང་རིག་པ་ནང་ཕན་ཚུན་ངོ་བོ་དབྱེར་མེད་དུ་སོང་བ་དེ་ལས་ནམ་ཡང་གཡོ་བ་མེད་ཀྱང༌། རྗེས་ཐོབ་ཀྱི་མཛད་པ་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་ཞིག་ཡིན། མདོར་ན་སངས་རྒྱས་ཀུན་གྱི་ངོ་བོ་ཉིད་སྐུ་ངོ་བོ་གཅིག དེ་ལ་སྙོམས་པར་ཞུགས་པའི་མཁྱེན་པ་རྣམས་ཀྱང་ངོ་བོ་དབྱེར་མེད་པ་དེའི་ཀློང་དུ་མ་འདུས་པའི་སངས་རྒྱས་ཀྱི་ཡོན་ཏན་མེད། ཡོན་ཏན་ཐམས་ཅད་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དུ་འདུ། མཁྱེན་བརྩེ་ནུས་གསུམ་ལྷར་ཤར་བ་རིགས་གསུམ་མགོན་པོ་ཡིན། དེ་དགེ་སློང་གི་རྣམ་པར་རོལ་བ་རྗེ་བླ་མ་ཡིན་པར་ལུང་རིགས་ཀྱིས་དེ་ལྟར་ཐག་བཅད་དེ། གསང་བ་ལྷའི་བདག་ཉིད་དུ་ཡིད་ཆེས་པ་འདི། གསང་བ་ལྷག་པའི་ལྷ་དང་ངོ་བོ་དབྱེར་མེད་དུ་བྱས་ནས་གསོལ་བ་འདེབས་ཚུལ་ཡིན་ནོ། །

     དམིགས་བརྩེ་མ་གསུམ་སྐོར་ལ། རྗེའི་སྤྱི་བོར་འཇམ་དབྱངས། མགྲིན་པར་སྤྱན་རས་གཟིགས་བཀོད་དེ། དམིགས་བརྩེ་མ་བཟླ་བཞིན་ཐུགས་རྗེ་ཆེན་པོའི་ཐུགས་ཀའི་ཧྲཱིཿདཀར་བོ་ལས་འོད་ཟེར་དང་མཉམ་དུ་ཟས་གོས་སྣ་ཚོགས། འཆི་མེད་ཀྱི་བདུད་རྩི། རིན་ཆེན་སྣ་བདུན་སོགས་གང་ལ་གང་འདོད་སྤྲོས། སེམས་ཅན་གྱི་རེ་བ་བསྐངས་ཏེ་སྡུག་བསྔལ་བསལ། སྤྱན་རས་གཟིགས་ཀྱི་སྐུར་གྱུར་བར་བསམ་པ་ཀུན་རྫོབ་བྱང་ཆུབ་སེམས་དང་མི་འབྲལ་པའི་ཉམས་ལེན་ཡིན། འཇམ་དབྱངས་ཀྱི་ཐུགས་ཀའི་དྷཱིཿདམར་སེར་ལས་འོད་འཕྲོས། རང་གཞན་གྱི་མ་རིག་པ་སྦྱང༌། མཉམ་བཞག་ནམ་མཁའི་རྣལ་འབྱོར་དང༌། རྗེས་ཐོབ་སྒྱུ་མའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། འཇམ་དཔལ་གྱི་སྐུར་གྱུར་བར་བསམ་པ་ནི། དོན་དམ་བྱང་ཆུབ་སེམས་དང་མི་འབྲལ་བའི་ཉམས་ལེན་ཡིན་གསུངས། རྗེ་རིན་པོ་ཆེ་ཐབས་ཤེས་དབྱེར་མེད་ཀྱི་བདག་ཉིད་དུ་བལྟའོ། །བཞི་སྐོར་ལ་རྗེའི་ཐུགས་ཀར་ཕྱག་རྡོར་བཀོད་དེ། བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །ཅེས་པ་བསྣན་ནས། སྤྱན་རས་གཟིགས་ཀྱི་ས་བོན་ལས་འོད་ཟེར་དམར་བོ་འཕྲོས། རང་གཞན་གྱི་ངག་གི་སྒྲིབ་པ་སྦྱང༌། ཚུལ་ཁྲིམས་ཀྱི་བསླབ་པ་དང༌། བཙུན་པའི་ཡོན་ཏན་ལ་བཀོད། འདུལ་བའི་སྡེ་སྣོད་ཀྱི་དོན་རྟོགས་པའི་ཤེས་རབ་དང༌། མཚན་མ་མེད་པའི་ཏིང་ངེ་འཛིན། སེམས་ཅན་ལ་དམིགས་པའི་སྙིང་རྗེ་རྣམས་སྐྱེས། ཐུགས་རྗེ་ཆེན་པོའི་སྐུར་གྱུར། སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག་པར་བསམ། དེ་བཞིན་དུ་ལྷ་རང་རང་གི་ས་བོན་ལས་འོད་ཟེར་སྤྲོ་བ་ཀུན་ལ་འདྲ་ཞིང༌། འཇམ་དབྱངས་ལས་འོད་ཟེར་དཀར་བོས་ལུས་ཀྱི་སྒྲིབ་བ་སྦྱངས། ཏིང་ངེ་འཛིན་གྱི་བསླབ་པ་དང༌། མཁས་པའི་ཡོན་ཏན་ལ་བཀོད། མངོན་པའི་སྡེ་སྣོད་ཀྱི་དོན་རྟོགས་པའི་བློ་དང༌། སྨོན་པ་མེད་པའི་ཏིང་ངེ་འཛིན། ཆོས་ལ་དམིགས་པའི་སྙིང་རྗེ་རྣམས་ཀྱིས། འཇམ་དབྱངས་ཀྱི་སྐུར་གྱུར། ཆོས་སྐུ་འགྲུབ་པའི་ནུས་པ་བཞག ཕྱག་རྡོར་ལས་འོད་ཟེར་སྔོན་པོས་ཡིད་ཀྱི་སྒྲིབ་པ་སྦྱངས། ཤེས་རབ་ཀྱི་བསླབ་པ་དང༌། བཟང་བོའི་ཡོན་ཏན་ལ་བཀོད། མདོ་སྡེའི་སྡེ་སྣོད་ཀྱི་དོན་རྟོཊ་པའི་ཤེས་རབ་དང༌། སྟོང་བ་ཉིད་ཀྱི་ཏིང་ངེ་འཛིན། དམིཊ་མེད་ལ་དམིགས་པའི་སྙིང་རྗེ་རྣམས་སྐྱེས། ཕྱག་ན་རྡོ་རྗེའི་སྐུར་གྱུར། ལོངས་སྐུ་འགྲུབ་པའི་ནུས་པ་བཞག་གོ །ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དང་ལྷན་ཅིག་རིམ་པ་བཞིན་དུ། འགྱུར་པའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་རྣམས་སྦྱངས་པར་ཡང་གསུངས་སོ།།

      རྗེ་རིན་པོ་ཆེ་རིགས་གསུམ་མགོན་པོའི་བདག་ཉིད་དུ་བལྟའོ། །ལྔ་སྐོར་ལ། བདུད་དཔུང་མ་ལུས་འཕྲོར། བསྟན་པའི་བདག་པོ་ཐུབ་པ་བཅོམ་ལྡན་འདས། །ཞེས་པ་བསྣན་ཏེ། རྗེའི་ལྟེ་བར་ཐུབ་དབང་བཀོད། སྤྱི་བོའི་འཇམ་དབྱངས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་བོ་འཕྲོས། རང་གི་ལུས་གང༌། ཕྱིར་འཕྲོས་སེམས་ཅན་ཀུན་གྱི་སྤྱི་བོ་ནས་ཞུགས། ལུས་ཐམས་ཅད་གང༌། ཚེ་རབས་ནས་བསགས་པའི་མི་དགེ་བའི་རྣམ་སྨིན་གྱི་འབྲས་བུ་དང༌། གཙོ་བོར་ལུས་ཀྱི་དྲི་མ་དང་སྡུག་བསྔལ་གྱི་བདེན་པ་རྣམས་སྦྱངས། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའི་ཡང་དག་སྤོང་བ་ལ་བཀོད། བུམ་པའི་དབང་ཐོབ། གཞན་དོན་སྤང་བྱ་སྤངས་པའི་མི་འཇིགས་པ་དང༌། སྤྲུལ་སྐུ་འགྲུབ་པའི་ནུས་པ་བཞག་སྙམ་དུ་བསམ། སྤྱན་རས་གཟིགས་ལས་འོད་ཟེར་དམར་པོས་རང་གཞན་གྱི་ལུས་སྔར་བཞིན་གང༌། རྒྱུ་མཐུན་གྱི་འབྲས་བུ། ངག་གི་དྲི་མ། ཀུན་འབྱུང་བདེན་པ་རྣམས་སྦྱངས། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བའི་ཡང་དག་སྤོང་བ་ལ་བཀོད། གསང་བའི་དབང་ཐོབ། འབྲས་བུ་གཞན་དོན་རྟོགས་པ་ཕུན་སུམ་ཚོགས་པའི་མི་འཇིགས་པ་དང༌། ལོངས་སྐུ་འགྲུབ་པའི་ནུས་པ་བཞག ཕྱག་རྡོར་ལས་འོད་ཟེར་སྔོན་པོས་རང་གཞན་གྱི་ལུས་གང༌། བདག་པོའི་འབྲས་བུ་དང༌། ཡིད་ཀྱི་དྲི་མ་དག ལམ་བདེན་རྒྱུད་ལ་སྐྱེས། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའི་ཡང་དག་སྤོང་བ་ལ་བཀོད། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། རང་དོན་སྤང་བྱ་སྤངས་པའི་མི་འཇིགས་པ་དང༌། ཡེ་ཤེས་ཆོས་སྐུ་འགྲུབ་པའི་ནུས་པ་བཞག ཐུབ་དབང་ལས་འོད་ཟེར་སེར་བོས་སྔར་བཞིན་རང་གཞན་གྱི་ལུས་གང༌། དབང་གི་འབྲས་བུ་དང༌། སྒོ་གསུམ་ཐུན་མོང་གི་དྲི་མ་བག་ཆགས་དང་བཅས་པ་དག འགོག་བདེན་རྒྱུད་ལ་སྐྱེས། དགེ་བའི་ཆོས་སྐྱེས་པ་རྣམས་འཕེལ་བའི་ཡང་དག་སྤོང་བ་ལ་བཀོད། ཚིག་དབང་ཐོབ། རང་དོན་རྟོགས་པ་ཕུན་སུམ་ཚོགས་པའི་མི་འཇིགས་པ་དང༌། ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་འཇོག རྗེ་རིན་པོ་ཆེ་སྐུ་བཞིའི་བདག་ཉིད་དུ་བལྟའོ། །དྲུག་སྐོར་ལ།  བསྟན་པའི་བདག་པོ་ཐུབ་པ་བཅོམ་ལྡན་འདས། །ཞེས་པའི་འཕྲོར། འཕྲིན་ལས་ཀུན་འགྲུབ་རྗེ་བཙུན་སྒྲོལ་མ་ཡུམ། །ཞེས་པ་བསྣན་ཏེ་སྒྲོལ་མ་གསང་གནས་སུ་འགོད། ཕྱག་རྡོར་གྱི་ཐུགས་ཀ་ནས་ནམ་མཁའི་ངོ་བོ་འོད་ཟེར་སྔོན་པོས་རང་གཞན་གྱི་ལུས་གང༌། ཆུའི་དབང་ཐོབ། ཞེ་སྡང་གི་དྲི་མ་དག རྣམ་ཤེས་ཀྱི་ཕུང་བོ་གནས་བསྒྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། མི་བསྐྱོད་པའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་བསམ། ལྷག་མ་རྣམས་ལ་དེའི་རིགས་འདྲ་སྦྱར་ཏེ། ཁྱད་པར་ནི། ཐུབ་དབང་ལས་སའི་ངོ་བོའི་འོད་ཟེར་སེར་བོ། ཅོད་པན་གྱི་དབང༌། དག་བྱ་ང་རྒྱལ་དང་སེར་སྣ། ཚོར་ཕུང་གནས་བསྒྱུར། མཉམ་ཉིད་ཡེ་ཤེས། རིན་འབྱུང་གི་གོ་འཕང་ཐོབ། སྤྱན་རས་གཟིགས་ལས་མེའི་ངོ་བོའི་འོད་དམར་བོ། རྡོ་རྗེའི་དབང༌། འདོད་ཆགས་དག  འདུ་ཤེས་བསྒྱུར། སོར་རྟོགས་ཡེ་ཤེས། འོད་དཔག་མེད་ཀྱི་གོ་འཕང་ཐོབ། སྒྲོལ་མ་ལས་རླུང་གི་ངོ་བོའི་འོད་ལྗང་ཁུ། དྲིལ་བུའི་དབང༌། ཕྲག་དོག་དགའདུ་བྱེད་བསྒྱུར། བྱ་གྲུབ་ཡེ་ཤེས། དོན་གྲུབ་ཀྱི་གོ་འཕང་ཐོབ། འཇམ་་་་་་དབྱངས་ལས་ཆུའི་ངོ་བོའི་འོད་དཀར་བོ། མིང་གི་དབང༌། གཏི་མུག་དག གཟུགས་ཕུང་བསྒྱུར། ཆོས་དབྱིངས་ཡེ་ཤེས། རྣམ་སྣང་གི་གོ་འཕང་ཐོབ། རྗེ་རིན་པོ་ཆེ་རིགས་ལྔའི་བདག་ཉིད་དུ་བལྟའོ། །བདུན་སྐོར་ལ། བདུད་དཔུང་མ་ལུས་འཕྲོས། རིགས་བརྒྱའི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང༌། །ཞེས་པ་བཞག་སྟེ། ཕྱག་རྡོར་གྱི་ཐུགས་ཀར་རྡོ་རྗེ་འཆང་སྔོན་པོ་ཡུམ་བཅས་སམ་ཡབ་རྐྱང་རྡོར་དྲིལ་ཐུགས་ཀར་འཁྱུད་རྒྱ་མཛད་པ་གསལ་བཏབ། འཇམ་དབྱངས་ཀྱི་ཐུགས་ཀ་ནས་འོད་ཟེར་དང་མཉམ་དུ་ཟས་གོས་སོགས་མཁོ་དགུ་སྤྲོས། རང་གཞན་གྱི་སེར་སྣ་སྦྱངས། གཏོང་སེམས་སྤེལ། སྦྱིན་པའི་ཕར་ཕྱིན་ལ་བཀོད། དེའི་རིགས་འདྲ་སྦྱར་ཏེ། སྤྱན་རས་གཟིགས་ལས་ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་གསིལ་སྤྲོས། རང་གཞན་ལ་ཐིམ་པས། ཚུལ་འཆལ་སྦྱངས། བསྲུང་བའི་སེམས་པ། ཚུལ་ཁྲིམས་ཀྱི་ཕར་ཕྱིན། ཕྱག་རྡོར་ལས་མེ་ཏོག་དང༌། ཡན་ལག་བརྒྱད་ལྡན་དང༌། བདུད་རྩིའི་ཆར་སོགས་སྤྲོས། ཁོང་ཁྲོ་ཞི། མི་འཁྲུགས་པའི་དགེ་རྩ་སྤེལ། བཟོད་པའི་ཕར་ཕྱིན། ཐུབ་དབང་ལས་བཀྲ་ཤིས་རྟགས་བརྒྱད། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་གླེགས་བམ་གྲངས་མེད་སྤྲོས། ལེ་ལོ་སྦྱངས། སྤྲོ་བའི་སེམས་པ་སྤེལ། བརྩོན་འགྲུས་ཀྱི་ཕར་ཕྱིན་ལ་བཀོད། རྡོ་རྗེ་འཆང་ལས་རྡོར་དྲིལ་ཌཱ་རུ་འཕྲེང་བ་སྒོམ་ཐག་སོགས་སྤྲོས། བྱིང་རྒོད་རྣམ་གཡེང་སྦྱངས། རྩེ་གཅིག་པའི་ཏིང་ངེ་འཛིན་སྤེལ། བསམ་གཏན་གྱི་ཕར་ཕྱིན་ལ། སྒྲོལ་མ་ལས་རལ་གྲི་ཤེར་ཕྱིན་གྱི་པོ་ཏི་རིག་གནས་ལྔའི་གླེཊ་བམ་མུན་སེལ་གྱི་སྒྲོན་མེ་ཉི་ཟླ་སོགས་སྤྲོས། ཤེས་འཆལ་སྦྱངས། ཡང་དག་པའི་ལྟ་བ་འཕེལ། ཤེས་རབ་ཀྱི་ཕར་ཕྱིན་ལ་བཀོད། རྗེ་རིན་པོ་ཆེ་ཕར་ཕྱིན་དྲུག་རྣམ་པར་དག་པའི་བདག་ཉིད་དུ་མོས་པར་བྱའོ། །བརྒྱད་སྐོར་ལ་དམིགས་བརྩེ་མའི་མགོར། འཇམ་དཔལ་ཁྲོ་བོའི་ཟློས་གར་གཤིན་རྗེའི་གཤེད། །ཅེས་པ་བཞག་སྟེ། འཇམ་དབྱངས་དེའི་ཐུགས་ཀར་བཀོད་ནས། འཇམ་དབྱངས་ཀྱི་ཐུགས་ཀ་ནས་འཁོར་ལོ་རིན་པོ་ཆེ་གྲངས་མེད་པ་འཕྲོས། རང་གཞན་ལ་ཐིམ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ལམ་ལ་བཀོད། མཐོ་རིས་ཀྱི་ཡོན་ཏན་བདུན་ལས་ཚེ་ཕུན་སུམ་ཚོགས་པར་བྱས། འཕགས་ནོར་བདུན་ལས་དད་པ་སྐྱེས་པར་བསམ། དེ་བཞིན་དུ་ལྷག་མ་རྣམས་ལ་སྦྱར་ཏེ། འཇིགས་བྱེད་ཀྱི་སྐུ་ལས་ནོར་བུ་རིན་པོ་ཆེ། དགའ་བའི་ཡན་ལག ཁ་དོག་ཕུན་ཚོགས། ཐོས་པ་སྐྱེས། སྤྱན་རས་གཟིགས་ལས་བཙུན་མོ་རིན་པོ་ཆེ། བཏང་སྙོམས་ཡན་ལག རིགས་ཕུན་ཚོགས། ཚུལ་ཁྲིམས། ཕྱག་རྡོར་ལས་བློན་པོ། ཏིང་ངེ་འཛིན་ཡན་ལག དབང་ཕྱུག་ཕུན་ཚོགས། གཏོང་བའི་བསམ་པ། ཐུབ་པའི་སྐུ་ལས་གླང་བོ། ཆོས་རབ་ཏུ་རྣམ་འབྱེད་ཡན་ལག ཚིག་བཙུན་པ། ངོ་ཚ་ཁྲེལ་ཡོད། རྡོ་རྗེ་འཆང་ལས་རྟ་མཆོག བརྩོན་འགྲུས་ཡན་ལག དབང་ཆེ་བ། ཏིང་ངེ་འཛིན། སྒྲོལ་མ་ལས་ཁྱིམ་བདག ཤིན་སྦྱངས་ཀྱི་ཡན་ལག ཤེས་རབ་སྐྱེས་པར་བསམ། རྗེ་རིན་པོ་ཆེ་མཐོ་རིས་ཡོན་ཏན་བདུན་དང་འཕགས་ནོར་བདུན་བྱང་ཆུབ་ཡན་ལག་རྣམས་ལ་མངའ་བརྙེས་པར་བསམ་མོ། །འདི་ནི་མདོ་སྡེ་རྒྱན་ལས། ས་ལ་གནས་པའི་སེམས་དཔའ་རྣམས། །འཁོར་ལོའི་བསྒྱུར་བ་དང་འདྲ་བ། །རྟག་ཏུ་རིན་ཆེན་བདུན་ལྟ་བུའི། །བྱང་ཆུབ་ཡན་ལག་རྣམས་ཀྱིས་བསྐོར། །ཞེས་པའི་དགོངས་པ་ཡིན་གསུངས། །དགུ་སྐོར་ནི། རིགས་གསུམ་མགོན་པོ་ལ། ཕྱི་ནང་གསང་གསུམ་རེ་རེར་ཕྱེ་བས་དགུ་ཡོད། ཕྱི་ནང་སོགས་ཀྱི་དོན་ནི། བྱ་སྤྱོད་ནས་བཤད་པའི་ལྷ་ཕྱི་དང༌། རྣལ་འབྱོར་རྒྱུད་ནས་བཤད་པ་ནང༌། བླ་མེད་ནས་བཤད་པ་གསང་པ་ཞེས་ལྕང་སྐྱ་རིན་པོ་ཆེས་གསུངས་པ་རྒྱུད་སྡེའི་སྒྲ་བཤད་དང་མཐུན་པའི་ལེགས་པར་བཞེད།  སྤྱན་རས་གཟིགས་ལ་སྐུ་ནོར་བུ་མཛོད་འཛིན། འཇམ་དབྱངས་ལ་གསུང་ཉི་མ་སྣང་བྱེད། ཕྱག་རྡོར་ལ་ཐུགས་གསང་བ་མཛོད་འཛིན་ཞེས་པའི་ཐ་སྙད་ཀྱང་ཡོད། གང་ལྟར་ལྷ་འགོད་ཚུལ་ནི། སྤྱི་བོར་སྤྱན་རས་གཟིགས་བཀོད་ཀྱང་ཆོག འདིར་གོང་གི་རིམ་པ་དང་བསྟུན་ཏེ། རྗེའི་སྤྱི་བོར་འཇམ་དབྱངས་དམར་སེར་ཡོངས་གྲཊ་ལྟར་ལ། དེའི་ཐུགས་ཀར་པད་ཟླའི་སྟེང་འཇམ་དབྱངས་ནང་སྒྲུབ་ཡུམ་དབྱངས་ཅན་མ་དེ་གཉིས་ཀ་དམར་སེར་ཕྱག་མཚན་གླེགས་རལ་བསྣམས་ནས་ཡབ་རྡོ་རྗེའི་སྐྱིལ་ཀྲུང་དང་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཁྱུད་པ། ཡབ་རིན་པོ་ཆེ་དང་ཡུམ་རུས་པའི་རྒྱན་ཅན། དེའི་ཐུགས་ཀར་པད་ཉིའི་སྟེང་འཇམ་དབྱངས་གསང་སྒྲུབ་ཡུམ་དབྱངས་ཅན་མ། གཉིས་ཀའང་དམར་སེར། ཡབ་རྡོར་དྲིལ། ཡུམ་གྲི་ཐོད། ཡབ་རུས་རྒྱན་ཡུམ་རིན་པོ་ཆེའི་རྒྱན་ཅན་བཞུགས་སྟངས་ནང་སྒྲུབ་དང་འདྲ། དེའི་ཐུགས་ཀར་པད་ཟླའི་སྟེང་དྷཱིཿདམར་སེར། ཨཱཿར་པ་ཙ་བཟླ་འདོད་ན་མདུན་ནས་མགོ་བརྩམས་ཏེ་གཡས་བསྐོར་དུ་འགོད། དགུ་སྐོར་འདི་ལ། དམིགས་བརྩེ་མ་བཞི་སྐོར་གྱིས་ཆོག་པས་ཨཱཿར་པ་ཙ་སོགས་བཟླ་བར་མི་འདོད་ན་ས་བོན་ཙམ་ལས་སྔགས་མ་བཀོད་ཀྱང་རུང་བ་འོག་མ་གཉིས་ལའང་འདྲ། རྗེའི་མགྲིན་པར་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ། དེའི་ཐུགས་ཀར་རྡོ་རྗེ་ཆོས་ཀུན་རིག་ལྟར་དང༌། དེའི་ཐུགས་ཀར་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཕྱག་དང་བོ་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་བསྣམས་ནས་ཡུམ་ལ་འཁྱུད་པ། དེ་ལས་གཞན་རྒྱན་ཕྱག་སོགས་ཕྱག་བཞི་བ་དང་འདྲ། ཡུམ་གསང་བ་ཡེ་ཤེས་དམར་མོ་རུས་རྒྱན་ཅན་གཡས་གསེར་གྱི་ཌཱ་མ་རུ་དང༌། གཡོན་ཐོད་པ་འཛིན་པས་འཁྱུད་པ། དེ་གསུམ་ཀ་དང་ཐུགས་ཀའི་ཧྲཱིཿཡིག་དཀར་བོ་བཅས་ལ་པད་ཟླའི་གདན། རྗེའི་ཐུགས་ཀར་ཕྱག་རྡོར་གོས་སྔོན་ཞལ་གཅིག་ཕྱག་གཉིས་ཡོངས་གྲགས་ཀྱི་དེ་དང༌། དེའི་ཐུགས་ཀར་ཕྱག་རྡོར་མཐིང་ག་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་དང་བོ་གཉིས་རྡོ་རྗེ་དང་སྡིགས་མཛུབ། བར་བ་གཉིས་སྦྲུལ་གདུག་པ་ཅན་ཞལ་དུ་གསོལ་བ། ཐ་མ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་རྡེབ་པ། གོས་སྔོན་པོའི་སྟོད་གཡོགས་དང་སྟག་ཤམ་ཅན། ཡེ་ཤེས་ཀྱི་མེ་ཀློང་ན་གཡས་བསྐུམས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་ཐུགས་ཀར་ཕྱག་རྡོར་འཁོར་ལོ་ཆེན་པོ་ཞལ་ཕྱག་སོགས་གོང་དང་འདྲ་བ་ལ། བར་བ་གཉིས་ཐལ་མོ་སྒྲོག་པས་ཡུམ་མཛེས་ལྡན་མ་སྔོན་མོ་གྲི་ཐོད་འཛིན་པ་ལ་འཁྱུད་པ། ཕྱག་རྡོར་གསུམ་ག་པད་ཉིའི་གདན་ཅན། ཐུགས་ཀར་པད་ཉི་ལ་ཧཱུཾ་ཡིག་སྔོན་པོ། ཡང་ན་རྗེའི་ཐུགས་ཀར་འཇམ་དབྱངས། རྒྱལ་ཚབ་ཐུཊ་ཀར་སྤྱན་རས་གཟིཊ། མཁས་གྲུབ་ཐུགས་ཀར་ཕྱག་རྡོར་རྣམས་སུམ་བརྩེཊ་སུ་བསྒོམ་ཡང་རུང་ངོ༌། །དེ་ནས་དམིགས་བརྩེ་མ་བཞི་སྐོར་རམ། ཡང་ན་དམིགས་བརྩེ་མའི་མཇུག གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །སྐྱབས་གསུམ་ཀུན་འདུས་བླ་མ་སངས་རྒྱས་ལ། །སྒོ་གསུམ་གུས་པའི་སྒོ་ནས་གསོལ་བ་འདེབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་དང༌། གོང་དུ་སྔཊ་འཁོར་བཀོད་ཡོད་ན། ཨཱཿར་པ་ཙ་དང༌། མ་ཎི། བཛྲ་པཱ་ཎི་སོགས་བཟླ་བཞིན་དམིགས་པ་ནི། ལྷ་རྣམས་ལས་རིམ་བཞིན་འོད་དང་བདུད་རྩི་དཀར་དམར་སྔོན་པོས་ལུས་གང༌། སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་ཕྲ་རགས་ཐམས་ཅད་དག་པར་བསམ་ཞིང༌། རྗེ་རིན་པོ་ཆེ་ཕྱི་ནང་གསང་བའི་ལྷ་ཀུན་གྱི་བདག་ཉིད་དུ་བལྟའོ། །དམིགས་བརྩེ་མ་ལྔ་སྐོར་ནས་དགུ་སྐོར་བར། བཀོད་བྱའི་ལྷ་དང༌། གང་དུ་འགོད་པའི་གནས། དམིགས་པ་སྐྱོང་ཚུལ་སོགས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། དགོས་པ་ཁྱད་པར་ཅན་གྱི་ཚེ་རྗེའི་ཐུགས་ཀར་ལྷ་གང་བཀོད་ཀྱང་ཆོག་གསུངས་པ་སོགས། མདོར་ན་དམིགས་བརྩེ་མ་འདིའི་སྒོ་ནས་ལྷ་ཞི་ཁྲོ་རབ་འབྱམས་ཀྱི་ལས་ཚོགས་བསྒྲུབ་ཆོག་པའི་རྩ་བའང་རྗེ་བདག་ཉིད་ཆེན་པོ་གསང་བ་ལྷག་པའི་ལྷ་ཀུན་དང་ངོ་བོ་དབྱེར་མེད་པའི་དབང་གིས་ཡིན་གསུངས་ཀྱང་ཞིབ་པར་མ་ངེས། གསུམ་སྐོར་སྐབས་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་གཉིས་ནི། རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་གྱི་ཐེག་པ་ཆེན་པོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། རྒྱུ་དམ་པ་ཚོགས་གཉིས་བསགས་པ། ལུང་དམ་པ་མང་དུ་ཐོས་པ་གཉིས་ཀྱི་རྒྱུ་བྱས་ཏེ། ཁོང་དུ་ཆུད་པ་དམ་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་དང་མཚུངས་ལྡན་གྱི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཟེར། བསྡུ་ན་དམ་པ་གསུམ་ཚང་བའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་ནོ། །བཞི་སྐོར་གྱི་སྐབས་སུ་བྱུང་བའི་སྤང་བླང་སོགས་ནི། རྨ་ལ་འགྱུར་བྱེད་བཏབ་པས་ན་ཚ་ཇེ་ངན་དུ་འགྲོ་བ་ལྟ་བུ་སྡུག་བསྔལ་གྱི་སྡུག་བསྔལ། ཟག་བཅས་ཀྱི་ཚོར་བ་བདེ་བ་ལྟ་བུ་འགྱུར་བའི་སྡུག་བསྔལ། ཟག་བཅས་ཀྱི་ཚོར་བ་བཏང་སྙོམས་ལ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། བདེན་འཛིན་ནམ་མ་རིག་པ་དང་དེའི་བག་ཆགས་གང་རུང་གིས་བསླད་པ་ཟག་བཅས་དང༌། མ་བསླད་པ་ཟག་མེད་ཡིན། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་ཀྱི་བསླབ་པ་གསུམ་བརྗོད་བྱའི་གཙོ་བོར་སྟོན་པའི་ཆ་ནས། རིམ་པ་བཞིན་འདུལ་བ། མདོ་སྡེ། མངོན་པའི་སྡེ་སྣོད་ཟེར་ཡང་སྡེ་སྣོད་གསུམ་འགལ་བ་མིན་ནོ། །རྒྱུ་འབྲས་ངོ་བོ་གསུམ་རང་བཞིན་གྱིས་སྟོང་བ་ལ། རིམ་པ་བཞིན་མཚན་མེད། སྨོན་མེད། སྟོང་ཉིད་གསུངས་པས་དེ་དག་དམིགས་ཡུལ་དུ་བྱེད་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་སོགས་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་སོགས་ཟེར། སྙིང་རྗེ་གསུམ་ག་སེམས་ཅན་ལ་དམིགས་པ་དང༌། སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་དུ་འདྲ་བས་དམིགས་རྣམས་ལ་ཁྱད་པར་མེད་ཀྱང༌། དམིགས་ཚུལ་གྱི་སྒོ་ནས་མི་རྟག་པ་དང་བདག་མེད་ཕྲ་རགས་སོགས་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པར་སེམས་ཅན་ཙམ་ལ་དམིགས་པའི་བརྩེ་བ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང༌། མི་རྟག་པ་དང་བདག་མེད་རགས་པ་སོགས་ཀྱི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་བརྩེ་བ། ཆོས་ལ་དམིགས་པའི་སྙིང་རྗེ་དང༌། བདེན་སྟོང་གི་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་སྡུག་བསྔལ་དང་བྲལ་འདོད་ཀྱི་བརྩེ་བ་དེ། དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཡིན། སྐུ་ངེས་པ། གནས་ངེས་པ། གསུང་ངེས་པ། འཁོར་ངེས་པ། དུས་ངེས་པ་སྟེ་ངེས་པ་དེ་ལྔ་དང་ལྡན་པ་ཞིག་ལ་ལོངས་སྐུ་དང༌། དེ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་ཞིག་ལ་སྤྲུལ་སྐུ་ཟེར། དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་ངོ་བོ་ཉིད་སྐུ། བདེན་གཉིས་ཅིག་ཆར་དུ་གཟིགས་པའི་ཡེ་ཤེས་ལ་ཆོས་སྐུ་ཟེར་རོ། །ལྔ་སྐོར་སྐབས། དཔེར་ན། མི་དགེ་བ་སྟོབས་ཆེན་གྱིས་འཕངས་པའི་དམྱལ་བའི་ལུས་དེ་རྣམ་སྨིན་གྱི་འབྲས་བུ། རྟེན་དེ་ལ་རྣམ་ཤེས་ཚོགས་དྲུག་གི་ཡུལ་དུ་མྱོང་བ་སྡུག་པོ་སྣ་ཚོགས་ཀྱིས་གཟིར་བ་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ། སྔོན་ངན་གོམས་ཤུགས་ཆེ་བའི་དབང་གིས་བློ་མི་དགེ་བའི་ཕྱོགས་སུ་ངང་གིས་འགྲོ་བ། བྱེད་པ་རྒྱུ་མཐུན་གྱི་འབྲས་བུ། ལྕགས་སྲེག་གི་ས་གཞི་དང༌། ཁྲོ་ཞུན་ཁོལ་མ། ནགས་ཚལ་རལ་གྲིའི་ལོ་མ་ཅན་སོགས་ནི་བདག་འབྲས་སམ་དབང་གི་འབྲས་བུ་ཡིན། དགེ་སྡིག་གི་ལས་གང་ཡིན་ཀྱང༌། སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང༌། །གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་མཛོད་ལས་གསུངས་པ་ལྟར། སྦྱོར་བའི་དབང་གིས་རྣམ་སྨིན། དངོས་གཞིའི་དབང་གིས་རྒྱུ་མཐུན། མཇུག་གི་དབང་གིས་བདག་འབྲས་བསྐྱེད་པ་བདེ་འགྲོ་ངན་འགྲོ་ཀུན་ལ་འདྲ་ཞིང༌། མི་དགེ་བའི་རྣམ་སྨིན་སོགས་སྦྱང་བྱ་ཡིན་ནོ། །མ་དག་པའི་སྣོད་ཀྱི་འཇིག་རྟེན་ཕྱིའི་སྡུག་བདེན། རང་རེའི་མ་དག་པའི་ཉེར་ལེན་གྱི་ཕུང་བོ་འདི་འཁོར་བའམ་ནང་གི་སྡུག་བདེན་ཡིན། སྡུག་བདེན་དེ་འདྲ་སྐྱེད་བྱེད་ཀྱི་ལས་ཉོན་ལ་ཀུན་འབྱུང་བདེན་པ་ཟེར། དེ་འདྲའི་ལས་ཉོན་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟིགས་ངོར་ཟད་པའི་ཆ་དེ་འགོག་བདེན་དང༌། དེ་འཐོབ་བྱེད་ཀྱི་འཕགས་ལམ་ལ་ལམ་བདེན་ཟེར་རོ། །ཡང་དག་སྤོང་བ་ནི། སྤང་གཉེན་གྱི་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས་གཙོ་བོར་གྱུར་བའི་ལམ་ཞུགས་ཀྱི་མཁྱེན་པ་ཞིག་ཡིན། དབྱེ་བ་བཞི་བོ་ཚིག་རིས་ལྟར་དང༌། མི་འཇིགས་པ་ཞེས་པ་ནི། ཆོས་ཤེས་པར་རློམ་པའི་དགེ་སྦྱོང༌། བྲམ་ཟེ། མུ་སྟེགས་སོགས་དང༌། མཐུ་སྟོབས་ཀྱིས་སྙེམས་པའི་ལྷ་དང༌། བདུད་དང༌། ཚངས་པ་སོགས་མདོར་ན་འཁོར་གྱི་ནང་དུ་སྤང་རྟོགས་ཀྱི་ཆོས་སྟོན་པ་ལ་བག་ཚ་བའམ་འཇིགས་པ་མེད་པའི་མཐར་ཐུག་གི་མཁྱེན་པ་ཞིག་གི་མིང་ཡིན། སངས་རྒྱས་ཀྱིས་ངས་སྒྲིབ་གཉིས་སྤངས། རྣམ་མཁྱེན་མངོན་དུ་བྱས་སོ་ཞེས་མི་འཇིགས་པའི་གསུང་གི་བདག་རྐྱེན་གྱི་ཡེ་ཤེས་དེ། རང་དོན་སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་སུམ་ཚོགས་པའི་མི་འཇིགས་པ་ཡིན། དེ་བཞིན་དུ་ཉོན་སྒྲིབ་ཀྱིས་ཐར་བ་ལ་བར་དུ་གཅོད། ཤེས་སྒྲིབ་ཀྱིས་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པས་སྤངས་དགོས་སོ། །ཞེས་དང༌། གཞི་ཤེས་ཀྱིས་ཐར་བ་དང༌། ལམ་ཤེས་ཀྱིས་རྟོགས་པ་ཕུན་ཚོགས་ཐོབ་པར་བྱེད་དོ་ཞེས་དེ་ལྟར་དམ་བཅས་པའི་གསུང་ལ་ཆོས་མཐུན་གྱིས་རྒོལ་བ་བོ་མེད་ཅིང༌། དེ་འདྲའི་གསུང་གི་བདག་རྐྱེན་དུ་གྱུར་བའི་རྣམ་མཁྱེན་དེ། གཞན་དོན་སྤང་བྱ་སྤོང་བ་དང༌། གཞན་དོན་རྟོགས་པ་ཕུན་སུམ་ཚོགས་པའི་མི་འཇིགས་པ་ཡིན། མདོ་སྡེ་རྒྱན་ལས། རང་གཞན་དོན་དུ་ཡེ་ཤེས་དང༌། །སྤང་དང་ངེས་འབྱུང་བར་ཆད་རྣམས། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་དགོངས་པའོ། །དབང་བཞིའི་ངོ་བོ་ནི། བདེ་གསང་སོགས་ཀྱི་བདག་འཇུག་གི་ཚིག་ཟིན་ལ་བསམ་བློ་བཏང་ན་དེ་ཡིན། བདུན་སྐོར་སྐབས། གཏོང་བའི་སེམས་པ་སྦྱིན་པའི་ངོ་བོ། དེ་བཞིན་དུ་བསྲུང་བའི་སེམས་པ། མི་འཁྲུགས་པའི་དགེ་རྩ། དགེ་བ་ལ་སྤྲོ་བའི་སེམས་པ། དགེ་བའི་དམིགས་པ་ལ་རྩེ་གཅིག་པ། ཆོས་རབ་ཏུ་རྣམ་འབྱེད་རྣམས་སྦྱིན་སོགས་ཙམ་ཡིན་ཡང༌། ཕར་ཕྱིན་ཏུ་འགྲོ་བ་ལ། སྤྱོད་འཇུག་ལས། གལ་ཏེ་འགྲོ་བ་དབུལ་བོར་བ། །སྦྱིན་པའི་ཕ་རོལ་ཕྱིན་ཡིན་ན། །ད་དུང་འགྲོ་བཀྲེན་ཡོད་ན་སྔོན། །སྐྱོབས་པ་ཇི་ལྟར་ཕ་རོལ་ཕྱིན། །བདོག་པ་ཐམས་ཅད་འབྲས་བཅས་དེ། །སྐྱེ་བོ་ཀུན་ལ་གཏོང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་བལྟས་དེ་ནི་སེམས་ཉིད་དོ། །གསུངས་པ་ལྟར། ལུས་ལོངས་སྤྱོད་དགེ་རྩ་སོགས་གང་ལའང་རང་དོན་དུ་ཆགས་པ་སྤུ་ཙམ་མེད་པར། གཞན་ལ་གཏོང་བའི་བློའི་གོམས་པ་གོང་ནས་གོང་དུ་ཡོངས་སུ་རྫོགས་པ་ལ་སྦྱིན་པའི་ཕར་ཕྱིན་ཟེར་བ་ལྷག་མ་ལྔ་ལའང་འདྲ། ཆུ་ཡན་ལག་བརྒྱད་ལྡན་ནི། དྭངས་པ། བསིལ་བ། འཇམ་པ། ཡང་བ། འཐུང་ན་མགྲིན་པ་བདེ་བ། ཞིམ་པ། དྲི་མི་ང་བ། ལྟོ་བ་ལ་མི་གནོད་པའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི། མདོ་སྡེ་དབྱངས་བསྙད་ལུང་བསྟན་དང༌། །ཚིག་བཅད་ཆེད་བརྗོད་གླེང་གཞི་དང༌། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང༌། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང༌། །རྨད་བྱུང་གཏན་ལ་ཕབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་སོ། །དགེ་བ་བསྒོམ་པའི་ཚེ་སེམས་ཀྱི་གསལ་ངར་ཞུམ་པའི་སེམས་བྱུང་ནང་གི་གཡེང་བ་བྱིང་བའི་ངོ་བོ་དང༌། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་ཞིང་ཞི་གནས་ལ་བར་དུ་གཅོད་པའི་ལས་ཅན་དེ་རྒོད་པ་ཡིན། རིག་གནས་ལྔའི་པོ་ཏི་ནི། ནང་རིག་པ་སྟོན་པའི་པོ་ཏི། དེ་བཞིན་དུ་གཏན་ཚིགས་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ་དང་ལྔའོ། །བརྒྱད་སྐོར་སྐབས། སྟོང་བ་ཉིད་ལ་དྲན་པ་མ་ཉམས་པའི་སྟོབས་ཀྱིས་སྤང་བྱ་མ་རྒྱལ་བ་ལས་རྒྱལ་བར་བྱེད་པ་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས། ཤེས་རབ་ཀྱིས་ཕས་རྒོལ་ལྟ་བུའི་བདེན་འཛིན་ཀུན་བཏགས་སོགས་འཇོམས་པ་གླང་བོ་དང་འདྲ། བརྩོན་འགྲུས་ཀྱིས་དགེ་བ་མྱུར་དུ་སྡུད་པའི་ཤུགས་རྟ་མཆོག་དང་འདྲ། དགའ་བས་ཆོས་སྣང་རྒྱ་ཆེ་བའི་ལེགས་ཚོགས་ལྷུན་གྱིས་འགྲུབ་པས་ན་ནོར་བུ་དང་འདྲ། ཤིན་སྦྱངས་ཀྱི་བདེ་བ་བཙུན་མོ་དང་འདྲ། ཏིང་ངེ་འཛིན་གྱིས་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་གྱི་འབྱོར་བ་མཐའ་ཡས་པ་བསྐྱེད་པས་ཁྱིམ་བདག་དང་འདྲ། ཏིང་ངེ་འཛིན་རང་བབས་སུ་ཤར་ཚེ་བྱིང་ཟོན་དང་རྒོད་ཟོན་གྱི་རྩོལ་བ་གློད་དེ་འདུ་བྱེད་བཏང་སྙོམས་ཀྱིས་ཏིང་ངེ་འཛིན་སྟོབས་ཇེ་ཆེར་སོང་སྟེ་ཤེས་རབ་རྣོ་བ་བློན་པོ་དང་འདྲའོ། །སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་བློས་དངོས་ཤུགས་གང་རུང་གིས་ཟིན་པའི་དྲན་སོགས་བདུན་གྱིས་བསྡུས་པའི་མཐོང་ལམ་ཡན་ཆད་ཀྱི་མངོན་རྟོགས་ཤིག་ལ་བྱང་ཆུབ་ཡན་ལག་ཟེར། མཐོ་རིས་ཀྱི་ཡོན་ཏན་བདུན་ནི། ཚེ་ཕུན་སུམ་ཚོགས་པ། དེ་བཞིན་དུ་ཁ་དོག རིགས། དབང་ཕྱུག ཚིག་བཙུན་པ། དབང་ཆེ་བ། ཤེས་རབ་རྣམས་སོ། །དབང་ཕྱུག་ཕུན་སུམ་ཚོགས་པ་ནི། གཉེན་བཤེས་རྩ་ལག་དང་འབྱོར་བ་སོགས་ཆེ་བའི་དོན་ཡིན། ཐོག་མཐའ་བ་ལས། རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང༌། །ཚེ་རིང་ནད་མེད་གསུངས་པ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་ཡིན། འཕགས་ནོར་བདུན་ནི། དད་པའི་ནོར། ཚུལ་ཁྲིམས་ཀྱི་ནོར། ཐོས་པའི་ནོར། གཏོང་བའི་ནོར། ངོ་ཚ་ཤེས་པའི་ནོར། ཁྲེལ་ཡོད་པའི་ནོར། ཤེས་རབ་ཀྱི་ནོར་དང་བཅས་སོ། །འདིའི་དམིགས་སྐོར་གསུམ་པ་བཞི་བ་བདུན་པ་གསུམ་ལ་རིམ་བཞིན། བཏང་སྙོམས། ཏིང་ངེ་འཛིན། ཤིན་སྦྱངས་རྣམས་བཞག་སྟེ་ཆོས་མཚུངས་གོ་ལྡོག་ལྟ་བུར་ཡོད་པ་དེ། དཔེར་ན། ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའི་ཚོགས་པ་ན་ཡོད་པའི་ཤིན་སྦྱངས་དེ་ལུས་སེམས་ཀྱི་གནས་ངན་ལེན་སོགས་སྐབས་སུ་བབས་པའི་སྤང་བྱ་གང་ཡིན་དེ་མེད་པའི་གཞི་ཡིན་པ་དང༌། ཏིང་ངེ་འཛིན་མེད་པ་ཉོན་མོངས་མེད་པར་མི་གནས་པའི་ཕྱིར། ཏིང་ངེ་འཛིན་ཉོན་མོངས་མེད་པའི་གནས་ཀྱི་ཡན་ལག  བཏང་སྙོམས་ཉོན་མོངས་མེད་པའི་ངོ་བོ་ཡིན་པས་ན། གཅིག་ཡོད་སར་གཞན་གཉིས་ཀྱང་ཡོད་པའི་ཕྱིར། ཆོས་མཚུངས་འཆོལ་བའི་སྐྱོན་མེད། དེ་བཞིན་དུ་ལྷག་མ་རྣམས་ཀྱང་རང་བཞིན་དང༌། གནས་དང༌། ཕན་ཡོན་དང༌། ངེས་འབྱུང་གི་ཡན་ལག་ཏུ་འདུ་ཚུལ་ནི། བར་ཆད་མེད་ལམ་རང་གི་ངོ་བོ་སྟོང་ཉིད་ལ་དཔྱོད་པའི་རང་བཞིན་ཤེས་རབ་དང༌། དྲན་པས་སྟོང་ཉིད་དམིགས་འོག་ལས་མི་འབོར་བར་དེ་ལ་གནས། དགའ་བས་ཆོས་སྣང་རྒྱས་པའམ་མྱོང་ཆ་བདེ་བའི་ཕན་ཡོན་བསྐྱེད། བརྩོན་འགྲུས་དོན་དམ་པའི་དགེ་བ་དེ་ལ་སྤྲོ་ཤུགས་མྱུར་བའི་སྟོབས་ཀྱིས་མཇུག་ཐོག་དེ་མ་ཐག་རྣམ་གྲོལ་ལམ་ངེས་པར་འབྱུང་པར་བྱེད་དོ། །དེ་དག་སྟོན་བྱེད་ཀྱི་གཞུང་ནི་དབུས་མཐའ་ལས། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་བ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཞེས་གསུངས་སོ། །

  གཉིས་པ་དངོས་གྲུབ་ཞུ་བ་ལ། མ་དག་པ་འཁྲུད་པ་དང༌། མི་ཤེས་པ་བསལ་བ་གཉིས། འདི་ལ་དམིགས་སྐོར་བདུན་ཡོད་པས་དེ་ཀུན་ལ་མ་དག་པ་འཁྲུད་པའི་སྔོན་འགྲོ་ཐུན་མོང་དུ་གཅིག་སྦྱོར་རམ། དམིགས་སྐོར་རེ་རེ་བཞིན་སྦྱོར་རམ། དཀྱུས་གཅིག་ལ་དམིགས་སྐོར་བདུན་ག་ངེས་ཅན་དུ་སྐྱོང་དགོས་པ་ཡང་མ་ཡིན་པས་གང་བདེ་བྱ། དམིགས་པ་ནི། མདུན་ན་བཞུགས་པའི་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས་འོད་དཀར་བོའི་སྦུ་གུ་བྱུང་སྟེ། རང་གི་ཚངས་བུག་ཏུ་ཅུང་མ་སླེབ་ཙམ་ནས་གཅིག་ཏུ་གྱུར་ཏེ་སྤྱི་བོར་ཟུག དེའི་ནང་རྗེ་བླ་མའི་མཁྱེན་བརྩེ་ནུས་གསུམ་གྱི་ངོ་བོ་ཡིན་པ་ལ། རྣམ་པ་སྒྲིབ་པ་སྦྱོངས་པའི་རྟེན་འབྲེལ་དུ་བདུད་རྩི་དཀར་བོའི་རྒྱུན་བྱུང༌། ལུས་ཀུན་ནས་གང་བས་ཐོག་མེད་ཀྱི་སྒྲིབ་པ་བག་ཆགས་ཐམས་ཅད་དུད་ཁུ་དང་སོལ་ཁུ། ནད་ཐམས་ཅད་རྣག་ཁྲག་དང་ཆུ་སེར་ལྗན་ལྗིན། གདོན་བགེགས་སོགས་སྦལ་ལྕོང་སྦྲུལ་གདུག་སྡིག་པ་སྡོམ་སོགས་ཀྱི་རྣམ་པར་འོག་སྒོ་སོགས་ནས་ཐོན་པར་བསམ་པ་ཡས་དེད་དང༌། ཁ་སྣ་སོགས་ནས་ཐོན་པར་བསམ་པ་མས་དེད་དང༌། ལུས་ཀྱི་བ་སྤུའི་སྒོ་ཀུན་ནས་ཐོན་པར་བསམ་བ་སྤུང་དེད་ཀྱིས་དམིགས་པ་སྟེ། དམིགས་པ་དེ་དག་གང་རུང་གི་སྒོ་ནས། སྡིག་སྒྲིབ་རྣམས་ས་རིམ་པ་དགུའི་འོག་ཏུ་རང་གི་ལས་ངན་གྱིས་གྲུབ་པའི་གཤིན་རྗེ་ཁ་གདངས་ཤིང་མཆེ་བ་གཙིགས་ནས་རང་ལ་རྔམ་པའི་ཚུལ་དུ་ཡོད་པའི་ཁ་ནང་དུ་གླུད་ཀྱི་ཚུལ་དུ་སོང་བས་གཤིན་རྗེ་བཟློག སྔར་བསགས་ཀྱི་སྒྲིབ་པ་དག་ཅིང༌། ཕྱིན་ཆད་ལས་ངན་འཕྲོ་ཆད། ལུས་དྭངས་གསལ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། སྡིག་པ་བྱེད་པ་བོ་དང༌། སྡིག་པའི་ངོ་བོ། སྡིག་པའི་ཡུལ་དང་བཅས་པ་རྟོག་པས་བཏགས་ཙམ་མ་གཏོགས། གདགས་གཞིའི་ངོས་ནས་གྲུབ་པ་ནམ་ཡང་མེད་སྙམ་མི་དམིགས་པས་རྒྱས་འདེབས་ཀྱང་བྱའོ། །དེ་ནི་འཇམ་དབྱངས་ཆོས་སྐོར་ལས། མ་དག་འཁྲུད་ཅིང་ཞེས་པའི་དོན་ཡིན། གཉིས་པ་མི་ཤེས་པ་བསལ་བ་ནི། ད་ལྟའི་ལུང་གི་མཇུག་ཏུ། མི་ཤེས་བསལ། སྐུ་ཡིས་ཆེ་ཞིང་གསུང་གིས་གསལ། །ས་བོན་མྱུར་བ་ཕྱག་མཚན་ཟབ། །གླེགས་བམ་རལ་གྲི་གླེགས་རལ་གྱིས། །འཆད་དང་རྩོད་དང་རྩོམ་པའོ། །གསུངས་པ་ལྟར། དམིགས་སྐོར་བདུན་ལས། འཆད་རྩོད་རྩོམ་གསུམ་གང་ཡིན་ཀྱང༌། ཚིག་གཅིག་ལ་ཡང༌། གོ་ཚུལ་དང་འགྲེལ་ཚུལ་སྣ་ཚོགས་ལུང་དང་རིགས་པ་རྣམ་པར་དག་པས་བསྐལ་བའི་བར་བརྗོད་ཀྱང་མི་འཛད་པའི་ཤེས་རབ་ལ་གཏུགས་པ་མེད་པའམ་ཟབ་པའི་ཤེས་རབ་ཟེར་བ་ཡིན་པས། ཟབ་པ་དེ་གསུམ་གྱི་དབྱེ་གཞིར་བཀོད་ན་དམིགས་སྐོར་དྲུག་ཡོད། མ་དག་འཁྲུད་པ་རེ་རེ་བཞིན་སྦྱོར་འདོད་ན་ཁྱད་པར་ནི་རིམ་བཞིན། གསུང་རབ་ཀྱི་ཚིག་དོན་རང་སྟོབས་ཀྱིས་འབྱེད་པ་ལ་རྨོངས་པ་དང༌། ཀུ་ཤའི་རྩེ་མོ་ཕྲ་རགས་ལྟར་མ་འདྲེས་པར་ཕྲ་ཞིབ་འབྱེད་པ་ལ་རྨོངས་པ་དང༌། ཐེ་ཚོམ་སོགས་ཀྱི་གེགས་མྱུར་དུ་གཅོད་པའི་བར་ཆད་དང༌། གཏུགས་པ་མེད་པར་འཇུག་པ་ལ་རྨོངས་པ་དང༌། འཆད་རྩོད་རྩོམ་གསུམ་ལ་སྒྲིབ་པའི་དྲི་མ་ཕྲ་རགས་ཐམས་ཅད་སྔར་བཞིན་དག་པའི་མོས་པ་བྱ། རྫོགས་རིམ་བསྒོམ་པའི་སྐབས་ལྟ་བུར། སྡིག་སྒྲིབ་ཕྱི་རོལ་ཏུ་ཐོན་པའི་དམིགས་པ་ཡང་ཡང་བསྐྱངས་ན། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་འབྱུང་བ་ལ་ཅུང་ཟད་གནོད་པས། བདུད་རྩིའི་རྒྱུན་ལུས་ལ་ཞུགས་པ་དང་སྣང་མུན་ལྟར་གར་སོང་ཆ་མེད་དུ་དག་པར་བསམ་ན་ལེགས་གསུངས། སྐུའི་སྒོ་ནས་ཤེས་རབ་ཆེ་བ་བསྒྲུབ་པའི་དམིགས་པ་ནི། ཡབ་སྲས་གསུམ་གྱི་ཐུགས་ཀ་ནས། ངོ་བོ་བདེ་སྟོང་གི་རང་བཞིན་ཡིན་པ་ལ་རྣམ་པ་ཤེས་རབ་རྒྱས་པའི་རྟེན་འབྲེལ་དུ་སེར་བོ། དངོས་གྲུབ་མྱུར་དུ་འགུགས་པའི་རྟེན་འབྲེལ་དུ་དམར་བོ་སྟེ། བདུད་རྩི་དམར་སེར་འོད་གྱི་སྦུ་གུ་བརྒྱུད་དེ་མཚོ་ཆེན་པོ་ལ་ཆར་བབས་པས་མི་ངོམས་པ་བཞིན། བདུད་རྩི་བྱུང་མ་ཐག་ནས་ལུས་གང་ཡང་མི་ངོམས་པར་བསམ། བདུད་རྩིའི་རྡུལ་ཕྲ་རབ་རེ་རེ་ནས་འཇམ་དབྱངས་སོགས་ཀྱི་སྐུ་དཔག་ཏུ་མེད་པར་གྱུར་ཏེ། ལུས་གང༌། དེ་དག་ལས་འོད་ཟེར་འཕྲོས་པས་ལུས་ཀྱི་ནང་ཁྱབ། བ་སྤུའི་སྒོ་ནས་ཕྱིར་འཕྲོས་པ་དང་མཉམ་དུ་མདུན་ན་བཞུགས་པའི་ཡབ་སྲས་གསུམ་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། འོད་ཟེར་གྱི་སྣེར་མཆོད་ལྷ་སྣ་ཚོགས་མཆོད་ཡུལ་གྱི་གྲངས་དང་མཉམ་པ་སྤྲོས་ཏེ་ཕྱོགས་བཅུའི་རྒྱལ་བ་རྣམས་མཆོད་པས་དགྱེས་པར་བྱས། འོད་ཟེར་ཚུར་འདུས་པ་དང་མཉམ་དུ་རྒྱལ་བ་རྣམས་ཀྱི་ཡོན་ཏན་སྤྱི་དང༌། ཁྱད་པར་རླབས་པོ་ཆེའི་ཤེས་རབ་ཐམས་ཅད་འཇམ་པའི་དབྱངས་ཀྱི་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས། ལུས་ཀྱི་བ་སྤུའི་སྒོ་ནས་ཞུགས་ཏེ་ནང་གི་འཇམ་དབྱངས་རྣམས་ལ་ཐིམ་པས། གསུང་རབ་ཀྱི་ཚིག་དོན་མ་ལུས་པ་གཞན་ལ་བརྟེན་མི་དགོས་པར་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་བསམ་ཞིང༌། རང་འཇམ་དབྱངས་ཀྱི་སྐུར་གྱུར་བར་བསམས་ཀྱང་ཆོག དེའི་རིགས་འདྲ་དམིགས་སྐོར་འོག་མ་རྣམས་ལ་སྦྱོར་ཚུལ་ཡང་ཤེས་སླ། གསུང་གི་སྒོ་ནས་གསལ་བའི་ཤེས་རབ་ལ། ཁྱད་པར་བདུད་རྩིའི་རྡུལ་རྣམས་དམིགས་བརྩེ་མ་དང༌། ཨཱཿར་པ་ཙ། ཝ་ཀྱཻ་དཾ་ན་མ། ཧྲཱིཿཥྟཱིཿ། ཨཱ་ལི་ཀཱ་ལི་སོགས་གསེར་གྱི་མདོག་ཅན་གྱིས་ལུས་གང༌། རྒྱལ་བ་རྣམས་ཀྱི་གསལ་བའི་ཤེས་རབ་ཐམས་ཅད་ཀྱང་དེ་འདྲའི་གསོལ་འདེབས་དང༌། གཟུངས་སྔགས་ཀྱི་རྣམ་པར་ཐིམ་པས་ཚིག་དོན་ཕྲ་ཞིང་ཕྲ་བ་ཚུན་ཆད་འབྱེད་ནུས་པའི་གསལ་བའི་ཤེས་རབ་ཐོབ་པར་བསམ། ས་བོན་གྱི་སྒོ་ནས་མྱུར་བའི་ཤེས་རབ་སྐབས། འཇམ་དབྱངས་དཀར་སེར་གྱི་ས་བོན་ཨཱཿདང་དྷཱིཿདབྱངས་ཅན་མའི་ས་བོན་ཧྲཱིཾཿ། འཇིཊ་བྱེད་དང་རྗེ་བླ་མའི་ས་བོན་ཧཱུཾ་སོགས་གསེར་གྱི་མདོག་ཅན་རང་སྒྲ་སྒྲོག་བཞིན་པ་དང༌། མྱུར་བའི་ཤེས་རབ་རྣམས་ཀྱང་དེ་བཞིན་སྤྱན་དྲངས། ལོག་རྟོག་སོགས་སྐྱེས་ཙམ་ཉིད་ནས་འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་པར་བསམ། ཟབ་པའི་སྐབས། རལ་གྲི་དང༌། ཨུཏྤལ་ལ་གནས་པའི་གླེགས་བམ། པི་ཝང༌། གྲི་ཐོད་སོགས་དང༌། ཟབ་པའི་ཤེས་རབ་རྣམས་ཀྱང་དེ་འདྲའི་ཕྱག་མཚན་གྱི་རྣམ་པ་དང༌། གཏུགས་པ་མེད་པའི་ཤེས་རབ་ཐོབ་པར་བསམ། འཆད་པའི་སྐབས། གང་འཆད་རྒྱུའི་གླེགས་བམ་རང་སྒྲ་སྒྲོག་བཞིན་པས་ལུས་གང༌། རྒྱལ་བ་རྣམས་དང༌། ཐོགས་མེད། མཁས་མཆོག་དབྱིག་གཉེན་སོགས་ཀྱི་འཆད་པའི་ཤེས་རབ་ཐམས་ཅད། དེ་འདྲའི་གླེགས་བམ་གྱི་རྣམ་པར་སྤྱན་དྲངས་ཏེ་བསྟིམས། འཆད་པ་ལ་ཐོགས་པ་མེད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་སྙམ་དུ་བསམ། རྩོད་པའི་སྐབས། རྡུལ་ཕྲ་རབ་རེ་རེ་བཞིན་རལ་གྲི་གྱེན་འགྲེང་གི་ཡུ་བའི་སྒོ་ང་གཡེར་ཁ་ལྟ་བུར་སོང་མཚམས་ནས་རལ་གྲི་དྲུག་ལེབ་མོར་བཀྲམ་སྟེང༌། དེ་ལ་ཅུང་མ་རེག་པར་ཟླ་གདན་རེ་རེ། མདུན་ནས་བརྩམས་ཏེ་ཨོཾ་ཨཱཿར་པ་ཙ་ན་ཞེས་པའི་ཡི་གེ་དྲུག་དང༌། མཚམས་རྣམས་སུ་ཡང་ཟླ་བ་ལ་དྷཱིཿཡིག་རེ། དབུས་ཀྱི་རལ་གྲིའི་ལྕགས་འཆང་གདན་ལ་ཟུག་མཚམས་སུ་དྷཱིཿཡིག་གྱེན་འགྲེང་མེ་ལོང་ལ་ཤར་བ་ལྟ་བུས་མཚན་པར་བསམ། སྤྱན་འདྲེན་སྐབས་ཡང༌། རྒྱལ་བ་སྲས་བཅས་རྣམས་དང༌། ཕྱོགས་གླང་ཆོས་གྲགས་སོགས་ཀྱི་རྩོད་པའི་ཤེས་རབ་ཐམས་ཅད་དེ་འདྲའི་རལ་གྲིའི་འཁོར་ལོའི་རྣམ་པ་དང༌། རྩོད་པའི་ཤེས་རབ་ཁྱད་པར་ཅན་ཐོབ་པར་བསམ། རྩོམ་པ་ལ། རྡུལ་རྣམས་བརྩམ་བྱའི་གླེགས་བམ་རང་སྒྲ་སྒྲོག་བཞིན་པ་རེ་རེ་དང་ཟུང་དུ་འབྲེལ་བར་རལ་གྲིའི་འཁོར་ལོ་ཡང་གོང་བཞིན་གསལ་བཏབ། རང་བཞིན་གྱི་གནས་ནས་རྒྱལ་བ་སྲས་བཅས་དང༌། མཁས་མཆོག་ཙནྡྲ་གོ་མི་སོགས་ཀྱི་རྩོམ་པའི་ཤེས་རབ་རྣམས། དེ་འདྲའི་གླེགས་རལ་གྱི་རྣམ་པ་དང༌། རྩོམ་པའི་ཤེས་རབ་ཐོགས་པ་མེད་པ་ཐོབ་པར་བསམ། འཆད་རྩོད་གཉིས་མི་ཤེས་ན། བརྩམ་བྱའི་གཞུང་དེར། སྔ་ཕྱི་མ་འབྲེལ་བ་དང༌། ཟློས་པའི་སྐྱོན་ནམ། སྡེབ་སྦྱོར་མི་ལེགས་པའམ་ཡི་གེ་མ་དག་ཅིང་ཁྱབ་ལོག་འཕེན་པ་སོགས་ཀྱིས་མཚོན། སྐྱོན་ཞིག་གང་ནས་ཀྱང་འོང་བས། རྩོམ་པ་ཡང་དག་པ་ལ་འཆད་རྩོད་གཉིས་ཀའི་བྱེད་ལས་ཚང་དགོས་པའི་རྒྱུ་མཚན་གྱིས་གླེཊ་རལ་འགྲེལ་མ་བྱས་པ་ཡིན། དམིཊ་པ་འདི་དག་གི་ཚེ་ཡང་ངག་གིས་དམིགས་བརྩེ་མ་རྗོད་བཞིན་པར་དོན་ལ་བསམ་བློ་གཏོང༌། ངག་བཟླས་དེ་ཡིད་ཀྱི་འཆར་སྒོ་ལ་གནོད་ན། མ་བཏོན་ཀྱང་ཆོག ཕྱི་མཚུངས་པ་གསལ་བྱེད་སོགས་ཀྱང་རྒྱང་བསྐྱུར་མི་བྱེད་པར་སྐབས་སྐབས་སུ་དྲན་ཅི་ཐུབ་བྱ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་དམིགས་སྐོར་ལ་འདི་ལས་གཞན་ཡང་ཡོད་པ་ཨ་ཁུ་རིན་པོ་ཆེའི་འདིའི་ཁྲིད་ཟིན་སོགས་ན་གསལ་ལོ། །

    གསུམ་པ་མཇུག་གི་བྱ་ནི། རྒྱལ་བ་ཡང་དགོན་པས། ཚོགས་བསགས་དུས་སུ་མདུན་གྱི་མཁའ། །གསོལ་བ་འདེབས་ཚེ་སྤྱི་བོའི་གཙུག །རྟག་ཏུ་བླ་མ་སྙིང་གི་དབུས། །ཞེས་པ་ལྟར། དང་བོར་མདུན་དུ་གསལ་བཏབ། དེ་ནས་སྤྱི་བོར་སྤྱན་དྲངས། དེ་ནས་སྙིང་དབུས་སུ་སྤྱན་དྲངས་ཏེ་རང་སེམས་དང་བསྲེ་བ་འདི་བསྡུ་རིམ་རྒྱས་པའི་ལུགས་ཡིན། མདུན་ནས་སྤྱི་བོར་སྤྱན་མི་འདྲེན་པར་སྙིང་དབུས་སུ་སྡུད་པ་བསྡུ་རིམ་བསྡུས་པ་ཡིན། དང་བོའི་ལུགས་སུ་བྱས་ན། ཐུན་འཇོག་ཁར། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨོའི་སྟེང་བཞུགས་ལ། །ཞེས་སོགས་ཀྱིས་གསོལ་བ་བཏབས་པས། ཚོགས་ཞིང་ལ་ཡབ་སྲས་གསུམ་ལས་མེད་ཚེ་རྒྱལ་ཚབ་མཁས་གྲུབ་གཉིས་རྗེའི་སྐུ་དཔུང་གཡས་གཡོན་དང༌། བཞུགས་ཁྲི་པད་ཟླ་དང་བཅས་པ་རྗེ་བླ་མའི་སེང་ཁྲི་དང་པད་ཟླར་ཐིམ་པའི་མོས་པ་དང༌། ཚོགས་ཞིང་རྒྱས་པར་ཡོད་ཚེ། རྗེའི་ཐུགས་ཀའི་འོད་ཟེར་གྱིས་ཚོགས་ཞིང་རྣམས་མཐའ་ནས་ནང་དུ་རིམ་བཞིན་གཙོ་བོའི་བར་བསྡུས་ཏེ། རྗེ་བླ་མ་རང་གི་སྤྱི་བོར་བྱོན། ཞལ་བལྟ་ཕྱོགས་རང་དང་མཐུན་པར་བཞུགས་པ་ལ། མཎྜལ་དང༌། ཡན་ལག་བདུན་པ་ཕུལ་ནས། སླར་ཡང༌། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨོའི་གདན་བཞུགས་ལ། །ཞེས་སོགས་བརྗོད་པས། རང་གི་ལུས་ཀྱི་རྩ་དབུ་མ་ཡར་སྣ་ཕྱེ་བ་སྤྱི་བོ་དང་ཁ་ད་ཆད་དུ་ཡོད་པར་བསམ་ལ། རྗེ་བླ་མ་མཐེབ་སོར་གྱི་ཚད་ཙམ་དུ་གྱུར་བ་དབུ་མའི་ནང་བརྒྱུད་དེ་བྱོན་པ་ན། སེང་ཁྲི་སྙིང་ལ་ཐིམ་པས་སྙིང་པདྨ་དམར་བོ་འདབ་བརྒྱད་དུ་གྱུར། པདྨ་ཁམས་དམར་བོ་དང༌། ཟླ་བ་ཁམས་དཀར་བོ་ལ་ཐིམ་པས། དེ་གཉིས་པདྨ་དང་ཟླ་གདན་དུ་གྱུར་བའི་སྟེང༌། རྗེ་བླ་མ་རང་སེམས་དང་འདྲེས་པ་ཡོངས་སུ་གྱུར་པ་ལས་འཇའ་ཚོན་ལྟར་དྭངས་ཤིང་གསལ་བའི་རང་བཞིན་གྱི་རྗེ་བླ་མའི་སྐུར་གྱུར་བའི་ཐུགས་ཀར་ཧཱུཾ་གིས་མཚན་པ། ཞོ་གསར་ལྟ་བུའི་སྤྲིན་དཀར་བོ་དེས་ཀྱང་རང་གི་ལུས་ཀྱི་རྩ་གནས་ཐམས་ཅད་ཡོངས་སུ་གང་བའི་མོས་པ་བྱས་ན་སྙིང་རླུང་སོགས་མི་བསྐྱེད་ཀྱང་རྩ་ཁམས་བྱིན་གྱིས་རླབས་པའི་དགོས་པ་ཆེ། འོན་ཀྱང་སྤྲིན་དེ་ལྷག་མེད་མི་བྱ་བར། སྤྱི་བོ་ནས་བྱམས་པའི་ཐུགས་ཀའི་བར་གྱི་འབྲེལ་ཐག་དེ་འཆི་ཁ་ཚུན་ཆད་དུ་མི་སྡུད་ཅིང༌། བྱམས་མགོན་གྱི་མཛད་པ་འཕྲིན་ལས་ལ་རྒྱུན་དུ་ཡིད་ཆེས་ཀྱི་དད་པ། ཡིད་དགའ་ཆོས་འཛིན་གྱི་ཞིང་གི་ཡོན་ཏན་དྲན་ཏེ་དེར་འཕོ་འདོད་ཀྱི་འདུན་པ་སྦྱོངས་པ་འཕོ་བའི་མན་ངག་ཁྱད་པར་ཅན་ཡིན་པར་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་བཞེད་པ་ཡིན་ཚུལ། འབྲོང་རྩེ་ལྷ་བཙུན་པས་གསུངས་ཞེས་པ་གསུང་བཤད་ཀྱི་རྒྱུན་ཡིན། འཆི་བའི་ཚེ་སྤྲིན་ཐག་དེའི་མར་སྣ་ལྕགས་ཀྱུ་ལྟ་བུར་གྱུར་བས་རང་སེམས་དྲངས་ཏེ་བྱམས་མགོན་གྱི་ཐུགས་དང་བསྲེ་བར་བྱ་ཞེས་གསུངས། གང་ལྟར་རྗེ་བླ་མ་སྙིང་དབུས་སུ་སྤྱན་དྲངས་མཚམས་ནས་སྙིང་གི་པདྨ་ཁ་ཟུམ། རྗེའི་ཐུགས་ཀའི་ཧཱུཾ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་སྣ་ལྔས་སྙིང་གི་ནང་ཡོངས་སུ་གང༌། སླར་ཡང་དེ་ལས་འོད་ཟེར་སྟེང་དུ་འཕྲོས་པ་ལས་ངོ་བོ་བདེ་སྟོང་གི་ཡེ་ཤེས་ལ་རྣམ་པ་གསེར་གྱི་རྡོ་རྗེ་ཕྱེད་པ་རི་རབ་ལས་ཀྱང་ལྕི་བའི་ཏོག་གི་དབུས་རྭ་ལ་དྷཱིཿཡིག་གསེར་གྱི་མདོག་ཅན་ནམ།  ཧཱུཾ་ཡིག་སྔོན་པོ། དེ་ལས་འོད་ཟེར་སྡོམ་གྱི་བལ་ཐག་ལྟ་བུ་འཕྲོས་ཏེ། འོད་འཕྲེང་ཐག་དང་སྔགས་འཕྲེང་རྡོག་ལྟ་བུས་སྙིང་གི་རྩ་བ་ནས་རྩེ་མོའི་བར་ཨཱཿ་ར་པ་ཙ་ནས་གཡས་བསྐོར་དང༌། དམིཊ་བརྩེ་མས་གཡོན་བསྐོར། ཨཱ་ལིས་གཡས་བསྐོར། ཀཱ་ལིས་གཡོན་བསྐོར། དབུ་མའི་ཕྱི་ནས་ཀྱང་ཨཱ་ལི་ཀཱ་ལིས་གཡས་བསྐོར་གཡོན་བསྐོར་དུ་དཀྲིའོ། །དེ་ལྟ་བུའི་རྒྱ་དེ་ཏིང་ངེ་འཛིན་གྱིས་ཕྱེ་ནུས་པ་མ་གཏོགས། དེ་མིན་གཞན་གང་གིས་ཀྱང་མི་ཤིགས་ཤིང་མི་ཕྱེད་པར། རྣམ་པ་ཀུན་ཏུ་བརྟན་པར་བསམ་མོ། །སླར་ཡང་རྗེ་བླ་མའི་ཐུཊ་ཀའི་ཧཱུཾ་ལས་འོད་ཟེར་རང་གི་ཕྱི་ལོགས་སུ་འཕྲོས་པས། རྡོ་རྗེའི་ས་གཞི། རྭ་བ། གུར། བླ་བྲེ། དེའི་ཕྱིར་རོལ་ཏུ་བསྐལ་བ་འཇིག་པའི་དུས་ཀྱི་མེ་ལྟ་བུས་སྟེང་འོག་ཀུན་ཁྱབ་ཅིང་འབར་བའི་བསྲུང་འཁོར་བསམ་ན་རྣམ་པ་ཀུན་ཏུ་བགེགས་ཀྱིས་མི་ཚུགས་པའི་གདམས་པ་ཡིན། འདི་ནས་བཟུང་སྟེ་རང་སེམས་བླ་མའི་སྣང་བ་དང་མི་འབྲལ་ཞིང་སྡོམ་པའི་བཅས་མཚམས་སོགས་ལ་མངོན་ལྐོག་མེད་པར་སྒོ་གསུམ་བག་དང་ལྡན་པར་བྱ་ཞིང༌། བཟའ་བཏུང་ཚེའང་རྫས་རྣམས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རང་ལུས་རྒྱལ་བ་ཀུན་འདུས་ཀྱི་བདག་ཉིད་དམ་སྙིང་དབུས་ན་བཞུགས་པའི་རྗེ་བླ་མ་མཆོད་པའི་དམིགས་པ་སོགས་ཚོགས་ལ་རོལ་བའི་འདུ་ཤེས་ཀྱང་མི་བརྗེད་པར་བྱ། མདོར་ན་ཤཱཀྱ་ཐུབ་པའི་བསྟན་པ་དང་རྗེ་བླ་མའི་བསྟན་པ་གཉིས་ལ་བཟང་ངན་ཡོད་པ་མ་ཡིན་ཀྱང༌། བདག་ཉིད་ཆེན་པོ་འདིས་བསྟན་པའི་ཉམས་ཆག་གསོ་བ་མདོ་རྒྱུད་དུ་མས་ལུང་བསྟན་བཞིན་རྗེ་རང་གིས་ཀྱང་ལམ་རིམ་རྩོམ་པར་དམ་བཅས་པའི་ཚེ། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌། །མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌། །ཕལ་ཆེར་གསུང་རབ་བལྟ་ལ་ཕྱོགས་རེས་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །གསུངས་པ་ལྟར། མདོ་སྔགས་གང་ལའང་ལྟ་སྒོམ་སྤྱོད་པ་རྣམས་གྲུབ་མཐའ་འདྲ་མིན་སྣ་ཚོགས་པས་ཕར་བསླད་ཚུལ་བསླད་བྱས་ཏེ་བསྟན་པ་དྲི་མ་ཅན་དུ་བཏང༌། མན་ངག་གི་རྒྱུན་རྣམས་ཀྱང་ཕལ་ཆེར་ནུབ་ལ་ཁད་པའི་དུས་སུ། རྒྱལ་བ་རང་ཉིད་སླར་བྱོན་པ་ལྟར་བསྟན་པ་གསལ་བར་མཛད་དེ། ད་ལྟ་སྙིགས་མའི་དུས་སུ་སླེབ་ཀྱང་མདོ་སྔགས་ཡོངས་སུ་རྫོགས་པའི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་ཡོད་པ་འདི་རང་གིས་ཇི་བཞིན་ཉམས་སུ་ལེན་མ་ནུས་པ་མ་གཏོགས། ཉམས་སུ་ལེན་ནུས་ན། ཆོས་བསྒྲུབ་པའི་ཕྱི་ནང་གི་འབྱོར་བ་འདི་ཚང་དང་འདི་མ་ཚང་བྱ་བ་གཅིག་ཀྱང་མེད་པ་རྗེ་བླ་མའི་བཀའ་དྲིན་ཡིན་པ། ལུང་གིས་ཚེགས་མེད་དུ་འགྲུབ་སྟེ། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་དང་བོ་བ་གྲགས་པ། །སྡོམ་བརྩོན་ཐམས་ཅད་གྲགས་པར་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །སྟོན་པའི་གཟུགས་བརྙན་ཡིད་དུ་འོང༌། །ས་སྟེང་བྱེད་འགྱུར་ཐེ་ཚོམ་མེད། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་ནི་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་པོ་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་དང༌། མདོ་སྡེ་གདམས་ངག་འབོག་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་བ། ཀུན་དགའ་བོ། ད་ལྟར་ང་ལ་ཤེལ་དཀར་གྱི། །འཕྲེང་བ་ཕུལ་ནས་སེམས་བསྐྱེད་པ། །མ་འོངས་དུས་ཀྱི་སྙིགས་མ་ལ། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགེ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་བྱའི་མཚན་ཅན་འབྱུང༌། །འཁོར་ནི་རྣམ་བཞི་རབ་བསྡུས་ནས། །སྟོན་པའི་མདོ་བཞིན་གསུང་སྒྲོག་པ། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་སྐུ་གཟུགས་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པར་བྱེད། །ང་ལ་གསོལ་བ་རབ་བཏབ་ནས། །བསྟན་པ་ལོ་སྟོང་བར་དུ་གནས། །འདི་ནས་འཕོས་ནས་བྱང་ཤར་གྱི། །ངོ་མཚར་བཀོད་མཛེས་འཇིག་རྟེན་དུ། །སེང་གེའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་དང༌། ལྷ་མོ་དྲི་མ་མེད་པས་ཞུས་པའི་མདོ་ལས། བྱང་ཕྱོགས་གངས་རིའི་རྒྱུད་ཀྱི་ཆར། །དགེ་བ་ལྡན་པའི་ས་ཕྱོགས་སུ། །དམ་པའི་ཆོས་ནི་རྒྱས་པར་འགྱུར། །ཞེས་སོགས་ཚད་ལྡན་གྱི་ལུང་ལ་ཡིད་ཆེས་པའི་སྒོ་ནས། འཇིག་རྟེན་ཁོ་ན་བྱེད་པའི་མི་དང་སྣང་བ་མི་བསྟུན་པར། དམ་པའི་ཆོས་སེམས་ལས་རྒྱུན་དུ་མི་འདོར་བ་གལ་ཤིན་ཏུ་ཆེ། རབ་བྱུང་ན་དམ་པ་གོང་མ་རྣམས་ངེས་འབྱུང་སོགས་རྟོགས་པ་ཁྱད་པར་ཅན་གྱིས་ཐུགས་རྒྱུད་བསྐུལ་བའི་དབང་གིས། ལུས་དང་སྲོག་ལ་ལྟོས་པ་མེད་པར་དབེན་པའི་གནས་སུ་ཚེ་དང་སྒྲུབ་པ་སྙོམས་ཏེ་ཟུང་འཇུག་མངོན་དུ་མཛད་པའི་རྣམ་ཐར་འཁྱོངས་དགོས་ཀྱང་དུས་ཀྱི་དབང་གིས་དེ་འདྲ་སྲིད་མཐའ་ཙམ་ཡིན། རང་ཅག་རྣམས་སྙིགས་མའི་སེམས་ཅན་དུ་སོང་གཤིས། རྩ་དང་ཁམས་ལ་སོགས་པ་ཡང་སྔ་དུས་དང་མི་འདྲ་བར་ནུས་བ་ཇེ་ངན་དུ་སོང༌། ཁྱད་པར་ལམ་འོག་མ་རྣམས་ལ་བློ་མ་སྦྱངས་པས་ལམ་གོང་མའི་རྟོགས་པ་རྣམས་སྐྱེ་མི་སྲིད་ཀྱང༌། དེ་ལ་ཡིད་ཆད་མི་བྱ་བར། ཡུལ་དུས་དང་བསྟུན་ཏེ་དགག་བྱ་དང་དགོས་པ་གཙོ་ཆེ་ཆུང་ལ་བསམ་བློ་ལེགས་པར་བཏང་བའི་ཐོག་ནས། ཆོས་ལ་སྣ་དྲེད་མི་ཁུར་བར་རྗེ་བླ་མའི་བསྟན་པ་རིན་པོ་ཆེ་འདི་ལ། རང་གཞན་གཉིས་ཀས་ཅི་ནུས་ཀྱིས་ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན། སྐུ་གསུང་ཐུགས་རྟེན་གཙུག་ལག་ཁང་བཞེངས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་ཀྱང་བག་ཆགས་ཅི་ཐེབས་བྱེད་པ་ད་ཚོད་སྐབས་སུ་བབས། བག་ཆགས་ཞོག་མ་ཞོག་ཟེར་བ་དེ་ཡང༌། རྗེ་བླ་མས། ཚད་མའི་སྟོབས་ཀྱིས་ངེས་པ་མ་རྙེད་ན། །འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །གསུངས་པ་ལྟར། སྔར་ཉིན་ལེགས་པར་ཤེས་ཀྱང༌། ཕྱིར་ཉིན་བསམ་བློ་བཏང་རུང་ཅི་ཡང་དྲན་རྒྱུ་མེད་པ་དེ་ལྟ་བུ་དེས་བག་ཆགས་བརྟན་པོ་འཇོག་མི་ནུས། དེས་ན་བསམ་བྱའི་གནས་ལ་འདྲིས་ཆ་ཇི་ཙམ་ཆེ་བའི་ཚོད་ཀྱིས་བག་ཆགས་རིམ་གྱིས་ཇེ་བརྟན་དུ་འགྲོ་བ་མ་གཏོགས། དང་བོ་ཉིད་ནས་དགེ་བའི་བག་ཆགས་བརྟན་པོ་ཞིག་ཡོང་ཐབས་དཀའ་མོ་ཡིན། དཔེར་ན། རང་རེ་ལ་སྔར་ནས་ཉོན་མོངས་པའི་བག་ཆཊ་ཡོད་པའི་སྟེང༌། ཚེ་འདིར་ཉོན་མོངས་ལ་ཉེས་དམིཊ་སུ་མ་བལྟས་པར་བག་ཆགས་ཇེ་བརྟན་ཏུ་བཏང་བའི་སྟོབས་ཀྱིས། དམིགས་རྐྱེན་དང་འཕྲད་ན་མི་དགེ་བ་གང་ལ་ཡང་ངམ་ངམ་ཤུགས་ཀྱིས་གཞོལ་འགྲོ་བ་འབད་རྩོལ་ལ་ལྟོས་མི་དགོས་པ་བཞིན། དགེ་བའི་ཕྱོགས་ལ་ཡང་འདྲ་བས། དབང་བོའི་སྒོ་སྡོམ་པ་སོགས་ཀྱིས་མཚོན། ཆོས་ཀྱི་འདུ་ཤེས་མ་ཉམས་ན། དགེ་བའི་བག་ཆགས་ཇེ་བརྟན་ཇེ་བརྟན་དུ་སོང་སྟེ། མཚམས་ཤིག་སྨིན་པའི་དུས་ལ་བབས་ཚེ་གྲོལ་བའི་གོ་འཕང་ཚེགས་མེད་དུ་ཐོབ་པར་འགྱུར་རོ། །དེ་ལྟར་དགའ་ལྡན་ལྷ་བརྒྱ་མ་དང་དམིགས་བརྩེ་མ་ལས་བརྩམས་པའི་ཆོས་ཀྱི་འབེལ་གཏམ་ཐར་ཐོར་འདི་ཡང༌། ཆོས་སྨྲ་བའི་སྤྲུལ་སྐུ་བསྐལ་བཟང་བས། ཉེ་གནས་ལུང་རྟོགས་རྒྱ་མཚོའི་དྲན་པ་གསོ་བའི་རྟེན་དུ་བཀོད་པས། བྱང་ཆུབ་སྙིང་བོའི་བར་འཇམ་དབྱངས་བླ་མའི་བསྟན་པ་རིན་པོ་ཆེ་ཡོངས་རྫོགས་དང་མི་འབྲལ་ཞིང༌། དུས་དང་ནམ་པ་ཀུན་ཏུ་ཡབ་རྗེ་འཇམ་དཔལ་སྙིང་བོས་དགྱེས་བཞིན་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། ། །


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 1 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: གངས་རང་ཞེན། སྤེལ་དུས:2020/4/22
དགའ་ལྡན་ལྷ་བརྒྱ་མ་མཛད་པ་པོ་སུ་ཡིན་་་་་དུས་ནམ་ཞིག་ལ་མཛད་་་་ལན་་་་
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41350516
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1