འཕྲིན་བཟང་འདི་བོད་པ་ཚང་མར་ཕུལ་བ་རེད།
  草原梦想欢迎你! དེ་རིང་ནི་སྤྱི་ལོ 2024 ལོའི་ཟླ 5 ཚེས 2 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» དམངས་སྲོལ།» བརྡ་སྦྱོར་གླིང་། »འཕྲིན་བཟང་འདི་བོད་པ་ཚང་མར་ཕུལ་བ་རེད།
འཕྲིན་བཟང་འདི་བོད་པ་ཚང་མར་ཕུལ་བ་རེད།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/5/9ལྟ་ཀློག (7043)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


༄༅།།རྒྱལ་ཕྱི་ནང་ཀུན་ན་བཞུགས་པའི་བོད་རིགས་མཁས་དབང་ཡོངས་ལ་ཞུ་འཕྲིན་ཡིད་ཀྱི་མེ་ཏོག

   དེ་ཡང་རང་ཅག་ཁ་བ་རི་བའི་ཡུལ་གྲུ་འདིར་ལོ་ངོ་སྟོང་ཕྲག་དུ་མའི་གོང་ནས་ཤེས་རིག་གི་དཔལ་རྒྱས་ཏེ་འཛམ་གླིང་ཤར་ཕྱོགས་ཀྱི་ཤེས་ཡོན་ལྡན་པའི་རྒྱལ་ཁབ་དག་གི་ཁྲོད་དུ་རིག་གཞུང་སྣ་ཚོགས་ཀྱི་རང་རྐང་ཚུགས་པའི་ཡུལ་ཁམས་མཆོག་ཏུ་གྱུར་པ་ཞིག་ཡིན་ཞིང་། དུས་རབས་སོ་སོར་ཡང་བོན་གྱི་སྟོན་པ་གཤེན་རབས་དང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ། བཻ་རོ་ཙ་ན། ལོ་ཆེན་རིན་བཟང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། མ་གཅིག་ལབ་སྒྲོན། མར་མི་དྭགས་གསུམ། ཀློང་ཆེན་རབ་འབྱམས་པ། ས་པཎ་ཀུན་དགའ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་བ། བུ་སྟོན་རིན་ཆེན་གྲུབ། རྒྱལ་བ་ཙོང་ཁ་བ་སོགས་རིག་གཞུང་གསར་གཏོད་བྱེད་མཁན་གྱི་མི་སྣ་རླབས་ཆེན་ཟམ་མ་ཆད་པར་བྱོན་མྱོང་ཞིང་། ཡང་སྒོས་དུས་རབས་བདུན་པའི་ནང་དུ་ཇི་སྐད་དུ། བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེ་འམ། །ཞེས་གསུངས་པ་ལྟར་བོད་ཀྱི་སློབ་དཔོན་ཐོན་མི་སམ་བྷོ་ཊས་བོད་རང་གི་སྐད་དང་མཐུན་པའི་ཡི་གེ་གསར་དུ་བཟོས་ཏེ། བརྡ་སྤྲོད་པའི་བསྟན་བཅོས་བརྒྱད་མཛད་པས་ཕྱི་རབས་བོད་ཀྱི་རིག་གཞུང་དབྱར་མཚོ་ལྟ་བུ་རྒྱས་པ་ལ་གཞན་གྱིས་བསྒྲུན་དུ་མེད་པའི་ཕྱག་རྗེས་བཞག་ཡོད། ཡིན་ནའང་དུས་ད་ལྟའི་བར་དུ་སློབ་དཔོན་ཐོན་མིའི་མཛད་རྗེས་ལས་བརྩམས་པའི་རྗེས་དྲན་དུས་ཆེན་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་མ་མྱོང་བས། ཚུལ་འདི་ཞིབ་ཏུ་བསམ་ན་ང་ཚོའི་ཕྱི་རབས་པ་རྣམས་ཧ་ཅང་ངོ་གནོང་དགོས་པའི་ཚོད་དུ་འདུག དེའི་ཕྱིར་ད་རེས་ངེད་"ཡིག་གཟུགས་གླེང་མོལ་"ཚོགས་པའི་ཚོགས་མི་སྟེ་བོད་མདོ་དབུས་ཁམས་གསུམ་གྱི་ཡིག་མཁན་བརྒྱ་ཕྲག་གཉིས་ལ་ཉེ་བས་ཕན་ཚུན་དགོངས་འཆར་བརྗེ་རེས་དང་། དེང་འཚོ་ཞིང་གཞེས་པའི་མཁས་དབང་རྒན་རབས་པ་རྣམས་ལ་བཀའ་འདྲི་ཞུས་པ་བརྒྱུད་སློབ་དཔོན་ཐོན་མིའི་བཀའ་དྲིན་རྗེས་དྲན་ལས་བརྩམས་ཏེ་"བོད་ཀྱི་ཡིག་གཟུགས་དུས་ཆེན་"ཞེས་པ་ལྟ་བུ་ཞིག་གཏན་འབེབ་བྱེད་འཆར་ལགས་ཤིང་། གང་གཏན་ལ་ཕབ་པ་དེ་ལས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ། རྒྱུད་འཛིན་དང་གསར་གཏོད་ཀྱིས་བོད་ཀྱི་ཡིག་གཟུགས་འདི་ཉིད་སྔོན་ཐོན་མི་རིགས་ཀྱི་ཡིག་རྩལ་གྲལ་དུ་འཚུད་པའི་མཚན་རྟགས་ཅི་བས་ཆེ་བར་མཐོང་ཞིང་། དེས་མཚོན་པའི་བོད་ཀྱི་རིག་གཞུང་གི་གྲུབ་ཆ་མང་བོ་ཞིག་ལ་སྲོག་མཐུད་པ་ལྟ་བུའི་རྒྱུད་འཛིན་བྱ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད་པས། "བོད་ཀྱི་ཡིག་གཟུགས་དུས་ཆེན་"ཞེས་པ་ཞིག་གཏན་འབེབ་བྱེད་རྒྱུ་ཁ་ཚ་དགོས་གཏུག་ཏུ་མཐོང་བས་ད་རེས་ཆེད་དུ་དེའི་སྐོར་བཀའ་འདྲི་ཞུ་བར་བྱ་བ་ནི།

དང་པོ།

       རྗེས་དྲན་དུས་ཆེན་གཏན་འབེབ་བྱེད་པ་ལ་ཟླ་ཚེས་ནི་མེད་དུ་མི་རུང་བ་ཡིན་པས་སློབ་དཔོན་ཐོན་མིའི་རྣམ་ཐར་ལས་གཞི་གང་ཞིག་"དུས་ཆེན་གྱི་ཟླ་ཚེས་"སུ་གཏན་འབེབ་བྱེད་ན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་མིན།

གཉིས་པ

      དུས་ཆེན་འདི་བརྒྱུད་ངེད་ཚོགས་པས་གཙོ་བོ་བོད་ཀྱི་ཐུན་མིན་ཡིག་གཟུགས་འདི་ཉིད་རྒྱུད་འཛིན་དང་དར་སྤེལ། འགྲེམ་སྟོན་སོགས་ཡིག་གཟུགས་དང་འབྲེལ་བའི་བྱེད་སྒོའི་ཉི་མར་གཏན་འཁེལ་བྱ་རྒྱུ་ཡིན་པས་འདི་ལ་མཚན་འདོགས་"བོད་ཀྱི་ཡིག་གཟུགས་དུས་ཆེན་"ནམ་"ཐོན་མིའི་མཛུབ་རིས་དུས་ཆེན་"ལྟ་བུའམ། དེ་མིན་བོད་ཕྱི་ནང་ཀུན་ལ་ཁྱབ་པའི་ཁུངས་ལྡན་ཁྱབ་ཆེའི་མཚན་འདོགས་གཞན་ཅི་དང་ཅི་ཞིག་བཏགས་ན་འགབ་མིན་གྱི་བཀའ་འདྲི་འདི་བོད་ཀྱི་ཡིག་གཟུགས་པ་སྤྱི་དང་། ལྷག་པར་མཁྱེན་དཔྱོད་ནམ་མཁའི་མཐའ་ལྟར་ཡངས་པའི་གངས་རིའི་ཕྱི་ནང་ཀུན་ན་བཞུགས་པའི་མཁས་དབང་ཡོངས་ལ་ཞུ་བ་ལགས་པས། སོ་སོ་ནས་༢༠༡༥ལོའི་སྤྱི་ཟླ་བརྒྱད་པའི་ཚེས་མགོའི་བར་དུ་བཀའ་ལན་ཁ་གསལ་དོན་འདུས་དང་ལྷན་དུ་སྐུ་པར་རེ་དང་། ཞལ་པར་ཨང་གྲངས། ཡིག་ཟམ་ས་གནས་བཅས་གཤམ་གྱི་ང་ཚོའི་ཡིག་ཟམ་དུ་བསྐུར་ན། བཀའ་ལན་རྣམས་"བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་"འཕྲིན་སྟེགས་ཀྱི་སྟེང་ནས་རྒྱ་ཁྱབ་ཏུ་སྤེལ་ཏེ་འདེམ་ཤོག་འཕེན་པའི་ལས་སྒོ་བརྒྱུད་མཐའ་སྡོམ་ཐག་གཅོད་བྱ་རྒྱུ་ཡིན། དེའི་ཕྱིར་མཁས་དབང་རྣམ་པས་དོན་སྙིང་ལྡན་པའི་མཛད་བཟང་འདི་ལ་གཟིགས་སྐྱོང་ཐུགས་ཁུར་ཚད་མེད་གནང་རྒྱུའི་བཀའ་དྲིན་སྙིང་ནས་ཞུ་ཞུ་ཞུའོ།།

ཡིག་ཟམ། tbcw2015@yahoo.com 2220689432@qq.com ཞེས་ཡིག་གཟུགས་གླེང་མོལ་ཚོགས་པ་ནས་བོད་རབ་རྒྱན་ཤིང་ལུག་ལོའི་བོད་ཟླ་༣ཚེས་༢༠བཟང་བོར་ཕུལ།


གཙོ་སྐྱོང་བ་དང་དོ་དམ་པ། ཁཱ་ཤེས་རབ་རྒྱ་མཚོ།
རྩོམ་སྒྲིག་པ། མགར་ཚེ་རིང་བཀྲ་ཤིས།

འདྲེན་བཀོལ:
61.4K

  དཔྱད་གཏམ ( 2 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
jg8m བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: ཚལ་ལ་བ་བསམ་གྲུབ། སྤེལ་དུས:2015/5/11
ཐོག་མར་ཕྱག་ལས་དེར་རྗེསུ་ཡི་རང་ཞུའོ།། དེ་ཡང་ཐོན་མིའི་འཁྲུངས་འདས་ཀྱི་ལོ་རྒྱུས་ཞིབ་ཕྲ་མཐོང་དཀའ་བས། དེའི་ཐད་རྩོད་གཞི་མི་ཉུང་བ་ཞིག་ཡོང་སྲིད། དེས་ན། ཁོང་གི་བཀའ་དྲིན་མཚོན་ཆེད་དབྱངས་བཞིས་ཟླ་བ་བཞི་པ་དང་། གསལ་བྱེད་སུམ་ཅུས་ཚེས་སུམ་ཅུའི་དུས་ཚོད་ལྟ་བུ་འདམས་ན་རན་ཙམ་མེད་དམ་སྙམ་གྱི་འདུག དེ་མིན་ཁོང་གི་ཡིག་ཕུད་མ་ཎི་ཡིག་དྲུག་ལས་ཟླ་དྲུག་པ་དང་ཐོན་མི་མཛངས་མི་བཞི་པར་བགྲང་བ་རྩོད་མེད་ཡིན་ན་དྲུག་པ་ཚེས་བཞིར་དུས་ཆེན་དུ་འཇོག་ན་འཚམས་པ་ཡིན། དུས་ཆེན་གྱི་མིང་བཏགས་བདེ་བས་འདིར་མི་ཞུའོ།།
 སྤེལ་མཁན: འདམ་སྨྱུག་ཐོགས་ སྤེལ་དུས:2015/5/10
ངོ་མ་གཏམ་བཟང་ཞིག་རེད་ དོན་འདི་ལ་ཚན་པའམ་རྒྱལ་ཁབ་སོགས་ཀྱི་རྒྱབ་སྐྱོར་ཐོབ་ན་ན་ཅི་མ་རུང་
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
41560017
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  草原梦想15283703999    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
蜀ICP备13002975号-1