སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།
  ༄༅། །བཙན་པོའི་མགར་གྱི་དྲ་བས་ཁྱེད་ལ་དགའ་བསུ་ཞུ། དེ་རིང་ནི་སྤྱི་ལོ 2018 ལོའི་ཟླ 5 ཚེས 24 རེས་གཟའ་ཕུར་བུ་ཡིན། དྲ་གནས་ཉར་ཚགས།  གཙོ་ངོས་སུ་འགོད་པ། ནང་འཇུག འདི་ནས་ང་དང་གླེང་མོལ་བྱ།
གཙོ་ངོས།
ཆོས་ལུགས།
རྩོམ་རིག
ལོ་རྒྱུས།
རུས་རྒྱུད།
དམངས་སྲོལ།
སྒྱུ་རྩལ།
དཔལ་འབྱོར།
མི་སྣ།
སློབ་གསོ།
ཕྱོགས་སྟོན་་་་ གཙོ་ངོས།» མི་སྣ།» གྲགས་ཅན་མཁས་པའི་སྡེ། »སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ
སྐྱབས་རྗེ་ཨ་མཆོག་པཎྜི་ཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།
རྩོམ་སྒྲིག་པ།  ཁཱ་ཤེས་རབ་རྒྱ་མཚོ། སྤེལ་དུས། 2015/5/31ལྟ་ཀློག (12786)རྩོམ་ཁུངས: ངེད་དྲ་བ།པར་འདེབ།


       ༄༅། །ངེས་དོན་མཁས་བཙུན་བཟང་པོའི་བདག་ཉིད་ལུང་རྟོགས་བསྟན་པའི་གསལ་བྱེད།   སྐྱབས་རྗེ་མཁན་ཟུར་ཨ་མཆོག་རྡོ་རྗེ་འཆང་སྐུ་འཕྲེང་བཞི་བ་༧རྗེ་བཙུན་བློ་བཟང་ཐུབ་བསྟན་འཕྲིན་ལས་མཁྱེན་རབ་ཡེ་ཤེས་རྒྱ་མཚོ་དཔལ་བཟང་བོ་མཆོག་གི་ཞལ་སྔ་ནས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས། ཆ་ཤས་ལས་ཀྱང་ཕྲ་མོ་ཙམ་ཞིག་དད་གསུམ་མེ་ཏོག་གི་འདབ་མ་མངོན་པར་བཞད་པའི་རྟེན་དུ་བརྗོད་ན། བསིལ་ལྡན་ཀཻ་ལ་ཤ་ཡི་ཞིང་ཁམས་མདོ་སྨད་ས་ཡི་ཐིག་ལེ་རྒྱལ་མོ་ཚ་བ་རོང་གི་སའི་ཆར་ ༡༩༤༥ ལོར་ཅོག་ཙེའི་ཁྲོ་སྐྱབས་ཉ་ཚང་ཞེས་པའི་ཁྱིམ་དུ་མཚན་དཔེའི་མཛེས་སྐུ་པད་མ་དཀར་པོའི་ལྗོན་པ་དང་བོར་བཞད། འཁྲུངས་ཁྱིམ་གྱི་སྒོའི་ཐད་གར་བྲག་ངོས་སུ་རྡོ་དཀར་གྱི་ཨ་ཡིག་རང་བྱོན་བདུན་དོད་པ་སོགས་ངོ་མཚར་བའི་རྟགས་མཚན་མང་བོ་བྱུང་།  ཀུན་གཟིགས་པཎ་ཆེན་ཐམས་ཅན་མཁྱེན་པ་སྐུ་ཕྲེང་བཅུ་བ་ཆེན་པོ་༧རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མངོན་སུམ་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་མངོན་པར་གཟིགས་ཏེ། ལུང་བསྟན་བྱིན་གྱིས་བརླབས་པའི་དགེ་མཚན་དུ་མའི་རྟེན་འབྲེལ་གྱི་སྒོ་འཕར་ཡངས་བོར་ཕྱེས་ཏེ། སྐུ་ཕྲེང་གོང་མ་རིམ་བྱོན་གྱི་མཚན་སྙན་ཨ་ཀ་རུའི་དྲི་བསུང་འཐུལ་བའི་མཚན་གྱི་ཅོད་པན་གསོལ་ཞིང་། གདན་ས་ཆེན་པོ་འཇམ་དབྱངས་སྨྲ་བའི་སེང་གེའི་གླིང་གི་མི་འཇིགས་ཆོས་ཀྱི་ཁྲི་ལ་ཞབས་ཟུང་རྩིབས་སྟོང་འཁོར་ལོའི་རི་མོ་ཉེ་བར་འཁོད།

        ༡༩༥༧ ལོར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཕེབས། གསང་ཕུའི་ཆོས་གྲྭ་འཇང་དགུན་ཆོས་སོགས་སུ་རྩོད་གྲྭར་བྱོན་ནས། དམ་འཇོག་རིམ་པར་གནང་ཞིང་སྙན་པའི་གྲགས་པ་མཁའ་ལ་འཕུར།

        ༡༩༥༩ ལོར་དུས་འགྱུར་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། བྷག་ས་ཆོས་སྒར་དུ་བཀའ་པོད་ལྔ་ལ་སློབ་གཉེར་རྡོ་རུས་ཐུག་པ་གནང་། ཝཱར་ཎ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་ཕྱི་ནང་རིག་པའི་གནས་ལ་གསན་བསམ་རྒྱ་ཆེར་གནང་སྟེ། ཨཱ་ཙརྱ་ཨང་དང་བོའི་མཚན་གནས་བཞེས། ཡོངས་འཛིན་རྣམ་གཉིས་དང་། ༧སྐྱབས་རྗེ་ཟོང་རྡོ་རྗེ་འཆང་སོགས་ལས་མདོ་སྔགས་ཟབ་རྒྱས་ཀྱི་གདམས་པ་མང་དུ་གསན། 

       ༡༩༧༧ ལོར་དགེ་ལྡན་སྨོན་ལམ་ཆེན་མོའི་སྐབས།  དཔལ་ལྡན་འབྲས་དཀར་སྤུངས་པའི་ཚོགས་ཆེན་འདུ་ཁང་ཆེན་མོར། གདན་ས་གསུམ་གྱི་མཁས་མང་ལི་ཁྲིའི་ཆུ་གཏེར་མཁའ་རུ་ལུད་པ་ལྟ་བུའི་དབུས། རྒྱལ་མཚན་དཀར་པོའི་གུར་ཁང་འོག་ཏུ། དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས།

      ༡༩༨༧ ལོར་ཀུན་གཟིགས་པན་ཆེན་ཐམས་ཅན་མཁྱེན་པ་སྐུ་འཕྲེང་བཅུ་བ་ཆེན་པོའི་ཐུགས་བཞེད་ལྟར་པེ་ཅིན་གསེར་གྱི་གྲོང་ཁྱེར་དུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་ཕེབས་ནས་གདན་ས་ཆེ་ཕྲ་མང་པོའི་དགོན་བདག་བླ་སྤྲུལ་རྣམས་ཀྱི་ཐུགས་ཀྱི་ཞིང་ས་གཤིན་པོ་དམ་ཆོས་བདུད་རྩིའི་ཆར་གྱིས་བརླན་པར་མཛད།

      ༡༩༨༣ ལོར་ཡོ་རོབ་ཨོ་སུ་ཀྲི་རི་ཡིའི་རྒྱལ་ས་ལྭི་ཡ་ན་མཐོ་སློབ་ཏུ་ནང་ཆོས་དང་སྐད་ཡིག་དགེ་རྒན་གནང་།

      ༡༩༩༤ ལོར་ས་སྟེང་གི་བསྟན་པ་ཡོངས་ཀྱི་མངའ་བདག་གོང་ས་ལྷ་མའི་རྣམ་འདྲེན་འཕགས་མཆོག་ཕྱག་ན་པད་དཀར་འཆང་བ། སྐྱབས་མགོན་ཐམས་ཅན་མཁྱེན་པས་བཀའ་གསུང་དང་ཕྱག་ཐམ་རིན་པོ་ཆེའི་མེ་ཏོག་མཎ་དྷ་རའི་འཕྲེང་བ་སྤྱི་བོའི་རྒྱན་དུ་ཕེབས་ཏེ། དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས། །མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་བ། །  ཞེས་གང་གསུངས་ལྟར། དགེ་ལྡན་བསྟན་པའི་འབྱུང་གནས་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་མཁན་ཁྲིར་ཕེབས་ནས། འཆད་ཉན་དར་སྤེལ་དང་། ཕྱག་བཞེས་ཉམས་གསོ།  སྒྲིག་ལམ་དག་ཐེར་སོགས་གྲྭ་ཚང་ཡོངས་ལ་ཉེས་སྤྱོད་ལས་ལྡོག་པའི་བསླབ་བྱ་གནད་ལ་སྨིན་པ་མང་དུ་གནང་པས་ཕན་འབྲས་ལོ་ཏོག་གི་སྙེ་མ་གཡུལ་ཏུ་ཟ་བར་གྱུར།  

      ༢༠༠༠ ལོ་ནས་བཟུང་སྤྱི་ནོར་གོང་ས་ཆེན་པོའི་ཐུགས་བཞེད་ལྟར་གདན་ས་གསུམ་གྱིས་གཙོས་ས་དགེ་བཀའ་རྙིང་། གཡུང་དྲུང་བོན་དང་བཅས་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་སློབ་གཉེར་བ་གཞུང་ལུགས་ལ་སྦྱངས་མཐར་སོན་པ་རྣམས་དང་། གོ་ལའི་ཁྱོན་འདིར་ཚན་རིག་གི་ཡང་རྩེར་སོན་པའི་ནུབ་ཕྱོགས་ཚན་རིག་པ་རྩེ་གྲས་གྲགས་ཅན་ཁག་སོགས་ཆོས་ཚན་གྱི་ལྟ་བའི་ཐོག་གི་བགྲོ་གླེང་དང་། ཆོས་ཚན་དང་འབྲེལ་བའི་སྦྱངས་བཤད་ལེགས་སྦྱར། ཆོས་ཚན་སྦྱོང་བརྡར་སོགས་ཀྱི་ཐུགས་འགན་གཙོ་བོ་བཞེས། དྲིས་ལན་<<ཉི་མའི་འོད་སྣང་>> <<ཆོས་ཚན་དབར་གྱི་གསེར་ཟམ་>> <<ཚད་མ་དང་ཚན་རིག་བར་གྱི་གཞི་འགྲིག>>སོགས་ཆོས་ཚན་དང་འབྲེལ་བའི་ལྗགས་རྩོམ་མང་དུ་གནང་བས། ཆོས་ཚན་ཟུང་འབྲེལ་གྱི་ཤིང་རྟ་བ་ཆེན་པོ་ཞེས་པའི་མཚན་སྙན་གྱི་གྲགས་པ་འཕགས་བོད་ཀུན་ཏུ་ཁྱབ། གཞན་ཡང་ཆེས་རིན་ཐང་བྲལ་བའི་མཛད་རྣམ་ཞིག་ནི་རྗེ་ཉིད་ཀྱི་ཞལ་ནས། བྱ་རྒོད་ཕུང་བོའི་རི་བོའི་རྩེ་མོ་ནས། ཤཱཀྱའི་རྒྱལ་བོའི་ཞལ་གདམས་ཕྱག་རྒྱ་མ། ཞེས་སོགས་གསུངས་པ་ལྟར། སྟོན་པ་ཤཱཀྱའི་རྒྱལ་བོ་དགྱེས་པའི་མཆོད་སྤྲིན། འཛམ་གླིང་རྒྱན་དྲུག་མཆོག་གཉིས་བཞུད་པའི་ཤུལ་ལམ། འཇམ་མགོན་བླ་མ་བློ་བཟང་གྲགས་པའི་བཞེད་དགོངས།  མདོ་རྒྱན་མ་བུ་སྦྱོར་པའི་གཞུང་ཆེན་<<འཕགས་བོད་མཁས་པའི་གཞུང་ལམ་>>གྱི་དཀའ་བའི་གནད་དང་ཟབ་པའི་གནས་མཐའ་དག་ལ་ཁོང་བཀའ་དྲིན་ཅན་གྱི་རྣམ་དཔྱོད་ཀྱི་འཕེལ་ཁ་ལས་མཆེད་པའི་ཟབ་བརླིང་གསུང་གི་མན་ངག་རེ་རེས་ཐེ་ཚོམ་དང་འཆང་བའི་དྲ་རྒྱ་ལས་གྲོལ་བར་མཛད་པ་དང་། དོན་ལ་འབབས་ཀྱང་གནད་ལ་སྨིན་པའི་གཞུང་འདིའི་གླེང་བརྗོད། ཚིག་སྦྱོར་སྙན་ཀྱང་ཚིག་ཚོགས་ཉུང་བ། དོན་གྱི་གནད་ལ་རེག་ཀྱང་གསལ་ཁ་ཐོན་པ་སོགས་ཚད་ལྡན་མཁས་པའི་གཞུང་གི་ཁྱད་ཆོས་མངོན་གསལ་ཐོན་པའི་ <<སྡོམ་ཚིག་གསེར་གྱི་ཕྲེང་བའི་འཕྲེང་ཐག་>>སོགས་ཀྱིས་མཚོན་བཀའ་རྩོམ་རིགས་པའི་གཏེར་མཛོད་དེབ་འཕྲེང་བདུན་སོགས་རིམ་པར་བྱུང་དང་འབྱུང་བཞིན་པ་འདི་དག་གིས་མཚོན་མདོར་ན། འཆད་རྩོད་རྩོམ་གསུམ་གྱི་བྱ་བས་དུས་འདའ་བར་མཛད་པ་སོགས་བསྟན་འཛིན་དམ་པའི་རྣམ་ཐར་གཙང་མ་བདག་གིར་བཞེས་ཏེ། དད་ལྡན་འགྲོ་བ་ཡོངས་ཀྱི་དེད་དཔོན་མཆོག་ཏུ་འཚོ་གཞེས་གནང་པ་འདི་བཞིན་ལགས་སོ། །



དྲྭ་ཚིགས་གཙོ་སྐྱོང་བ། ཁཱ་ཤེས་རབ་རྒྱ་མཚོ། རྩོམ་སྒྲིག་པ། མགར་ཨ་སངས། མགར་ཚེ་རིང་བཀྲ་ཤིས།
འདྲེན་བཀོལ:

  དཔྱད་གཏམ ( 5 )ཡོད།
དཔྱད་གཏམ་སྤེལ་ས།
སྤེལ་མཁན།
བཤེར་གྲངས།
yvn2 བཤེར་གྲངས་ཁ་སྐོང་བྱོས། ཡིག་འབྲི་བཞི་ལས་མང་མི་རུང་། ཡིག་འབྲི་བཞི་ལས་ཉུང་མི་རུང་།
ནང་དོན་བྲི་རོགས། ཡིག་འབྲི་གསུམ་ལས་ཉུང་བ་སྤེལ་མི་རུང་། ཡིག་འབྲི་སུམ་སྟོང་ལས་མང་བ་སྤེལ་མི་རུང་།
ནང་དོན་ཡིག་འབྲི་སུམ་སྟོང་ལས་བརྒལ་མི་རུང་། བྲིས་ཟིན་ཡིག་འབྲི།    
 སྤེལ་མཁན: བོད་ཀྱི་རྣ། སྤེལ་དུས:2017/4/20
བོད་པ་ཚང་ལ་གནའ་དེང་ཟུང་གི་མཁས་དབང་འདི་འདྲ་དཀོན་པོ་རེད་པས་སྐུ་ཚེ་རྒྱལ་མཚན་བརྟན་སྨོན།
 སྤེལ་མཁན: པ་སངས་སྒྲོན། སྤེལ་དུས:2016/6/3
ཆོས་ཚན་ཟུང་གི་རིག་པའི་དབང་ཕྱུག་ཁོང་ལྟ་བུ་བོད་པ་ཚང་ལ་དཀོན་པོ་རེད་པས་སྐུ་ཚེ་རྒྱལ་མཚན་བརྟན།
 སྤེལ་མཁན: སྤྲོ་ཚིགས་ཤེས་རབ། སྤེལ་དུས:2015/7/5
ཁོང་སྐུ་ཚེ་བརྟན་པར་སྨོན།
 སྤེལ་མཁན: ལི་ཐང་བ། སྤེལ་དུས:2015/6/1
ཁོང་དང་ཁོང་ལྟ་བུའི་སྐྱེས་ཆེན་རྣམ་གྱི་སྐུ་ཚེ་བརྟན་གྱུར་ཅིག
 སྤེལ་མཁན: དངོས་གྲུབ་དཔལ། སྤེལ་དུས:2015/5/31
༡༩༤༥་ལ་སྐུ་འཁྲུངས་ནས་༡༩༤༧ལ་དབུས་གཙང་གྲྭ་སྐོར་སོང་བ་བྲིས་པ་ལྟར་ལོ་གཉིས་ཀྱི་སྟེང་ལ་གྲྭ་སྐོར་སོང་བར་འགྱུར་བས་ཅུང་ཐེ་ཚོམ།
 ལན།   སྤེལ་དུས: 2015/6/8
 ༡༩༤༥་ལ་སྐུ་འཁྲུངས་ནས་༡༩༥༧ལ་དབུས་གཙང་དུ་བྱོན་པ་རེད་ལགས།
  པར་ངོས 1/1 པར་ཡོད།
ལྟ་ཀློག་གྲངས་ཀ
11457930
དྲ་ཚིགས་བཟོ་སྐྲུན།
 
འབྲེལ་གཏུག་བྱ་ཡུལ།   ཁ་པར།  15283703999 13909418876 QQ:516617821    E-mail:tbmgar@163.com
པར་དབང་བཙན་པོའི་མགར་གྱི་དྲ་བ་ལས་གཞན་ལ་མེད།
网站备案号:蜀ICP备13002975号